ཧོར་གཙང་འཇིགས་མེད།
སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ (བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་(དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ་ཤོག་ངོས་༤༠༡)ཀྱིས། སྨྲེང་བ་ཞེས་པའི་ཡི་གེ་འདིར་གོ་དོན་གཉིས་བཤད་འདུག་པ་ནི། སྨྲེང་ཚིག་ནི་གསང་ཚིག་དང་སྨྲ་བ་ཙམ་ལའང་། སྨྲེང་བ་ནི་སྨྲ་བ། ཞེས་བྲིས་འདུག མཁས་པ་འདི་བས་སྨྲེང་ཚིག་དང་སྨྲེང་བ་གཉིས་ལ་དབྱེ་བ་ཕྱེ་སྟེ། སྨྲེང་བའི་ཚིག་གམ་སྨྲེང་ཚིག་ལ་གོ་དོན་གཉིས་བཀྲལ་ཏེ། གསང་ཚིག་གམ་ཡང་ན་གསང་ཚིག་མ་ཡིན་པའི་སྤྱིར་བཏང་གི་སྨྲ་བའམ་སྐད་ཆ་བཤད་པ་ཙམ་ལ་འགྲེལ་འདུག་པ་དང་། དེའི་མཇུག་ཏུ་ཡང་བསྐྱར་སྨྲེང་བ་ནི་སྨྲ་བའམ་བཤད་པའི་བརྡ་རྙིང་དུ་འགྲེལ་བཤད་མཛད་འདུག
དག་ཡིག་གསར་བསྒྲིགས་སུ་(ཤོག་ལྷེ་༦༡༠)འདི་ལ་གོ་དོན་མི་འདྲ་བ་གསུམ་བཤད་པ་ལས།
༡། ཡུལ་སྐད་ལ་ལར་སྐྱོ་བའི་དོན་ཏེ། ཞེ་སྨྲེང་། ཞེ་སྐྱོ། སེམས་སྨྲེང་། སེམས་སྐྱོ་བ་ལྟ་བུ། སྨྲེང་གླུ་ནི་སྐྱོ་གླུའི་མིང་།
༢། གསང་བའི་བརྡ་རྙིང་།
༣། བཤད་པའི་བརྡ་རྙིང་། འདི་འདྲ་ཞིག་བྲིས་འདུག དག་ཡིག་གསར་བསྒྲིགས་མཛད་པ་བོས་སྨྲེང་བ་ཞེས་པའི་ཡི་གེ་འདིའི་གོ་དོན་གསུམ་བཤད་པའི་ཕྱི་མ་གཉིས་ནི་བརྡ་གསར་རྙིང་གི་རྣམ་བཞག་ལི་ཤིའི་གུར་ཁང་ལ་བསྟུན་པ་ཤེས་ཐུབ་ཀྱང་། ཅུང་ཟད་མི་འདྲ་ས་ཞིག་ཡོད་པ་ནི། སྨྲེང་ཚིག་དང་སྨྲེང་བ་གཉིས་ལ་དབྱེ་བ་ཕྱེ་མེད་པ་དེ་ཡིན། འདི་བས་སྨྲེང་ཡིག་གི་གོ་དོན་དང་བོར་ཡུལ་སྐད་ལ་ལར་སེམས་སྐྱོ་བའི་དོན་ཡིན་པར་གསུངས་པའི་ཡུལ་སྐད་ལ་ལ་ཞེས་པ་དེ་གང་ལ་ངོས་འཛིན་བྱེད་དགོས་པ་མི་གསལ་ཡང་། འདི་བ་མདོ་སྨད་མཚོ་སྔོན་གྱི་མི་ཡིན་པས། མཚོ་སྔོན་ཕྱོགས་སུ་དར་ཁྱབ་ཧ་ཅང་ཆེ་བའི་ལ་གཞས་དང་སྐྱོ་གླུ། དེ་བཞིན་སྙན་ངག་མང་བོ་ཞིག་ཏུ་ཡི་གེ་འདི་ཉིད་བེད་སྤྱོད་གཏོང་གིན་ཡོད་པ་ལ་གཞིགས་ཏེ། ཁོང་གིས་གསུངས་པའི་ཡུལ་སྐད་ལ་ལ་ཞེས་པ་དེ་མདོ་སྨད་བྱང་རྒྱུད་ཀྱི་ཡུལ་སྐད་ལ་གོ་དགོས་པ་ཡིན་ནམ་སྙམ།
བོད་རྒྱ་ཚིག་མཛོད་ཆེན་མོར་(སྨད་ཆ་ཤོང་ལྷེ་༢༡༨༡) ཡང་། ༡། སྨྲེང་བ། (རྙིང་) སྨྲ་བ། ༢། སྨྲེག་ཚིག (རྙིང་) གསང་བའི་ཚིག འདི་འདྲ་ཞིག་བྲིས་འདུག་པ་སྐྱོགས་ལོའི་བརྡ་གསར་རྙིང་གི་རྣམ་བཞག་དང་བསྟུན་པ་ཤེས་ཐུབ།
མཁས་དབང་ཚེ་ཏན་ཞབས་དྲུང་(བོད་གངས་ཅན་གྱི་གཙུག་ལག་གསལ་བར་བྱེད་པའི་མིང་དང་བརྡའི་བསྟན་བཅོས་ཐོན་མིའི་དགོངས་རྒྱན། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ་གླེགས་བམ་ལྔ་བ་ཤོག་ངོས་༢༦༥) མཆོག་གིས། སྨྲེང་བ། སྨྲ་བའི་བརྡ། སྨྲེང་ཚིག གསང་ཚིག་གི་བརྡ། ཞེས་གསུངས་ཡོད་ཅིང་། འདི་ཡང་སྐྱོགས་ལོའི་དགོངས་པ་ཇི་བཞིན་ཡིན་པ་གསལ་བོ་ཡིན། འོན་ཀྱང་འདི་བས་བརྡ་དང་ཐ་སྙད་སྨྲ་བ་གཞན་པ་ཚོ་དང་ཆེས་མི་འདྲ་བ་ཞིག་གསུངས་འདུག་པ་ནི། སྨྲེ་བ། སྨྲ་བའི་བརྡ། ཞེས་གསུངས་འདུག་པ་འདི་ཡིན། འདི་བའི་བཞེད་པ་ལྟར་ན། སྨྲེ་བ་ནི་བཤད་པ་ཙམ་ལ་གོ་དགོས་པ་དང་། སྨྲེ་ངག་ཅེས་བརྗོད་ཚེ་གཞི་ནས་སྐྱོ་བའི་ངག་ཏུ་འགྱུར་དགོས་པ་ལྟ་བུའི་ཉམས་ཞིག་འདུག་ཀྱང་། ཐ་སྙད་ལ་མཁས་པར་གྲགས་པ་ཕལ་མོ་ཆེས་སྨྲེ་ཡིག་འདི་སྐྱོ་ངག་སྟོན་པའི་ཐ་སྙད་ཅིག་ལ་འགྲེལ་གྱིན་ཡོད་པ་གཅིག་མཚུངས་ལྟ་བུར་སྣང་བས་དཔྱད།
གང་ལྟར་གོང་དུ་བཀོད་པ་དེ་དག་ནི་བོད་ཀྱི་བརྡ་དང་ཐ་སྙད་དང་འབྲེལ་བ་ཡོད་པའི་ཡིག་ཆ་གལ་ཆེན་ཁག་ཅིག་ཏུ་ཇི་ལྟར་འགྲེལ་བའི་དཔེ་མཚོན་ཡིན་ལ། ཐ་སྙད་འདིའི་དོན་དུ་ཡིག་ཆ་མང་བོ་ལ་གཞི་རྒྱ་ཆེ་བའི་ཞིབ་འཇུག་བྱེད་པའི་ཁོམ་ལོངས་མ་བྱུང་ཞིང་། དེང་དུས་སྐད་གྲགས་གང་འཚམ་ཡོད་པའི་དུང་དཀར་ཚིག་མཛོད་ཆེན་མོར་ཐ་སྙད་འདི་ཚུད་མི་འདུག
བདག་རང་ཉིད་ལ་ཐོས་པ་ཉུངས་པའི་སྐྱོན་གྱིས་ད་སྔ་སྨྲེང་བའི་མཚན་ཉིད་བཞག་པ་ཞིག་མ་མཐོང་ཡང་། ཐ་སྙད་དེའི་སྤྱོད་སྒོ་ལ་རྒྱ་ཆེ་ས་ནས་བལྟས་ན། དགའ་སྐྱོ་ཆགས་སྡང་གི་ཤུགས་རྒྱས་པའི་གནས་སྐབས་ཀྱི་སེམས་འགྱུ་ལྟ་བུ་ཞིག་བཞག་ན་འགྲིག་པ་འདྲ།
སྨྲེང་བ་ཞེས་པའི་ཡི་གེ་འདི་ཕལ་ཆེར་གཞུང་བཀའ་པོད་ལྔའི་ནང་ཚུད་ཡོད་མེད་ལ་ཐེ་ཚོམ་འདུག་ཅིང་། འདུལ་བ་ལུང་སྡེ་བཞི་སོགས་སུ་ཚུད་ཡོད་མེད་ལ་བལྟ་རྒྱུ་མ་ལྕོགས། ད་སྔ་མཐོང་བའི་ལོ་རྒྱུས་དང་ཆོས་འབྱུང་གི་ཡིག་ཆ་ཁག་ཏུ་ཚུད་ཡོད་མེད་ཀྱང་དྲན་ངོ་ན་མི་འདུག
ཚིག་མཛོད་ཁག་གི་འགྲེལ་སྟངས་ལ་གཞིགས་ན་ཐ་སྙད་འདི་དེ་ཙམ་རྒྱུགས་མི་ཆེ་བའི་བརྡ་རྙིང་ཞིག་ཏུ་ངོས་གནང་གིན་ཡོད་པ་མཐོང་ཡང་། སྙན་ངག་པ་ཚོར་བེད་སྤྱོད་ཆེ་བའི་ཐ་སྙད་ཅིག་ཡིན་ལ། ནང་སྒོས་སུ་མདོ་སྨད་ཕྱོགས་སུ་འཚར་ལོངས་བྱུང་བའི་སྙན་ངག་པ་ཚོས་ཐ་སྙད་འདི་བེད་སྤྱོད་བཏང་བ་མང་།
ཡི་གེ་དང་འབྲེལ་བའི་ལས་ཀ་བྱེད་མཁན་ཞིག་ལ་མཚོན་ན་དུས་རྒྱུན་དུ་དོ་སྣང་བྱེད་ས་གཅིག་ནི་ཡི་གེ་ཡིན་ལ། ཡི་གེ་འབྲི་སྐབས་སྤྱོད་འོས་པའི་ཐ་སྙད་ཚད་ལྡན་མ་རག་པའི་དཀའ་ངལ་ཡང་ཡང་འཕྲད་ཀྱིན་འདུག འོན་ཀྱང་ཞིང་འབྲོག་མི་དམངས་ཀྱི་ནང་དུ་འཚར་ལོངས་བྱུང་མཁན་ཞིག་ཡིན་ཕྱིན། ཕྱིས་སུ་བསྒྲིགས་པའི་ཚིག་མཛོད་ཁག་དང་། དགེ་འདུན་པ་རྣམས་ཀྱི་སྒེར་ཆོས་ལྟ་བུར་གྱུར་པའི་ནང་བའི་གསུང་རབ་ཀྱི་གཞུང་དུ་ཐེབས་མིན་ལ་མ་ལྟོས་པར། ཞིང་འབྲོག་མི་དམངས་ཀྱི་འཚོ་བ་དངོས་ཀྱི་སྐད་ཆའི་ཁྲོད་མིང་དང་ཚིག་ཡ་མཚན་པ་མང་བོ་རྙེད་དུ་ཡོད་པ་ཡིན་ལ། ང་ཚོའི་ཐ་སྙད་ཀྱི་རྒྱ་མཚོ་དངོས་ནི་ཞིང་འབྲོག་མི་དམངས་ཀྱི་སྐད་ཆ་ཡིན། བོད་མི་དམངས་ཀྱི་སྐད་བརྡ་རྨང་གཞི་ལ་བཞག་ནས་གསུང་རབ་ཀྱི་ཐ་སྙད་གཏན་འབེབས་མཛད་པ་ལས། གལ་སྲིད་མི་དམངས་ཀྱི་ཁ་སྐད་དང་ཁ་གྱེས་པའི་སྐད་བརྡ་རྨང་གཞི་ལ་བཞག་པ་ཡིན་ན། རྒྱལ་བའི་གསུང་རབ་ཁག་གི་དགོངས་དོན་བོད་མིའི་སྤྱི་ཚོགས་སུ་ཁྱབ་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན།
