དོལ་སྨྱོན།
སྤྲིན་པ་རླུང་གིས་ཁུར་སོང་།།
ལོ་མ་ས་ལ་ཟག་སོང་།།
སེམས་ཀྱི་བྱིའུ་ཆུང་འཇོལ་མོ།།
ཐག་རིང་རྒྱང་ལ་ཆས་སོང་།།
བཟུང་བས་འཛིན་རྒྱུ་མེད་པ།།
གཙང་ཆབ་ནང་གི་ཟླ་གཟུགས།།
ཞེ་ནས་དྭངས་ཐབས་མེད་པ།།
སྙིང་སྡུག་དྲན་པའི་ཟུག་རྔུ་།།
ན་ཟུག་སེམས་ལ་བརྐོས་ཡོད།།
གདུང་བ་ཞེ་ལ་བསྐྱིལ་ཡོད།།
དྲན་པའི་དབུགས་རྒྱུན་རིང་མོ།།
བསིལ་བུའི་རླུང་ལ་བསྐུར་ཡོད།།
རྒྱང་བཞུད་ཁྲུང་ཁྲུང་དཀར་མོའི།།
གཤོག་རླབས་མིག་ལ་མཛེས་སོང་།།
ནུབ་མཁའི་མཚམས་སྤྲིན་དམར་པོའི།།
འོད་མདངས་སེམས་ལ་ཞིམ་སོང་།།
ལ་མོའི་རྒྱབ་ཀྱི་ཞལ་རས།།
དྲན་ནས་བཟོད་ཐབས་མི་འདུག།
གདུང་བའི་ཉིན་ཞག་འདི་ཚོར།།
སེམས་ནས་འཁང་ར་ལང་གི།།
རླུང་གིས་བསྐྱོད་པའི་སྟོན་ལོ།།
ཁེར་རྐྱང་སེམས་ཀྱི་སྐྱོ་རོགས།།
སྙན་ངག་རྒུན་ཆང་མངར་མོ།།
དམར་ཆུང་སེམས་ཀྱི་དགའ་རོགས།།
ཁྱོད་དང་ང་གཉིས་བར་ལ།།
ལ་ལུང་མང་པོས་ཆོད་ཀྱང་།།
བརྩེ་སེམས་ཡིད་ཀྱི་མདུད་པ།།
མ་བརྗེད་དམ་དུ་བཅིངས་ཡོད།།
2,1.2014