ཐོག་མར་རྒྱལ་བའི་གསུང་རབ་བོད་སྐད་དུ་བསྒྱུར་སྐབས། བརྡ་ཆད་མང་ཙམ་ཆེད་དུ་གསར་བཟོ་གནང་བ་ལས་གཞན་ཐ་སྙད་ཕལ་ཆེ་བ་བོད་ཞིང་འབྲོག་མི་དམངས་ཀྱིས་ཉིན་རེ་འཚོ་བའི་ནང་སྤྱོད་བཞིན་པའི་སྐད་ཆ་རང་ཡིན། འོན་ཀྱང་ལོ་ངོ་ཆིག་སྟོང་ལྷག་གི་རིང་ལ་ཞིང་འབྲོག་མི་དམངས་ཀྱིས་ཡི་གེ་སྦྱོང་བའི་གོ་སྐབས་མ་རག་སྟབས། མི་དམངས་དཀྱུས་མའི་སྐད་ཆ་དང་གསུང་རབ་ཀྱི་ཐ་སྙད་གཉིས་མཉམ་འདྲེས་སུ་གྱུར་མ་ཐུབ་པར། གསུང་རབ་ཀྱི་ཐ་སྙད་ཁག་དགེ་འདུན་པ་ཚོ་སྒེར་གྱི་ཐ་སྙད་ལྟ་བུ་ཆགས་ཞིང་། དགེ་འདུན་པ་ཚོ་གསུང་རབ་ཀྱི་ཐ་སྙད་གཅིག་པུའི་ནང་ཐིམ་སྟེ། མི་དམངས་སྤྱི་བྱིངས་ཀྱི་སྐད་ཆ་ལ་ཕལ་དམ་ཡུལ་སྐད་དུ་བལྟས་ཏེ། ཐ་སྙད་ཀྱི་ཁོར་ཡུག་མི་འདྲ་བ་དེ་གཉིས་ཁ་གྱེས་ཏེ། དེ་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་ཕྱིན་ཡོད། དེར་བརྟེན་ནང་བའི་གཞུང་ལུགས་སྨྲ་བ་མང་ཤོས་ཀྱིས་མང་ཚོགས་དཀྱུས་མའི་ཁྲོད་ཡོད་པའི་ཐ་སྙད་མང་བོ་ཞིག་མཐོང་ཐོས་ཀྱི་ཡུལ་དུ་འགྱུར་གྱིན་མེད་ཅིང་། དེ་མ་བྱུང་བ་ལ་བརྟེན་ནས་ད་ལྟ་མི་དམངས་དཀྱུས་མས་གོ་དཀའ་ཞིང་དོན་དངོས་དང་མི་མཐུན་པའམ། ཡང་ན་བོད་རང་གི་སྐད་གཤིས་མི་ལྡན་པའི་ཐ་སྙད་བཙན་བཟོ་བྱས་པའི་ནོར་འཁྲུལ་ཁག་ཅིག་བོད་ཕྱི་ནང་གཉིས་སུ་ཇེ་མང་དུ་འགྲོ་བཞིན་འདུག
ལྷག་པར་དུ་འདས་པའི་ལོ་ངོ་ཧ་ཅང་མང་བོའི་རིང་བོད་ལ་གཞུང་ལམ་དང་ཟམ་པ་སོགས་འཛུགས་སྐྲུན་ཡར་རྒྱས་སུ་གཏོང་མ་ཐུབ་པས་འགྲིམས་འགྲུལ་སྟབས་བདེ་མེད་པའི་དབང་གིས། བོད་ཡུལ་སྟོད་སྨད་བར་གསུམ་གྱི་མི་རྣམས་ཕན་ཚུན་བར་འགྲུལ་བཞུད་བྱེད་རྒྱུ་ཧ་ཅང་ཉུངས་ཤིང་། མི་ཕལ་ཆེར་རང་ཉིད་སྐྱེས་སའི་ཡུལ་ལུང་དེ་ཉིད་དུ་རྒས་ནས་འཆི་བཞིན་ཡོད་སྟབས། དབུས་ཁུལ་དུ་བསྟན་པ་སྔ་དར་དང་ཕྱི་དར་གྱི་མགོ་སྟོད་དུ་གཏན་འབེབས་བྱས་པའི་སྐད་གསར་བཅད་ཀྱི་ཐ་སྙད་དེ་དག་བོད་སྐད་བཤད་པའི་ཡུལ་ཁམས་ཚང་མ་ལ་ཁྱབ་མ་ཐུབ་ཅིང་། མདོ་ཁམས་དང་མངའ་རིས་ལ་དྭགས་སོགས་ཕྱོགས་མཐའི་མི་དམངས་ཀྱི་སྐད་ཆའི་ཁྲོད་སྔར་གྱི་བརྡ་རྙིང་མང་བོ་ཞིག་ལྷག་ལུས་བྱུང་ནས་ཡོད་ཅིང་། དབུས་ཁུལ་དུ་གདོད་མའི་མིང་ཚིག་ཐ་སྙད་མང་བོ་ཞིག་གཏན་ཡལ་ལྟ་བུར་གྱུར་ཏེ། བོད་ཀྱི་ཡུལ་ལུང་སོ་སོའི་བར་ཐ་སྙད་བེད་སྤྱོད་གཏོང་སྟངས་ལ་ཧེ་བག་ཧ་ཅང་ཆེན་པོ་ཞིག་ཤོར་ཡོད།
མདོ་ཁམས་སོགས་ཕྱོགས་མཐའི་སློབ་གཉེར་བ་གང་འཚམ་ཞིག་ཡུལ་དབུས་སུ་ཕེབས་ཏེ་དབུས་ཀྱི་གདན་ས་ཁག་གི་གསུང་རབ་ཀྱི་བརྡ་ཆད་ཁག་དུས་རབས་རེ་རེ་བཞིན་གསར་སྣོན་སློབ་སྦྱོང་བྱེད་ཐུབ་ཀྱིན་ཡོད་རུང་། སློབ་གཉེར་བ་ཁོང་ཚོ་ཕྱིར་རང་ཡུལ་དུ་ཕེབས་ནས་མུ་མཐུད་དགོན་པ་གཅིག་པུའི་ནང་བཞུགས་ཀྱིན་ཡོད་སྟབས། མདོ་ཁམས་ཀྱི་དགོན་སྡེ་ཁག་གི་གསུང་རབ་ཀྱི་སྐད་བརྡ་དུས་ནས་དུས་སུ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་ལས། ཞིང་འབྲོག་མི་དམངས་ཀྱི་བརྡ་དང་ཐ་སྙད་ལ་ཤུགས་རྐྱེན་དང་ཡར་རྒྱས་ཀྱི་རྣམ་པ་གང་ཡང་ཐོན་ཐུབ་ཀྱིན་མེད།
ང་ཚོས་རང་གི་ཉམས་མྱོང་གི་ཐོག་ནས་བལྟས་ན། གཞུང་བཀའ་པོད་ལྔའི་ནང་དུ་མིང་དང་ཚིག་གི་ཚོགས་ཧ་ཅང་མང་བོ་མེད་ཅིང་། འདུལ་བའི་བྱུང་རབས་ལས་གཞན་པའི་གཞུང་ཆེན་ཁག་གི་ཚིག་ཚོགས་ཕལ་ཆེར་འདྲ་མཚུངས་ལྟ་བུ་ཡིན་ལ། གལ་སྲིད་གསུང་རབ་ཀྱི་ཁྲོིད་དུ་ཡོད་པའི་བོད་སྐད་ཀྱི་བརྡ་རྙིང་དང་ཚིག་ཚོགས་མི་འདྲ་བ་འཚོལ་དགོས་ན། འདུལ་བ་ལུང་སྡེ་བཞི་ལས་ལྷག་ཡོད་མི་སྲིད་དེ། དེའི་རྒྱུ་མཚན་ལུང་སྡེ་བཞི་ནི་གཞུང་ལུགས་ཤས་ཆུང་ཞིང་། གཏམ་རྒྱུད་ཤས་ཆེ་བ་ཡིན་སྟབས་མིང་དང་ཚིག་མི་འདྲ་མང་བོ་ཞིག་མེད་ཐབས་མེད་པ་ཡིན། ཡིག་རིགས་གང་ཞིག་ཡིན་ཀྱང་གཏམ་རྒྱུད་བཤད་པ་ལ་ཐ་སྙད་ཧ་ཅང་སྣེ་འཛོམས་དགོས་པ་ཡིན་ལ། ཐ་སྙད་འཛོམས་པོ་མེད་ན་གཏམ་རྒྱུད་བཤད་མི་ཐུབ་ཅིང་། ལྷག་པར་དུ་གཏམ་རྒྱུད་སྙན་པོ་དང་། མི་སེམས་འགུག་པའི་གཏམ་རྒྱུད་དེ་བས་ཀྱང་བཤད་མི་ཐུབ་པའི་སྟབས་ཀྱིས་ཡིན། གང་ལྟར་ཞར་འཕྲོས་ཀྱི་སྐད་ཆ་འདི་དག་ནི་ནམ་རྒྱུན་ནས་བརྡ་དང་ཐ་སྙད་སོགས་སྐད་ཡིག་གི་སྐོར་ལ་འཆར་བཞིན་པའི་བསམ་ཚུལ་ཁག་ཅིག་ཡིན།
སྨྲེང་བ་ཞེས་པའི་ཡི་གེ་འདི་འཇིག་རྟེན་གྱི་ཕོ་མོ་མཐུན་སྦྱོར་གྱི་སེམས་ཁམས་མཚོན་བྱེད་དུ་བེད་སྤྱོད་བཏང་བ་ཧ་ཅང་མང་། དཔེར་ན། ཨ་མདོའི་ལ་གཞས་ཀྱི་ནང་དུ།
བྱ་ཁུ་བྱུག་སྙིང་ལ་རྗེ་བོ།།
ཁྱོད་རི་གསུམ་རྩེ་ནས་གྲག་ན།།
ང་ལུང་གསུམ་མདོ་རུ་སྨྲེང་གི།
ངའི་སྨྲེང་བ་ཤིང་ལ་བཀུག་ན།། (བཀུག་ཅེས་སྐབས་འདི་ཆ་བཞག་པའི་དོན་ཡིན།)
ཤིང་ལོ་མར་མདུད་པ་ཕོག་གི།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཁྱོད་སྡེ་གསུམ་དཀྱིལ་ནས་མཐོང་ན།།
ང་སྡེ་ལུང་མཐའ་ནས་སྨྲེང་གི།
ངའི་སྨྲེང་བ་སེམས་ལ་བཀུག་ན།།
ཤ་མཆིན་པར་གཏིང་འོག་བརྗེ་གི། ལྟ་བུ་ཡིན་ལ། འདི་ནང་སེམས་ཀྱི་སྐྱོ་བ་དང་དྲན་པ་མཚོན་པར་བྱེད་པའི་གཞས་ཚིག་ཅིག་ཡིན་ཀྱང་། འདིའི་སྐབས་ཀྱི་སེམས་ཚོར་དེ་སྨྲེང་བ་(emotion)ཡིན་པ་ཤེས་སླ།
རྗེ་ཙོང་ཁ་བ་ཆེན་པོའི་དངོས་སློབ་རྒྱལ་དབང་སྐུ་ཕྲེང་དང་བོ་དགེ་འདུན་གྲུབ་པས་ཁོང་གི་བླ་མ་རྗེ་བཙུན་བློ་བཟང་གྲགས་པ་དྲན་པའི་གསུང་མགུར་གྲགས་ཆེན་ཤར་གངས་མར་འབོད་པ་ལས།
ཤར་གངས་རི་དཀར་པོའི་རྩེ་མོ་ན།།
སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ།།
སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན།།
འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར།།
མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ།།
ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས།། ཞེས་གསུངས་འདུག་པ་འདི་རྩོམ་སྐབས་ཀྱི་བླ་མ་དྲན་པའི་ཚོར་འདུ་ཤུགས་དྲག་པོ་རྒྱས་པའི་སེམས་ཁམས་དེ་སྨྲེང་བ་ཨེམ་མོ་ཤོན་(emotion) ཡིན་པ་གསལ་བོར་རྟོགས་ཐུབ་ཅིང་། ད་དུང་འདི་དང་འདི་ལྟ་བུའི་རྩོམ་ཉམས་ལྡན་པའི་སྙན་རྩོམ་དང་མགུར་མ་མང་བོ་རྙེད་དུ་ཡོད་པ་ཡིན།
ང་ཚོས་བསམ་གཞིགས་གཏིང་ཟབ་པོ་གཏོང་དགོས་པའི་གནད་འགག་གལ་ཆེན་ཞིག་ཡོད་པ་ནི། བོད་སྐད་ཀྱི་ནང་དུ་ཡོད་པའི་སྨྲེང་བ་དང་། དབྱིན་ཡིག་གི་ནང་དུ་ཡོད་པའི་ཨེམ་མོ་ཤོན་(emotion)གཉིས་གང་ལ་བསམས་ཀྱང་ཐ་གཅིག་ཏུ་སྐྱོ་གདུང་གི་ཚོར་བ་ཡིན་དགོས་པའི་ངེས་པ་མེད་པར། དགའ་སྐྱོ་ཆགས་སྡང་གི་གནས་སྐབས་གང་དུའང་སེམས་ལ་སྨྲེང་བ་སྐྱེ་བ་སྟེ། དཔེར་ན། རྒྱུན་རིང་བོར་འབྲེལ་གཏུགས་བྱེད་མ་ཐུག་པའི་མཛའ་གྲོགས་ཤིག་དང་གློ་བུར་དུ་ཐུག་ན་སེམས་ལ་བརྗོད་མི་ཤེས་པའི་ཚོར་བ་ཤུགས་དྲགས་སླེབས་པ་དེ་ཉིད་སྨྲེང་བ་དང་ཨེམ་མོ་ཤོན་(emotion)རང་ཡིན་ལ། མི་ཞིག་གིས་ཧ་ཅང་སེམས་འགུལ་ཐེབས་པའི་སྐད་ཆ་ཞིག་བཤད་སྐབས་གདོང་གི་མདོག་དང་། མིག་གི་འོད་མདངས། ལུས་ཀྱི་ཉམས་འགྱུར་གྱི་བཅས་ཀྱི་ཐོག་ནས་སེམས་ལ་ཟུག་པོ་བྱུང་བ་ཤེས་ཐུབ་པའི་གནས་སྐབས་ཀྱི་སེམས་འགྱུ་དེ་ཡང་སྨྲེང་བ་དང་ཨེམ་མོ་ཤོན་རང་ཡིན།
ང་ཚོས་རྣམ་འགྱུར་དང་གནས་སྐབས་འདི་དག་ངེས་ཟིན་པའི་རྗེས་སུ། དགའ་རོགས་གསར་བ་གཉིས་ཀྱིས་ཕན་ཚུན་ལ་མཛའ་སེམས་སྟོན་པ་དང་། ཡང་ཕ་མ་གསོད་པའི་ལག་དམར་ལྟ་བུ་སྙིང་ནས་མི་དགའ་བའི་མི་ཞིག་དང་ཐུག་སྐབས་སེམས་ཁོང་ནས་ཁྲོ་བའི་གནས་སྐབས་ཀྱི་སེམས་འགྱུ་དེ་ཡང་སྨྲེང་བ་དང་། ཨེམ་མོ་ཤོན་གཉིས་ཀ་ཡིན།
དེ་བཞིན་དཔལ་འབྱོར་གྱི་དཀའ་ངལ་ཡོད་མཁན་གྱི་མི་ཞིག་གིས་རྒྱན་འཛུགས་(lottery)བྱས་ཏེ་སྒོར་མོ་ས་ཡ་མང་བོ་ཐོབ་པ་ཐོབ་པ་ཤེས་པའི་གནས་སྐབས་ཀྱི་སེམས་འགྱུ་དྲགས་པོ་དེ་ཡང་སྨྲེང་བ་དང་ཨེམ་མོ་ཤོན་གཉིས་ཀ་ཡིན།
ད་དུང་སྨྲེང་བའི་རྣམ་འགྱུར་དང་གནས་སྐབས་གཞན་མང་བོ་ཡོད་དེ། དཔེར་ན། རྒྱང་རིང་ལ་འགྲུལ་བཞུད་གཉེར་མཁན་ཞིག་གིས་རི་རྒྱུད་ཆེན་པོ་ཞིག་བརྒལ་བརྒལ་མཐར་ཡངས་ཤིང་རྒྱ་ཆེ་བའི་སྤངས་ལྗོངས་མེ་ཏོག་གིས་རྒྱན་པ་ལྟ་བུ་མཐོང་སྐབས་སེམས་སུ་ཟད་མི་ཤེས་པའི་ཚོར་བ་སྐྱེས་པ་དེའང་སྨྲེང་བ་དང་ཨེམ་མོ་ཞོན་གཉིས་ཆ་ཡིན་པ་དང་།
གཞན་ཡང་སོས་དུས་སླེབས་སྐབས་རུ་སྡེའི་ནང་གླེང་བུའི་སྐད་སྙན་འབུད་པ་ཐོས་པ་དང་། ཞིང་ཁ་དང་རི་ཐང་དུ་ལྗང་མྱུག་གི་རྩེ་མོ་འབུས་ནས་འོངས་པ། ཁམ་སྡོང་གི་མེ་ཏོག་ཤར་བ་ལྟ་བུ་མཐོང་ཚེ་སེམས་ལ་ཚོར་བ་རྣོན་པོ་སྐྱེས་པ་དེ་དག་ཀྱང་། རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་བརྟེན་ནས་སེམས་ལ་སྨྲེང་བ་བསྐྱེད་པ་ཡིན་ལ། གཅིག་པུ་རི་སྟོང་ལུང་སྟོང་དུ་བསྡད་ནས་ངལ་དུབ་དང་སྐྱོ་སྣང་གིས་མནར་བའི་ལུག་རྫི་ལྟ་བུས། གློ་བུར་དུ་ཁུ་བྱུག་གི་སྐད་སྙན་ཐོས་ཚེ་སེམས་པ་ཚ་སོབ་སོབ་ཆགས་པའི་གནས་སྐབས་ཀྱི་སེམས་འགྱུ་དེ་ཡང་སྨྲེང་བ་ཡིན།
ད་དུང་རང་ཉིད་དད་སའི་བླ་མ་དགེ་བའི་བཤེས་དང་། དགེ་རྒན་ལྟ་བུས་ལེགས་བཤད་ཀྱི་སྐྱེས་ངོ་མཚར་བ་སྩོལ་སྐབས་ལུས་ཀྱི་བ་སྤུ་ལྡང་བའི་གནས་སྐབས་ཀྱི་སེམས་ཁམས་དེའང་སྨྲེང་བ་ཡིན།
ད་དུང་རང་གིས་ཕར་རྒོལ་བྱེད་མི་ཐུབ་པའི་མི་གཞན་གྱིས་རང་ཉིད་ལ་མཐོང་ཆུང་དང་འབུར་འཇོམས་བྱས་པ་ལ་བརྟེན་ནས། རང་སེམས་སུ་ཁོང་ཁྲོ་འཁོན་འཛིན་ཤུགས་དྲག་རྒྱས་ཏེ་ལུས་པོ་འདར་ཞིང་མིག་ཆུ་འགོག་མི་ཐུབ་པའི་གནས་སྐབས་ཀྱི་སེམས་ཚོར་དྲག་པོ་དེའང་སྨྲེང་བ་ཡིན།
ང་ཚོས་གོང་གི་མིའི་སེམས་ཁམས་ཀྱི་འགྱུ་བ་སྣ་ཚོགས་དང་འབྲེལ་ནས་སྨྲེང་བ་མངོན་དུ་འགྱུར་བའི་གནས་སྐབས་མང་བོ་ཞིག་རྟོགས་ཟིན་པའི་རྗེས་སུ། སྨྲེང་བ་ཞེས་པ་དེ་མཐའ་གཅིག་ཏུ་སྐྱོ་བ་ལ་གོ་མི་དགོས་པ་དང་། ལྷག་པར་དུ་གསང་བ་དང་བཤད་པ་ཙམ་ལ་གོ་ན་ཁྱབ་ཆུང་བའི་སྐྱོན་ཡོད་པ་ནི་ཧ་ཅང་གསལ་བོ་ཡིན།
ད་དུང་རྗེ་ཙོང་ཁ་ཆེན་པོས་ཁོང་གི་ལྗགས་རྩོམ་གྲགས་ཆེན་དྲང་ངེས་ལེགས་བཤད་སྙིང་བོ་རྩོམ་མཇུག་གྲུབ་ནས་ཡོང་སྐབས།
ཤིན་ཏུ་དཔག་དཀའ་ཟབ་དང་རྒྱ་ཆེའི་གནས། །
ཇི་བཞིན་རྙེད་ནས་ཚུལ་བཞིན་འདྲིས་བྱས་པས། །
ཏིང་འཛིན་ཤེས་རབ་ཚུལ་ཁྲིམས་ཡོངས་དག་པའི། །
དགའ་སྟོད་ཆེན་པོས་ཡིད་རབ་ཚིམ་གྱུར་ནས། །
རེས་འགའ་རྒྱལ་ལ་དད་པའི་དགའ་བ་རྒྱས། །
སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །
གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང༌། །
ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང༌། །
བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །
འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར། །
དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས། །
གང་གིས་བཙལ་བས་རྙེད་བའི་རིགས་པའི་ལམ། །
དེ་ཡི་རྣམ་འཕྲུལ་ཀྱེ་མའོ་ངོ་མཚར་ཞེས། །
གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཚོར། །གསུངས་པ་ལྟ་བུའི་གནས་སྐབས་ཀྱི་ཁོང་གི་ཐུགས་ཀྱི་ཚོར་འགྱུ་དེ་དག་ཀྱང་སྨྲེང་ཤུགས་ཆེ་བ་བསྟན་ཡོད་པར་སྙམ།
མཇུག་ཏུ་དཔྱད་བྱ་ཕྲན་བུ་ཞིག་ཡོད་པ་ནི། བདག་ལ་ཨ་རིའི་རྩོམ་རིག་ལ་དགའ་ཞིང་རྒྱུས་མྱོང་ཟབ་པའི་གྲོགས་པོ་ཞིག་ཡོད། ངེད་གཉིས་ག་དུས་ཐུག་ནའང་རྩོམ་རིག་གི་སྐོར་ལ་སྐད་ཆ་མང་བོ་གླེང་གིན་ཡོད། ཉི་གཅིག་ལ་སྐད་ཆ་བཤད་པའི་སྐབས་སུ་ཁོང་གིས། བོད་སྐད་ཀྱི་ནང་དུ་དབྱིན་སྐད་ཀྱི་ཨེམ་མོ་ཤོན་ཞེས་པའི་ཐ་སྙད་འདིའི་དོད་ཐུབ་ཀྱི་ཐ་སྙད་ཡོད་དམ་ཞེས་དྲི་བ་གནང་སོང་། ངས་གློ་བུར་དུ་གང་ཡང་དྲན་གྱིན་མི་འདུག བསམ་བློ་ཅུང་ཟད་ཅིག་བཏང་སྐབས་སྨྲེང་བ་དེ་དབྱིན་སྐད་ཀྱི་ནང་དུ་ཡོད་པའི་ཨེམ་མོ་ཤོན་དང་རྦད་དེ་ཆ་འདྲ་བར་མཐོང་ནས་བོད་སྐད་ཀྱི་ནང་དུ་ཐ་སྙད་དེ་འདུག་ལབ་པ་ཡིན། ག་རེ་རེད་ཟེར། སྨྲེང་བ་རེད་ལབ་པ་ཡིན། སྨྲེང་བ་ཞེས་པའི་ཐ་སྙད་འདི་འཇུག་ཡུལ་འདི་འདྲ་དང་དེ་འདྲ་ཡིན་ཞེས་འགྲེལ་བཤད་རྒྱབ་སྐབས་དེ་ག་རང་རེད་འདུག་ཟེར།
ཉི་མ་ཁ་ཤས་ཀྱི་རྗེས་སུ་གཞོན་སྐྱེས་རིག་པ་སྨྲ་བའི་གྲོགས་པོི་སྒོ་དམར་སངས་རྒྱས་བཀྲ་ཤིས་དང་ཐུག་བྱུང་། འདིའི་སྐོར་ལ་སྐད་ཆ་ཞིག་བྱུང་སྐབས་ཁོང་གིས། སྔོན་ཆད་ཅིག་ལ་གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག ནུབ་ཕྱོགས་ཀྱི་ཚན་རིག་པ་དང་། བོད་ཀྱི་ནང་བའི་དགེ་འདུན་པ་ཁག་ཅིག་སེམས་དང་ཚེ་སྲོག་ཅེས་པའི་བགྲོ་གླེང་ཚོགས་འདུ་ལ་འཛོམས་ནས། ཨེམ་མོ་ཤོན་གྱི་སྐོར་གླེང་སྐབས། ཕྱི་ནང་གི་མཁས་པ་ཚང་མས་མཁས་དབང་ཐུབ་བསྟན་སྤྱིན་པ་ལགས་སུ་རེ་བ་བརྒྱབ། ཁོང་གིས་བོད་སྐད་ཀྱི་ནང་དུ་ཐ་སྙད་དེ་མི་འདུག རྗེས་མར་ནང་ཆོས་དབྱིན་སྐད་དུ་སྒྱུར་མཁན་ཚོས་འདི་ལ་ཐ་སྙད་བཙན་བཟོ་མ་བྱས་པར་དབྱིན་སྐད་ཀྱི་ཨེམ་མོ་ཤོན་ཞེས་པ་དེ་ཇི་བཞིན་བྲིས་ན་གཞུང་དོན་མི་འཁྲུག་པ་སོགས་ཀྱི་དགེ་མཚན་ཆེ་བའི་གྲོས་མགོ་བཏོན་པ་ལྟར། ཚོགས་ཞུགས་པ་རྣམས་ཞལ་མཐུན་ནས་དེ་ལྟར་འཇོག་རྒྱུར་མོས་མཐུན་གནང་སོང་ཟེར། དེ་ནས་བདག་གིས་མནོ་བསམ་གཏོང་བཞིན་པའི་ཐ་སྙད་འདི་ཧ་ཅང་གལ་ཆེན་ཡིན་པར་མ་ཟད། རྗེས་མར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱི་གོ་སྐབས་རག་ན། འདི་ཉིད་ལེགས་སྐྱེས་སུ་འབུལ་རྒྱུའི་བསམ་བློ་འཁོར།
སྤྱི་ལོ་༢༠༡༣ ལོའི་ཟླ་༣ ནང་དྷ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་སྲིད་ཇུས་ཉམས་ཞིབ་ཁང་གིས་བཀོད་བསྒྲིགས་གནང་ནས། བོད་ནང་གི་རང་ལུས་མེར་སྲེག་དང་འབྲེལ་བའི་སྐོར་ལ་ཚོགས་འདུ་བསྡུས། བདག་ཀྱང་མགྲོན་འབོད་གནང་སོང་། སྐབས་དེར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱི་སྐལ་བ་བཟང་བོ་ཐོབ། དངུལ་དངོས་སོགས་གཞན་གང་ཡང་འབུལ་རྒྱུ་མི་འདུག ཤོག་ལྷེ་ཞིག་གི་སྟེང་ལ་སྨྲེང་བ་དང་། Emotiom གཉིས་བྲིས་ཏེ་འབུལ་ལམ་ཞུས་པ་ཡིན།
ཁོང་གིས་གཟིགས་ཏེ་འདི་ག་རེ་གསུངས་བྱུང་། དབྱིན་སྐད་ཀྱི་ཨེམ་མོ་ཤོན་(emotion)ཟེར་བ་དེ་བོད་སྐད་ཀྱི་སྨྲེང་བ་ཞེས་པའི་ཡི་གེ་འདི་ཡིན་པ་འདྲ་ཞེས་ཞུས་པ་ཡིན། ཁོང་གིས་སྨྲེང་བ་ཞེས་པ་འདི་དགག་ཕྱོགས་ཀྱི་ཤེས་པ་(Negative) རེད་དམ་ཞེས་བཀའ་འདྲི་གནང་བྱུང་། ཕྲན་གྱིས་འདི་ལ་སེམས་ཁམས་ཀྱི་རྣམ་འགྱུར་གནས་སྐབས་ལ་བརྟེན་ནས་སྣ་ཚོགས་ཤིག་ཡོང་གིན་ཡོད་པ་འདྲ་ཞེས་འགྲེལ་བཤད་གང་འཚམ་ཞུས་པ་ཡིན།
ད་དུང་ཁོང་གིས་གསུང་རྒྱུར། དེང་སང་ནུབ་ཕྱོགས་པ་ཚན་རིག་པ་དང་བོད་ཀྱི་དགེ་འདུན་པ་ཚོས་སེམས་ཁམས་ཀྱི་བགྲོ་གླེང་གནང་སྐབས། ཨེམ་མོ་ཤོན་ཞེས་པ་དེ་དགག་ཕྱོགས་(Negative)ཡིན་མིན་དང་། སངས་རྒྱས་ཀྱི་ས་ན་ཨེམ་མོ་ཤོན་ཡོད་མེད་ལ་བགྲོ་གླེང་གནང་གིན་ཡོད་གསུངས་བྱུང་། དེའི་ཕྱི་ཉིན་འདི་རྩོམ་ཐུང་ལྟ་བུར་བྲིས་ཏེ་ཞབས་ཞུ་བ་བརྒྱུད་ནས་ཁོང་ལ་འབུལ་ལམ་ཞུས་ཟིན་པ་ཡིན། ཁོང་ཉིད་ཀྱིས་ག་རེ་དགོངས་ཡོད་མེད་མ་ཤེས།
དེ་ནས་ཟླ་ངོ་རེ་ཟུང་གི་རྗེས་སུ་མཁས་པ་འཇིགས་མེད་བློ་གྲོས་ལགས་ཀྱིས་འདིའི་སྐོར་ལ་རྩོམ་ཡིག་ཅིག་བྲིས་ཏེ། ཁ་བརྡ་དྲ་ཚིགས་སུ་བཀོད་སོང་བར་དོ་སྣང་བྱུང་ཞིང་། དྲན་ཚོད་བྱས་པ་ཡིན་ན་ཁོང་གིས་ཨེམ་མོ་ཤོན་ལ་སེམས་ཚོར་དྲག་པོ་ཞེས་བྲིས་ཡོད་པ་ལྟ་བུ་དྲན། ཤེས་ཡོན་པ་ཁག་ཅིག་གིས་དེ་ཉིད་ལ་རྒྱབ་སྐྱོར་གནང་གིན་ཡོད་པའང་ཚོར་བྱུང་།
གང་ལྟར་ད་དུང་བདག་གི་ནི། ཨེམ་མོ་ཤོན་དང་སྨྲེང་བ་གཉིས་གཅིག་ཤུལ་ལ་གཅིག་འབབ་པ་ལྟ་བུའི་ཚོར་བ་འདུག ཅིས་ཀྱང་ཤེས་ལྡན་པ་རྣམས་ཀྱིས་དཔྱད་པའི་གཞི་ཞིག་ནི་ཅི་ཀྱང་ཡོང་བར་སྙམ།
ཟུར་ཞུ། འདི་ཉིད་རྒྱུ་མཚན་ཞིག་གི་ཆེད་འཕྲལ་དུ་འབྲི་ཁུལ་བྱས་པ་ཡིན། ཚིག་མཛོད་མང་བོ་དང་གཞུང་ལུགས་སོགས་སུ་ཅི་ལྟར་ཡོད་མེད་ལ་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ་མ་བྱུང་ཞིང་། མང་ཚོགས་ཀྱིས་བེད་སྤྱོད་གཏོང་བཞིན་པ་ཉིད་གཞི་ལ་བཞག་སྟེ་ཅུང་ཟད་ཞུས་པ་ཡིན་པས། ཞུ་ཧམ་དུ་མི་འགྲོ་བའི་རེ་བ་དང་། རྣམ་དཔྱོད་ལྡན་ཞིང་རིགས་པ་སྨྲ་བ་རྣམས་ཀྱིས་མུ་མཐུད་དཔྱད་ཞིབ་གནང་བའི་རེ་བ་དང་བཅས་ཕུལ།།
༢༠༡༣ ཟླ་༤ ཚེས་༥ ཞོགས་པར།
དེ་རིང་སྤྱི་ལོ་༢༠༡༥ ལོའི་ཟླ་༤ ཚེས་༦ ཉིན་གློག་ཀླད་བསྔོག་སྐབས་ཡང་བསྐྱར་འདི་ཉིད་ལན་ཅིག་མཐོང་བས། འཕྲི་སྣོན་ཅུང་ཟུང་དང་བཅས་རེ་ཞིག་གྲུབ་པར་བྱས་སོ།།
དང་པོ་དབྱིན་སྐད་ཀྱི་ཨེམ་མོ་ཤོན་(emotion)ཟེར་བ་དེ། ཉན་རང་དགྲ་བཅོཔ་དང་། སངས་རྒྱས་ས་ན་ཡོད་དང་མེད་དཔྱད་དགོས། དེར་ཡོད་ན། དེར་སེམས་འཚོར་དྲག་པོའམ། འཚོར་ཤུགས་དྲག་པོ་ལ། ཨི་མོཤན་ཞེས་པ་དེ་ཡོདཔ་ལྟ་བུར་གོ
མཁས་དབང་མཆོག་གིས་མིང་ཚིག་གཅིག་གི་ཆེད་དུ་དཔྱད་རྩོམ་འདི་སྤེལ་བར་ཕྲན་དང་ཕྲན་ལྟ་བུ་བློ་གསར་གཞོན་ནུ་ཚོར་ཕན་ཐོགས་མི་ཉུང་བ་ཞིག་སྦྱིན་པས་རྗེས་ཕྱོགས་སྐུ་ཉིད་ཀྱིས་འདི་དང་འདི་ལྟ་བུའི་རིན་ཐང་ཅན་གྱི་དཔྱད་རྩོམ་མང་ཙམ་སྤེལ་བར་སྙིང་ནས་རེ།
emotion ཞེས་པའི་དབྱིན་ཚིག་འདི་བོད་སྐད་དུ་མ་བསྒྱུར་གོང་། སེམས་ཁམས་ཚན་རིག་པས་ཚིག་འདིའི་མཚན་ཉིད་ཇི་ལྟར་བཞག་ཡོད་མིན་ལ་བལྟ་དགོས་པ་གལ་ཆེ། དཔེར་ན། མཚན་ཉིད་འཇོག་ཚུལ་འགའ་ཞིག་ལ་འདི་ལྟར་བྲིས་འདུག
Emotion, in its most general definition, is a neural impulse that moves an organism to action, prompting automatic reactive behavior that has been adapted through evolution as a survival mechanism to meet a survival need.
Linda Davidoff defines emotion as a feeling that is expressed through physiological functions such as facial expressions, faster heartbeat, and behaviors such as aggression, crying, or covering the face with hands.
༼བོད་འགྱུར། སྐབས་འཕྲལ་བསྒྱུར་བ་ཙམ་ཡིན་པས། གོ་དོན་མ་འཁྲུལ་པའི་ངེས་པ་མེད།༽
Emotion གྱི་མཚན་ཉིད་སྤྱི་ཙམ་གྱི་དབང་དུ་བྱས་ན། དེ་ནི་ཀླད་ཁམས་དབང་རྩའི་གཡོ་འགུལ་གང་ཞིག་དེས་སེམས་ཅན་རྣམས་བྱ་བར་འཇུག་པ་དང་། དེ་བཞིན་རྩོལ་བ་མེད་པའི་སྒོ་ནས་དོན་རྐྱེན་སྣ་ཚོགས་ལ་གདོང་ལེན་བྱེད་པའི་སྤྱོད་པ་སྟེ། དེ་ནི་སྣོད་བཅུད་འཕོ་འགྱུར་ཁྲོད་དུ་རང་ཉིད་འཚོ་ཐབས་ཆེད་དུ་ཡུལ་དུས་སྟབས་བསྟུན་བྱེད་པའི་འཚོ་གནས་ཀྱི་དགོས་མཁོའི་མ་ལག་ཞིག་ཡིན་ནོ།།
Linda Davidoff གྱིས་Emotionགྱི་མཚན་ཉིད་འདི་ལྟར་འཇོག་པ་སྟེ། ཚོར་བ་གང་ཞིག་ལུས་ཕུང་གི་བྱེད་ལས་ཀྱི་སྒོ་ནས་རྣམ་འགྱུར་མངོན་པ་སྟེ། དཔེར་ན། གདོང་གི་རྣམ་འགྱུར། སྙིང་གི་འཕར་ཚད་མགྱོགས་ཏུ་འགྲོ་བ། དེ་བཞིན་དུ་བརླང་སྤྱོད་དང་། ངུ་བ། ལག་པས་གདོང་བཀབ་ལྟ་བུའི་སྤྱོད་པའོ།།
༼འགྱུར་རྫོགས།༽
འོན་ཀྱང་དབྱིན་སྐད་ཐོག་ཡོངས་གྲགས་རྒྱ་ཁྱབ་ཀྱི་སྒྲ་ཟོར་ཡངས་པའི་དབང་དུ་བྱས་པའི་གོ་དོན་ནི་བོད་སྐད་བསྒྱུར་ཁག་པོ་ཞིག་གཏན་ནས་མིན་པར་སྙམ། དེ་ལ་སེམས་ཚོར་ཞེས་བསྒྱུར་བ་ཙམ་གྱིས་ཆོག་པར་སྙམ། འོན་ཀྱང་གོང་དུ་བཀོད་པའི་མཚན་ཉིད་དེའི་དབང་དུ་བྱས་ན། ངེས་པར་དུ་ཕྱི་ལུགས་སེམས་ཁམས་རིག་པའི་གཞུང་ལུགས་ལ་སྦྱངས་པ་ཅུང་ཟད་སྔོན་དུ་འགྲོ་དགོས་པ་གལ་ཆེ་སྙམ།
༼ཐོག་མར་རྒྱལ་བའི་གསུང་རབ་བོད་སྐད་དུ་བསྒྱུར་སྐབས། བརྡ་ཆད་མང་ཙམ་ཆེད་དུ་གསར་བཟོ་གནང་བ་ལས་གཞན་ཐ་སྙད་ཕལ་ཆེ་བ་བོད་ཞིང་འབྲོག་མི་དམངས་ཀྱིས་ཉིན་རེ་འཚོ་བའི་ནང་སྤྱོད་བཞིན་པའི་སྐད་ཆ་རང་ཡིན།༽ ཨ་ལ་ལ་ལ། སྐད་ཆ་འདི་སྙན། ཧོར་གཙང་འཇིགས་མེད་བཟང་། གུས་པས་ཀྱང་འདི་ལྟར་ཡིན་རབས་སྔོན་མ་ཁ་བརྡར་མཆན་ཆུང་ཁ་ཤས་བྲིས་པ་ཡིན། དཔེར་ན། དགེ་བ། སྡིག་པ། ཞེས་པའི་ཚིག་འབྲུ་གཉིས་འདི་བོད་ཞིང་འབྲོག་མི་དམངས་ཀྱི་ཉིན་རེའི་འཚོ་བའི་ནང་སྤྱོད་བཞིན་པའི་སྐད་ཡིན་ནམ། ཡང་ན་རྒྱལ་བའི་གསུང་རབ་བོད་སྐད་དུ་བསྒྱུར་སྐབས་དེ་ག་རང་དུ་གསར་དུ་བཟོས་བཞག་པ་དེ་འདྲ་ཡིན། དྲི་བ་འདི་ཚོ་བསམ་བློ་གཏོང་ས་གལ་ཆེན་པོ་ཡིན་པར་སྙམ། ད་དུང་མང་པོ་མང་པོ་ཡོད་དགོས་ན་རིམ་པས་ཞུ་ཆོག ། །
གདུང་ཚོར། ཨེ་ལ་རྗེས་འཇུག་མ་དེ་མེད་ན་མི་ལེགས་སམ། ཨེ་ E མོ mo ཞོན་་་tion ཨམ་མདོའི་འབྲོག་སྐད་ནང་ཤ་དང་ཞ་གཉིས་ལ་སྒྲ་གདངས་མ་འདྲ་བ་གཉིས་ཡོད་པས། ཤོན་བྲིས་ན་དབུས་པས་ཞོན་གྱི་སྒྲ་གདངས་ལྟར་གོ་མི་ཐུབ་པར་ཧོན་འདྲ་བོ་ཞིག་ཐོས་ཡོང་།
སྨྲང་དང་སྨྲེང་ཞེས་པའི་མིང་འདི་ལ་མནོ་བསམ་ཡག་པོ་བཏང་ཚེ་གོ་དོན་ཧ་ཅང་གི་ཆེ། བདེན་པའི་སྨྲང་བཀྲོལ་བ་དང་སྨྲེ་ངག
འདོན་པ་སྨྲེང་འབོད་བྱས་བྱུང་ལས་སོགས་བོད་རང་ས་ནས་དར་བའི་ས་སྐྱེས་རྡོ་སྐྱེས་ཀྱི་མིང་ཚིག་འདི་ཚོར་གོ་བ་ཡག་པོ་ཞིག་ལོན་དགོས་ཚེ་ཕྱིས་བྱུང་གི་དག་ཡིག་གསར་བསྒྲིག་ལས་སོགས་ནས་ངེས་པ་རྙེད་པ་ཞིག་མི་འབྱུང་རྣམ་རྟོག་མེད་པར་ས་སྐྱེས་རྡོ་སྐྱེས་ཀྱི་མདོས་དང་ཕྱྭ་གཡང་སོགས་ཀྱི་ཆོ་ག་དེ་ཚོར་གཟིགས་དང་བོད་སྐད་ཀྱི་བྲོ་བ་དེ་གཞི་ནས་རྙེད་སྲིད་
ཁ་སྐད་ལ་ཨུ་ཚུགས་ཅན་ཧོར་གཙང་འཇིགས་མེད་དང་། བོད་ཀྱི་མཁས་པས་བྲིས་པའི་སྔར་ལུགས་དག་ཆ་ལ་བརྩི་དགོས་པར་ཨུ་ཚུགས་ཅན་བདག་གཉིས་ཀྱི་བར་རྩོད་གླེང་ལ་ལོ་ངོ་ཉི་ཤུར་ཉེ་ཡང་འགྱུར་བ་གང་ཡང་མ་མཐོང་། མདོ་སྨད་ལུང་སྐད་སྨྲེང་བ་ཞེས་པ་བོད་སྐད་རྒྱབ་པ་ཡོངས་ཀྱིས་གོ་ཤིན་ཏུ་དཀའ། སྨྲེ་ཞེས་པ་སྨྲེ་སྔགས་འདོན་པ་ཞེས་ལན་མང་པོར་མཐོང་ཡང་། སྨྲེང་བ། ཞེས་ཕལ་ཆེར་མཐོང་དང་པོ་ཡིན། ཤིན་ཏུ་ངོ་མཚར་ཅན་ཞིག་ནི། ནུབ་ཕྱོགས་པ་མཁས་དབང་ཞསས་ཀེ་མཆོག་གིས་བོད་ཨིན་ཚིག་མཛོད་དུ། སྨྲང་དང་། སྨྲེང་། ཞེས་བཅུག་ཡོད་ཅིང་། སྨྲང་གསོལ་བ། ཞེས་དཔེར་བརྗོད་བཀོད། དེས་ན་སྨྲང་ཞེས་པ་གྱུར་ནས་སྨྲེང་ཆགས་པར་སེམས། ཕྱིས་ཀྱི་བོད་སྐད་དུ། ཨ་ཡིག་ཨེ་ཡིག་ཏུ་གྱུར་པ་དང་། ཨེ་ཡིག་ཨ་ཡིག་ཏུ་གྱུར་པ་མང་ངོ་།
མཁས་དབང་ཧོར་གཙང་འཇིགས་མེད་ཀྱིས་དྲང་ངེས་ལེགས་བཤད་སྙིང་པོའི་ཚིགས་བཅད་འགའ་ཞིག་སྨྲེང་བའི་དཔེ་བརྗོད་དུ་བཀོད་པའི་ཚིགས་བཅད་དག་ན། རེ་ཟུང་ནོར་བ་དག་ལ་ཞུས་དག་མཛད་ན། བོད་ཀྱི་མཁས་པའི་ཡི་གེར་ཞབས་ཏོག་ཞུ་བར་འགྱུར་རོ།
ཤིན་ཏུ་དཔག་དཀའ་ཟབ་དང་རྒྱ་ཆེའི་གནས། །
ཇི་བཞིན་རྙེད་ནས་ཚུལ་བཞིན་འདྲིས་བྱས་པས། །
ཏིང་འཛིན་ཤེས་རབ་ཚུལ་ཁྲིམས་ཡོངས་དག་པའི། །
དགའ་སྟོད་ཆེན་པོས་ཡིད་རབ་ཚིམ་གྱུར་ནས། །
རེས་འགའ་རྒྱལ་ལ་དད་པའི་དགའ་བ་རྒྱས། །
སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །
གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང༌། །
ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང༌། །
བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །
འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར། །
དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས། །
གང་གིས་བཙལ་བས་རྙེད་བའི་རིགས་པའི་ལམ། །
དེ་ཡི་རྣམ་འཕྲུལ་ཀྱེ་མའོ་ངོ་མཚར་ཞེས། །
གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཚོར། །
་
གསུངས་པ་ལྟ་བུའི་གནས་སྐབས་ཀྱི་ཁོང་གི་ཐུགས་ཀྱི་ཚོར་འགྱུ་དེ་དག་ཀྱང་སྨྲེང་ཤུགས་ཆེ་བ་བསྟན་ཡོད་པར་སྙམ།
ཨི་མོ་ཤོན་ཡིན་ན། སྡུག་འཁུར་དང་། སྡུག་སྐད་ཡིན་ག་ལ་དགོས། ཨི་མོ་ཤོན་ཡིན་ལ། དགའ་བདེ་དང་། དགའ་དད་ཀྱི་ཨི་མོ་ཤོན་གྱིས། མིག་ཆུ་ཤོར་བ་བྱང་སེམས་དཔའ་ལ་ཡང་ཡོད་པ། དཔེར་ན།
མདོ་ལས།
ཆུ་བྱ་ལས་ནི་ཆུ་ཤེས་དང་། །
དུ་བ་ལས་ནི་མེ་ཤེས་ལྟར། །
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །
རིགས་ནི་མཚན་མ་དག་ལས་ཤེས། །
ཞེས་གསུངས་པ་ལྟ་བུའོ།།
དེ་རིང་གསོལ་ཇའི་བར་གསེང་ནས་སྐུ་ཞབས་སྙན་ངག་མཁན་ཧོར་གཙང་འཇིགས་མེད་ལགས་ཀྱི་དགོངས་ཚུལ་འདི་ཀློག་རྒྱུ་བྱུང་བས་དགའ་བོ་བྱུང་ལ། དེ་བས་ཀྱང་སྒང་གི་ཞོར་འཕྲོས་ཡིན་གསུངས་པ་དེར་སྣང་བ་འགྲོ་བོ་ཞིག་བྱུང། གླེང་གཞི་དངོས་ལ་ཞུགས་ཏེ་རྩོམ་འདིའི་བར་གྱི་དོ་བདག་གི་ཐག་གཅོད་དེ་དག་བཀླགས་ནས་༧གོང་ས་སྐྱབས་མགོན་ཆེན་པོར་ཞུས་སྐོར་གསལ་བ་དེ་ཐོན་མཚམས། ཡུད་ཙམ་ཧད་པར་གྱུར་ལ། གློ་བུར་མཆན་བུ་ཞིག་ཀྱང་འབྲི་འདོད་སྐྱེ་བྱུང། དེ་ནི་སྨྲེང་བ་དང་འབྲེལ་བའི་དཔྱད་ཡིག་འདི་དང་གན་ཞེས་ཞིབ་ཚགས་མི་དྲན་ཡང། ཚིག་མཛོད་གཉིས་ཀྱི་ཁ་ཕྱེས་པ་ཙམ་གྱིས་༧གོང་ས་མཆོག་སོགས་མཁས་པའི་འདུན་མ་བསྡུ་སར་མ་རྙེད་པའི་ཚིག་གཅིག ང་ཚོ་སུས་ཀྱང་མི་རེག་པ་རིག་པས་ལམ་ནས་སྒྲུབ་ཐུབ་པ་ཡིན་སྟབས། ལྷག་བསམ་ལ་དཔག་པའི་ཞིབ་འཇུག་གི་དཀའ་ལས་ཞིབ་ཚགས་ཤིག་མ་གནང་བ་ནི་ཧ་ཅང་གསལ་བོ་རེད། དེའི་ཆ་ནས་ངས་ནི་འདི་ཤེས་ཡོན་ཅན་རྒན་རབས་པ་ཞིག་གི་བྱས་རྗེས་དང་ཐུགས་འཁུར་གནང་སྟངས་ལ་ངོས་འཛིན་མི་ཐུབ་པ་དེ་རེད། སྨྲེང་བའི་དོན་ལ་འཇུག་དགོས་པའི་དབང་དུ་བཏང་ནའང། ཆོལ་གསུམ་ལུང་ཚན་སོ་སོ་དང་ཧི་མ་ལ་ཡི་རི་རྒྱུད་དང་བཅས་པས། ཐ་སྙད་འདིར་གོ་བ་ལེན་ཕྱོགས་ཅི་ཞིག་ཡིན་མིན་དེ། དྲིས་ཤིང་བཙལ་ན་རགས་ཙམ་ཤེས་ཐུབ་པ་རེད་བསམས། དེ་ནས་གཞུང་ཆེན་ཁག་དང་ཏུན་ཧོང་ཡིག་རྙིང་ལྟ་བུ། གཞན་དམིགས་བསལ་སེམས་དང་སེམས་བྱུང་གི་སྐོར་ལ་ཉེ་བའི་ཆ་ནས་དཔྱད་རྩོམ་མང་པོ་ཐོན་ཡོད་པ་སོགས། གང་ལྟར་མེད་ན་མ་གཏོགས་མ་བཙལ་བའི་ཡུལ་མེད་པ་ལྟ་བུའི་གནས་བབ་འོག་སོ་སོས་རིག་པས་དཔྱད་དེ་གྲུབ་དོན་ཞིག་གསུངས་ཡོད་ན་བློ་གསར་རྣམས་འཇུག་བདེ་ཡང། བཙལ་རྒྱུ་ལས་གསུངས་རྒྱུ་སྔ་བོ་བྱས་འདུག་སྙམ་པས། བཀུར་འོས་མཆོག་ནས་ད་དུང་འདིའི་རྒྱུ་ཆ་ཇེ་མང་དང། རྩོད་གཞི་ཇེ་མང། ཐག་གཅོད་ཇེ་ཉུང་བཅས་སུ་བཏང་སྟེ་བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པའི་སྡེའི་མདུན་སར་བཞག་ནས་བགྲོ་གླེང་གི་ས་བོན་བསྐྲུན་རྒྱུར་ཐུགས་སྣང་གཞེན་སྐུལ་ཞུ་བ་ཡིན་ལགས།།
༧གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ནང་དུ་སྨྲེང་ཟེར་བའི་ཚིག་དེ་ཐེངས་མང་གསུངས་འདུག་ད།བགྲེས་སོང་ལ་དྭགས་པ་སོགས་ཀྱིས་གསུངས་པ་ནང་བཞིན་གྱི་ཨམ་སྐད་ཅིག་ཡིན་ས་མ་རེད།མ་གཞི་ཨམ་སྐད་དུ་དེ་ལ་སྨྲེང་ལབ་ཀི་མ་རེད།སྨོང་ལབ་ཀི་རེད་ད།འོན་ཀྱང་།ཡིག་ཐོག་ཏུ་ཕབ་དུས་སྨྲེང་འབྲི་བཞིན་པ་རེད།
དགེ་ཆོས་ཀྱིས་ཀྱང་བོད་ཡིག་ལ་དེང་རབས་དང་མཐུན་པར་འགྱུར་བཅོས་གཏོང་དགོས་པ་མང་པོ་གསུངས་འདུག་པས།ལ་དྭགས་པ་སོགས་དགེ་ཆོས་ནམ་རྒྱུན་ལུང་དྲངས་ནས་ཅིག་བཤད་བསྡད་པ་ཚོས་དེ་ལ་ཞིབ་ཏུ་གཟིགས་ལ་ལེགས།
༼འཚོར་སྣང་༽ཡིན་པ་རེད། དེ་ལ་སྣང་བའི་རིགས་མང་པོ་ཡོད།
སྐྱིད་སྣང་།
སྐྱོ་སྣང་།
བདེ་སྣང་།
སྡུག་སྣང་།
མཚར་སྣང་།
སྐྲག་སྣང་།
འཇིགས་སྣང་།
སྐྱུག་སྣང་།
ཞེད་སྣང་།
དགའ་སྣང་།
དཀའ་སྣང་།
རྒུད་སྣང་།
བསུན་སྣང་།
ཆད་སྣང་།
འདི་མ་རེད་ཟེར་ནི་ཡོད་ན། དབྱིན་བོད་གཉིས་ཀྱི་བཀོལ་ཕྱོགས་ཀྱི་མིང་བརྡ་རེ་རེ་ངོ་རེ་ནས་གླེང་ཆོག།
ཧོར་འཇིགས་ལ་གུས་བ་ཆེན་པོ་ཡོད། མཁས་བ་ཟེར་བའི་གོ་མིང་འདི་འབྱོར་མི་འབྱོར་ལ་དག་པ་མེད།
མཐའ་གཅིག་ཏུ་དགེ་ཆོས་ཀྱིས་གསུངས་ཚད་ལ་བརྩི་དགོས་པ་མེད། བོད་སྤྱི་སྐད་ལ་ཕན་པ་དེ་ཁས་བླང་དགོས། དེ་ལ་གནོད་པ་ཞིག་ཡོད་ན། བརྟག་དཔྱད་དགོས་པ་ཡིན་སེམས་སོ།
སྨྲེང་གྱེར་བ། སྨྲེང་གསོལ་བ། བན་བོན་གྱི་གཏོ་བཅོས། མགོན་པོའི་སྨད་ལས་སོགས་སུ་དམིགས་ཀྱིས་བཀར་ནས་ཡོད། སྨྲེང་གསོལ་ལ་ཕལ་ཆེར་ལྡེབ་ཁ་ཤས་ཡོད་མོད། འདིར་དཔེ་མ་འབྱོར། དྲན་ཚོད་ཅིག་འབྲི་སྣང་ཤར་ཏེ་དུས་ཚོད་མ་བྱུང་།
བོད་ཀྱི་ཚིག་མཛོད་ཆེན་མོ་ལས།
སྨྲེང་བ། ༼རྙིང་༽མྱ་ངན་ནམ། སྡུག་བསྔལ་གྱི་ཚིག་འདོན་པ།
སྨྲེ་ངག་གི་ང་ཡིག་དེ་རྗེ་འཇུག་ལ་ཤོར་སོང་བ་རེད། དེ་དེ་འདྲེ་འདོགས་པ་ཆེན་པོ་བྱེད་དགོས་པ་མ་རེད།
(༡ སྨྲེ་ངག) (༢སྨྲེང་) (༡་ཡི་གེ) (༢ཡིག) (༡ རྒྱ་མཚོ།) (༢་རྒྱམ་ཚོ) (༡ ཨ་མདོ) (༢ ཨམ་དོ) འདི་འདྲ་བ་མང། ཁ་ཤས་སྐད་ལ་ཤོར་བ་དང ཁ་ཤས་ཡི་གེ་ལ་ཤོར་སོགས་མང་པོ་ཡོད།
ཧོར་གཙང་འཇིགས་མེད་མཆོག་གི་དགོངས་ཚུལ་ཞིབ་པར་བཀླགས། ཁྱེད་ནས་གསུངས་པ་ལྟར་དེ་སྔོན་ཁོ་བོས་Emotion གྱི་སྐོར་ལ་ཅིག་བྲིས་ཡོད་པ་གཤམ་གྱི་འབྲེལ་ཐག་ནས་རྙེད་ནུས„།
ཁོ་བོས་ Emotion ལ་སེམས་ཚོར་ཞེས་སྤྱད་ན་ལེགས་པའི་སྒྲུབ་བྱེད་ཁག་ཅིག་བཀོད་ཡོད་ལགས།
http://www.khabdha.org/?p=47650
ཁྱེད་ནས་གོང་དུ་གསུངས་པ་ལྟར་༸གོང་ས་མཆོག་ནས་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་Emotionཡོད་མེད་སྐོར་བགྲོ་གླེང་གནང་པར་དོ་སྣང་བྱུང་ཡང་། ཁོ་བོའི་རྩོམ་ཡིག་ཏུ་ཁུངས་བཅོལ་བའི་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་གྲགས་ཅན་Paul Ekman ལ་སོགས་པའི་བཞེད་ལུགས་ལྟར་ན་སངས་རྒྱས་ཀྱི་ས་ལ་Emotion མེད་ཟེར་དགོས་པ་འདྲ་ཞིག་འདུག ཁོང་ཚོས་བཤད་པའི་Emotionགྱི་ཁྱབ་ཁོངས་ནི་རང་རེའི་ཆོས་གཞུང་ནས་འབྱུང་བའི་རྟོག་པའི་རྣམ་གཞག་ལ་ཁྱབ་པ་ལས་རྟོག་མེད་ཀྱི་ཤེས་པར་ཁྱབ་མི་ཐུབ་པ་ལྟ་བུ་ཞིག་འདུག
ཞིབ་པ་ཁོ་བོའི་རྩོམ་ཡིག་ལ་ཅིག་གཟིགས་རོགས།
འོན་ཀྱང་མཉམ་མེད་དྭགས་པོ་རིན་པོ་ཆེས་མཛད་པའི་ཐར་པ་རིན་པོ་ཆེའི་རྒྱན་དུ་སངས་རྒྱས་ཀྱི་སར་རྟོག་པ་ཁས་ལེན་གྱི་ལུགས་དེ་འདྲ་ཡང་ཡོད་སྐོར་གསུངས་འདུག་པས། དེ་དག་གི་ལུགས་ལྟར་ན་ནི་སངས་རྒྱས་ཀྱི་སར་Emotionཡོད་པ་ཡང་འགྲེལ་སྲིད།
མི་མང་ཁ་གསེར་ཟེར་བ་དེ་བདེན་འདུག ཐ་སྙད་དེ་གལ་ཆེན་པོ་ཞིག་ཡིན་མིན་གང་ལྟར། ཐ་སྙད་དེའི་སྐོར་ལ་བསམ་བློ་གཏོང་སྟངས་དང་སྐད་ཆ་འཆད་ཚུལ་འགའ་ཤེས་བྱུང་། ལྷག་ཏུ་སྨྲེང་ནི་སྨྲེ་སྔགས་ཞེས་པའི་སྔགས་སམ་ངག་གི་སྡུད་ཡིག་ཏུ་བཤད་པ་ནི། ངར་མཚོན་ན་གསར་འགྱུར་ཞིག་རེད།
སྤྱིར་ན་Emotion ཟེར་བ་འདི་ནུབ་ཕྱོགས་སུ་སྤྱོད་སྒོ་ཆེས་ཆེ་བའི་ཐ་སྙད་ཅིག་རེད། འཕེལ་འགྱུར་རིག་པའི་ཤིང་རྟ་ཆེན་མོ་ཆལསི་ཌར་ཝིན་(Charles Darwin)གཉིས་པར་འབོད་པའི་དེང་གི་སེམས་ཁམས་རིག་པ་བ་པཱོལ་ཨེཀི་མཱེན་(Paul Ekman)གྱིས་འདི་ལ་ཁྱད་ཆོས་འགའ་ཞིག་བགྲངས་ཡོད། ཁྱད་ཆོས་འདི་དག་ནི་དེང་གི་ཚན་རིག་པ་དང་། སེམས་ཁམས་རིག་པ་བ་འགར་ཡང་རྒྱུས་མངའ་ཆུང་བའི་གནས་སུ་གྱར་ཡོད་པས། སྤྱིར་བཏང་གི་མི་རྣམས་ཀྱིས་དུས་རྒྱུན་emotion ཞེས་པ་བཀོལ་བཞིན་པའི་གནས་སྐབས་སུ་ཐ་སྙད་འདིར་དེ་ལྟའི་མཚན་ཉིད་ཅིག་ལྡན་པའམ། ཚང་དགོས་པའི་གནས་ལུགས་ལ་བསམ་བློ་གཏོང་གི་ཨེ་ཡོད་སྙམ།
པཱོལ་ཨེཀི་མཱེན་གྱི་འདོད་ཚུལ་ལྟར་ན། Emotion ནི་འཕེལ་འགྱུར་གྱི་བརྒྱུད་རིམ་ཁྲོད་ནས་གསོན་གནས་ཀྱི་དགོས་མཁོའི་དབང་གིས་འདྲིས་འགྱུར་བྱུང་བ་དེ་ལྟར་ཡང་། ཕྱོགས་གཅིག་ནས་འདིས་མིའི་ལུས་སེམས་ཀྱི་བདེ་ཐང་ལ་གནོད་ཀྱིན་ཡོད། ཁོང་ཚོའི་འདོད་ཚུལ་ལྟར་ན་emotion ཡིན་ན་དགག་པ་དང་སྒྲུབ་པ་གཉིས་ལས་དགག་པ་ཤས་ཆེ་བར་འདོད་པ་དང་དུས་མཉམ་དུ། རླངས་འཁོར་ཆེས་མགྱོགས་པོར་བསྐོར་བའམ། ཡང་ན་གནམ་མཆོང་སོགས་ཀྱིས་བ་སྤུའི་བུ་ག་གཟེངས་པར་བྱེད་པའི་ཚོར་སྣང་བསྐྱེད་པ་དེའང་emotion ཡིན་པར་འགྲེལ་བཞིན་ཡོད། དེས་ན་དད་པས་སྤུ་ཀློང་གཡོ་བར་བྱེད་པའང་emotion ཡིན་དགོས་པར་འགྱུར་བ་དང་། དེས་ལུས་སེམས་ཀྱི་བདེ་ཐང་ལ་གནོད་པར་འདོད་དགོས་པ་སོགས་འབྱུང་བ་ཡིན་པས། ནང་པའི་ལྟ་གྲུབ་ཀྱི་ངོས་ཐད་ནས་བཤད་ན་འདི་འཐད་ལྡན་དུ་འདོད་ཁག་པོར་གྱུར་བ་རེད། དེ་ཙམ་དུ་མ་ཟད། emotion ནི་ལུས་ཀྱི་རང་འགུལ་མ་ལག་གི་ཐོན་བསྐྱེད་ཅིག་ཡིན་པ་ལས་ཤེས་པས་བསྡུས་པ་ཞིག་ཏུ་འདོད་ཀྱིན་མེད། དེང་རབས་སེམས་ཁམས་ཚན་རིག་གི་ངོས་ནས་བཤད་ན། emotion འདི་རྩ་མེད་བཟོ་ཐུབ་པ་ཞིག་མིན་ཡང་། ཤེས་པས་བར་གཅོད་ཐུབ་པ་ཞིག་ཡིན་པར་འདོད་པ་རེད།
དེས་ན། Emotion འདི་”སེམས་ཚོར་”མིན་ལ། “གདུང་ཚོར་”མིན། མིག་སྔར་སྤྱིར་བཏང་གི་འཚོ་བའི་ཁྲོད་བཀོལ་བཞིན་པའི་དོན་སྤྱི་ཙམ་གྱི་emotion དང་། ཆེད་མཁས་པའི་ཞིབ་འཇུག་གྲུབ་དོན་གྱིས་བརྡ་ལ་གོ་དོན་བསྙད་ནས་གཏན་ལ་ཕབ་པ་གང་ལ་གཞིགས་ཀྱང་། ཡུལ་མཐའ་འཁོབ་ལ་དྭགས་ཙམ་ལ་མ་ཡིན་པར། དེང་གི་བོད་ཀྱི་ཆོས་རིག་གི་ཕ་ས་དང་། ཕ་སྐད་ཀྱི་དབུགས་ངལ་གསོ་ས་མདོ་ཁམས་ཡུལ་དུ་གྲགས་ཆེ་བའི་”སྨྲེང་བ་”འདིས་མཚོན་མི་ཐུབ་པ་གང་ཡང་མེད་པར་སྙམ་མོ། །
tbrc ནས་འཚོལ་དང་། སྨྲེང་ཞེས་པ་ ༡༩༩ འདུག དཔེར་ན།
ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ།
དེ་ལྟར་རང་གི་གནས་ཚུལ་གང་ཡིན་མ་བཅོས་ལྷུག་པར་བུ་ཚས་ཕ་མར་སྨྲེང་བ་བཞིན་མཛེས་འཁྲིག་མེད་པར་གསོལ་བ་ལ་ཆོས་དབྱིངས་ཚོམ་་་་་་་་འཁྲུངས་མི་མངའ་བ་ནས་དེ་ཞབས་མི་ཡི་རྗེ་བོ་མཆོག་གྱུར་རྣམས་ཀྱིས་དཀྱུས་རིང་ཐུགས་རྗེའི་སྤྱན་རས་་་་ཀྱི་ནམ་ཡང་མི་བོར་བའི་ཕེབས་འོས་མེས་པོའི་རལ་རླུང་ལྟ་བུར་ཆད་པ་མེད་པ་ཅི་ནས་ཀྱང་མཁྱེན་མཁྱེན་་མཁྱེན་ཞེས་བརྒྱ་ཕྲག་དུ་མར་གསོལ་བ་འདེབས་པའོ།
ཀུན་མཁྱེན་པད་མ་དཀར་པོའི་གསུང་འབུམ།
དཔལ་ཤ་ཝ་རས། ཅི་ལ་ཡང་མི་སེམས་ཏེ། ཅི་ལ་ཡང་མི་སེམས་པས་ནི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས། དེ་ལ་ཁ་ཅིག རྟོག་པ་རྒྱུན་ཆད་པས་རྨོངས་པའི་སྒོམ་པར་སོང་ངོ་སྙམ་ནས་མ་རངས་པའི་ཚིག་གིས་ སྨྲེང་འདོན་པར་བྱེད་མོད། དེ་དག་གི་བསམ་པ་ལྟར་དུ་ག་ལ་འགྱུར་ཏེ། མདའ་བསྣུན་ཞབས་ཀྱིས། དྲན་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །དེ་ཉིད་ཀྱིས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འཆར། །ཞེས་པས་སོ།
ཨེ་མོ་ཤོན་ནི། གདུང་ཚོར་ཙམ་མ་ཡིན་པར། སེམས་ཚོར་ལ་གོ་དགོས་པའི། སེམས་ཚོར་དྲག་པོ་འདི་ཉིད། ཨེ་མོ་ཟོན་གྱི་སྐད་དོད་དུ་འཐད་དོ་སྙམ་ལགས།
ཨི་མོ་ཤོན། ཨེ་མོ་ཤོན། གཡི་མོ་ཤོན། དབྱི་མོ་ཤོན་སོགས་ནས་གང་འཐད། དེ་ནི་ངས་ནི་མི་ཤེས་སོ།།
རེད། ད་ལྟ་དངོས་སུ་འབྲོག་ས་མང་བོ་ཞིག་ནས་སེམས་པ་སྐྱོ་བ་ལ་༼སེམས་སྨྲོང་བ་༽ཟེར་བཞིན་ཡོད་པས་༼སྨྲེང་བ༽ནི་སྨོང་གི་འདས་དང་མ་འོང་ད་ལྟའི་གཅིག་ཨེ་ཡིན་ན་བསམ།
འཇིགས་མེད་བློ་གྲོས་ཞུ་བས་འདི་སྐོར་ལ་རྩོམ་ཡིག་ཡག་ཐག་ཅོད་ཅིག་བྲིས་ཚར། དཔྱད་གཞིའི་ཡིག་ཆ་ལ་ད་དུང་དཔྱད་འོས། སྙན་ངག་གི་ཉམས་འགྱུར་ཐ་སྙད་ལས་འགྱུར་བ་ཞེས་པའང་ཚིག་འདི་ལ་ཐག་ཉེ། ཆེད་ལས་མཁས་པའི་ཚིག་དང་རྒྱུན་སྤྱོད་ཀྱི་ཚིག་ལ་དབྱེ་བ་འབྱེད་གལ། ད་ལྟའི་ཚིག་མཛོད་དག་ན་
སྨྲེང་།
1. བྱེད་མེད་ལས་ཚིག ཡུལ་སྐད་ལ་ལར་སྐྱོ་བའི་དོན་ཏེ།
དཔེར་ན། ཞེ་སྐྱོ་ཞེས་པར་ཞེ་སྨྲེང་དང་། སེམས་སྐྱོ་ཞེས་པར་སེམས་སྨྲེང་ལྟ་བུ།
2. གསང་བའི་བརྡ་རྙིང་།
3. བཤད་པའི་བརྡ་རྙིང་།
འདི་འདྲ་འདུག ཅེས་སོ།།
དགའ་སྟོད་ཆེན་པོས་ཡིད་རབ་ཚིམ་གྱུར་ནས། ། ཞེས་པར་དཔེ་གཞན་ན།
དགའ་སྟོན་ཆེན་པོས་ཡིད་རབ་ཚིམ་གྱུར་ནས། ཞེས་དང་།
་
གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཚོར། །། ཞེས་པར་དཔེ་གཞན་ན།
གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར། ཞེས་ཡོད་པ་དག་དག་པར་སེམས་སོ།
་
མདོ་སྨད་ལུང་སྐད་སྨྲེང་བ་ཞེས་པ་བོད་སྐད་རྒྱབ་པ་ཡོངས་ཀྱིས་གོ་ཤིན་ཏུ་དཀའ། ཞེས་པ་མ་བརྟགས་པར་བྲིས་པ་ལ་དགོངས་འགལ་མེད་པར་ཞུ། དེ་ལ་མདོ་སྨད་ལུང་སྐད་ན་ལུས་ཡོད་པའི་བརྡ་རྙིང་སྨྲེང་སྟེ། ལ་དྭགས་གཤམ་སོགས་སུ་བརྡ་རྙིང་རྒྱལ་བ་ཞེས་པ་ལྟ་བུ་བོད་པ་ཡོངས་ཀྱིས་གོ་དཀའ། འོན་ཀྱང་རྒྱལ་བ་ཞེས་པ་འདི་བོད་དབུས་སྔ་རབས་པས་བཀོལ་བ་མཛངས་བླུན་དང་། འདུལ་བ་ཕྲན་ཚེགས་ན་ཡོད། རྒྱལ་བ་རིན་པོ་ཆེ་ཞེས་པ་ལྟ་བུ་མིང་དང་། རིན་རྒྱལ་བ་ཞེས་པ་ཁྱད་ཆོས་སོ། དེ་ཡང་སྨྲེང་ཞེས་པ་བརྡ་རྙིང་ཡིན་པར་སྐུ་གཤེགས་ཛ་ས་ནེ་གཱིས་བྲིས། དོན་དང་པོར་གསང་བ་དང་། གཉིས་པར་བཤད་པ་ཞེས་བྲིས་སོ།
“ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ། དེ་ལྟར་རང་གི་གནས་ཚུལ་གང་ཡིན་མ་བཅོས་ལྷུག་པར་བུ་ཚས་ཕ་མར་སྨྲེང་བ་བཞིན་”ཞེས་པ་བཞིན་དུ། “༧གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ནང་དུ་སྨྲེང་ཟེར་བའི་ཚིག་དེ་ཐེངས་མང་གསུངས་འདུག་”ཅེས་པ་ཙམ་མ་ཡིན་པར་ཇི་ལྟར་གསུངས་པའི་ཚིག་བརྗོད་འགའ་ཞིག་འགོད་ཐུབ་ན་གཞན་གྱི་སློབ་སྦྱོང་ལ་ཕན་པ་ཐུགས་ལ་འཇོག་དགོས།
་
སྐྱིད་གྲོང་ནས་ཕེབས་པ་འདྲ་ཡོད་ན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་སྣར་ཐར་སྤར་མ་བཀའ་འགྱུར་རིན་པོ་ཆེ་གླེགས་བམ་བརྒྱ་དང་གཅིག བསྟན་འགྱུར་རིན་པོ་ཆེ་གླེགས་བམ་ཉིས་བརྒྱ་དང་ཉི་ཤུ་རྩ་ལྔ་བཀྲ་ཤིས་བསམ་གཏན་གླིང་གི་གཙུག་ལག་ཁང་དུ་གདན་དྲངས་པ་ད་ལྟ་བཞུགས་ཡོད་མེད་གསུང་ཐུབ་མཁན་འདྲ་ཡོད་དམ་ཞུ་བ་ལགས་སོ།
་
ཡིག་ནོར་དག་ལ་ཞུས་དག་མཛོད
ལ་དྭགས་ལ་བོད་ཡིག་དར་ནས་ལོ་ངོ་བཅུ་ཕྲག་འགའ་ལས་འགོར་མེད་པས། ལ་དྭགས་སྐད་དུ་ཡོད་པ་དང་དག་པར་བརྩི་བ་དག་བོད་སྐད་དང་བསྡུར་ནས་བཤད་པ་ནི། བོང་སྒའི་ཁྱད་ཆོས་རྟ་སྒར་ཚང་ཡོད་མེད་བསྡུར་བ་དང་གཅིག་ཏུ་སྣང་།
སྨྲེང་བ་ཞེས་པ་མདོ་སྨད་སྐད་ཡིན་མིན་དང་། བསྟན་བཅོས་ལ་གྲགས་མིན། བོད་ཁམས་གཞན་ལ་གྲགས་མིན་སོགས་སྐབས་འདིའི་གླེང་གཞི་གང་ཡང་མ་རེད། མུ་ཏོ་བ་རེ་ཟུང་གིས་”མདོ་སྨད་ལུང་སྐད་” ཟེར་ནས་མདོ་སྨད་པར་ཅོ་འདྲི་བའི་རྣམ་པ་སྟོན་པ་ནི་རང་འཚང་བསྟན་པ་ཙམ་ལས་གཞན་མིན། མདོ་སྨད་པས་བོད་རིགས་རིག་གཉིས་ཀར་བྱས་རྗེས་བཞག་པ་ཉུང་ཚོད་མིན་ལ། དུས་ད་ལྟ་དང་། མ་འོངས་པར་བོད་སྐད་ཡིག་གི་རྐང་འཛིན་པའམ་མདོ་སྨད་པ་ཚོ་ཡིན། ཡུལ་མཐའ་འཁོབ་ལ་དྭགས་པ་རེ་གཉིས་ཀྱི་ལྟོ་གོས་འཁྱོང་བའང་མདོར་དེད་ན་མདོ་སྨད་པ་ཚོའི་དྲིན་ཡིན་པ་དྲན་ཤེས་པར་བྱས་བར་དོར་འཇིགས་སྐྲག་ཉུང་གི་རེད།
སྐབས་འདིར་མཁས་དབང་ཧོར་གཙང་འཇིགས་མེད་ཀྱིས་གླེང་བཞིན་པ་ནི། སྨྲེང་བ་་་་ ཟེར་བ་ emotion གྱི་སྐད་དོད་ལ་འཚམས་མིན་དེ་རེད། རིག་པ་ཡོད་ན་འདིར་བསྐོར་ནས་གླེང་རོགས།
གོ་ཁག་པོ་འདུག་ན་སློབ་སྦྱོང་བྱེད་དགོས་རེད། ཀླད་པ་ཀོ་གྱོང་དུ་གྱུར་ཟིན་པ་ཞིག་ལ་ཀ་ཡིག་གཡག་འདྲ་ཞིག་བྲིས་རུང་སྔར་བཞིན་གོ་ཁག་པོ་ཡིན་རྒྱུ་རེད།
emotion ནི། སེམས་ཚོར་དྲག་པོ་ལ་ཟེར། དེས་ན་འདིར་སྨྲེང་གི་དགོས་དོན་མི་འདུག་གོ།
འདྲེ་རིག་ལྡན་ལེགས། རང་གི་བསམ་འཆར་བྲིས་པ་ལ་བདག་གིས་གཏམ་ལན་ཞིག་འཇལ་དགོས།
“ལ་དྭགས་ལ་བོད་ཡིག་དར་ནས་ལོ་ངོ་བཅུ་ཕྲག་འགའ་ལས་འགོར་མེད་པས།” འགོར་མེད་ཅེས་པ་དེ་སོང་མེད་ཅེས་པའི་དོན་ཡིན་ནམ་སྙམ། ལ་དྭགས་བཞིན་དུ་ཨ་མདོ་ལ་ཡང་མང་པོས་བོད་ཡིག་འབྲི་རྩོམ་འགོ་ཚུགས་ནས་ལོ་ངོ་བཅུ་ཕྲག་འགའ་ཤས་ལས་སོང་པ་མེད་པ་གཅིག་མཚུངས་སུ་མཐོང་། འོན་ཀྱང་ལ་དྭགས་ལས་ཨམ་མདོར་ཡི་གེ་འབྲི་རྩོམ་ལོ་བཅུ་ཕྲག་སྔོན་ལས་ཡིན་ཤས་ཆེ། ཨ་མདོ་པའི་སྐད་དང་ལ་དྭགས་པའི་སྐད་བོད་སྐད་ཡིན་པ་འདྲ་མཉམ་ཡིན། དེ་ཙམ་དུ་མ་ཟད་ང་ལ་དངོས་བྱུང་གི་གཏམ་ཞིག་ཡོད། ལོ་ངོ་དྲུག་ཅུ་ཙམ་གྱི་སྔོན་དུ་བྱུང་བ་ཞིག་ཡིན། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་ཞིག་གིས་ཨ་མདོ་མ་ཞིག་ལ་ག་དུས་སླེབས་པ་ཡིན་ནམ ཞེས་པ་ཨ་མདོ་མས་མ་གོ་བ་ན། བདག་གིས་ནམ་སླེབས་པ་ཡིན་ནམ། ཞེས་པ་ན། ཨ་མདོ་མས་གོ་རྟོགས་བྱུང་སྟེ། ཁ་སང་སླེབས་པ་ཡིན། ཞེས་པ་ན། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་དེས་མངའ་རིས་པའི་སྐད་ཨ་མདོ་མས་གོ་བ་ཞེས་མ་རངས་པ་ལྟ་བུར་བརྩིས། འོན་ཀྱང་ཨ་མདོ་པའི་ཕལ་སྐད་མང་པོ་ལ་དྭགས་པས་མི་གོ་བ་དང་། ལ་དྭགས་པའི་ཕལ་སྐད་དུ་མ་ཨ་མདོ་པས་མི་གོ་བ་མང་དུ་ཡོད།
མུ་ཏོ་བ། ཞེས་པ་ལ་མུ་ལྟོ་བ་དང་། རང་འཚང་། ཞེས་པ་ལ་རང་མཚང་ཞེས་དཔེ་དག་པ་དང་བསྟུན་ནས་ཞུས་དག་བྱེད་དགོས། མུ་ཏོ་བ་རེ་ཟུང་གིས། ཁོ་བོར་དམིགས་ནས་ཚིག་རྩུབ་སྨྲས་པར་བསམས། རང་དང་གཞན་སུ་ཡིན་རུང་ཚིག་རྩུབ་སྨྲས་པའི་འབྲས་བུར་སྡུག་བསྔལ་མྱོང་དགོས་པ་ནི། མཐོང་བའི་ཆོས་ལ་སྟེ་ཚེ་འདི་ལ་མྱོང་དགོས་པ་དང་། ལན་གྲངས་གཞན་ལ་མྱོང་དགོས་པ་གསུམ་དུ་ཡོད། གལ་ཏེ་བདག་གིས་ཚིག་རྩུབ་སྨྲས་པ་ཡིན་ན། དེ་ཡི་འབྲས་བུ་བདག་རང་གིས་མྱོང་དགོས་སོ།
“ཡུལ་མཐའ་འཁོབ་ལ་དྭགས་པ་རེ་གཉིས་ཀྱི་ལྟོ་གོས་འཁྱོང་བའང་མདོར་དེད་ན་མདོ་སྨད་པ་ཚོའི་དྲིན་ཡིན་པ།” ཚིག་བརྗོད་འདི་བཞིན་མར་ཡུལ་ལ་དྭགས་པ་ལ་མདོ་སྨད་པ་ཚོའི་དྲིན་ཡོད་ཚུལ་རྒྱུ་མཚན་དང་བཅས་པ་བཤད་དགོས།
ལ་དྭགས་ལ་ཁྱོན་ཡོངས་མི་གྲངས་ཆིག་འབུམ་སྟོང་ཕྲག་ལྔ་བཅུ་ཙམ་ཡོད་པ་ལས་ཕྱེད་ཀ་ཆོས་ལུགས་ཕལ་ཆེ་བ་མུ་སུལ་མན་ཤ་ཧིད་དང་། སུ་ནི་ཡིན་ཅིང་། ཡི་ཤུའི་ཆོས་ལུགས་པ་མི་ཚང་ཁ་ཤས་ཡོད། མདོ་སྨད་ནི་འཐོན་ཁུངས་ཆེ་ཞིང་། མི་འབོར་གྲངས་བྱེ་བ་ཁ་ཤས་ཡོད་པས་ལ་དྭགས་མདོ་སྨད་པ་དང་བསྡུར་མི་ཐུབ་ཀྱང་། ཡུལ་ཆུང་ལ་དཔགས་པས་བོད་རིག་གཞུང་དང་ཆོས་ལ་དང་འདོད་ཆེ་སྟེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་མི་མང་གིས་ཆོས་དང་བོད་རིག་གཞུང་ལ་བརྩི་བཀུར་བྱེད་པ་ལ་དྭགས་པ་བཞིན་དགོས་ཞེས་རྒྱ་གར་ས་གནས་དུ་མར་གསུངས་པ་ཐོས། དེ་བཞིན་དུ། ༧རྒྱལ་བ་ཀ་རྨ་མཆོག་ལ་རྒྱ་གར་གཞུང་གིས་ཁྲིམས་འགལ་གྱི་དངུལ་མང་ཡོད་པའི་སྐྱོན་འཛུགས་བྱས་པ་ན་ལ་དྭགས་མི་མངས་ཀྱིས་རྒྱ་གར་གཞུང་གི་མི་རུང་བའི་བྱ་བར་ཁྲོམ་བསྐོར་གྱི་སྒོ་ནས་ངོ་རྒོལ་གྱི་སེངྒེའི་ང་རོ་སྒྲོགས་པའི་གནས་ཚུལ་ཐོས་སོ།
ལ་དྭགས་ན་འཁོར་རྣམ་པ་བཞི་ལས་གང་ཡང་རུང་བ་མང་པོ་ཡོད་པས་མཐའ་འཁོབ་ཏུ་འཇོག་མི་རུང་། བོད་དབུས་ཀྱི་མཐའ་རུ་ཡོད་པས། མཐའ་འཁོབ་ཏུ་འགྱུར་ན། ཨ་མདོ་དང་ལ་དྭགས་གཉིས་ཀ་མཐའ་འཁོབ་ཡིན་པ་སྒོ་ཀུན་ནས་མཚུངས་སོ། # 24 མཆན་འདི་ཡང་ཀློག་དགོས་སོ།
རྒན་འཇམ་དཔལ་ལགས། བདེན་པ་འདུག འདྲེ་རིག་ལགས་ཀྱིས། ཚིག་རྩུབ་གསུངས་པར། དགོངས་དག་ཞུས་ན་ན། མི་དག་པ་མེད་པས་་་་་་་
༼# 26 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
April 11th, 2015 at 12:31 AM
emotion ནི། སེམས་ཚོར་དྲག་པོ་ལ་ཟེར། དེས་ན་འདིར་སྨྲེང་གི་དགོས་དོན་མི་འདུག་གོ།༽
ཀརྡོ་མོ་རང་གིས་ཟེར་ན། emotion ལ་(སེམས་ཚོར་དྲག་པོ)་ཡིན་ཟེར། དེ་ན། very emotion ལ་ག་རེ་གསུང་ཡ་ཡིན་ནམ། ཧ་ཧ་ཧ།
ཕྱོགས་བཞི་མཚམས་བརྒྱད་ཀྱི་ཐོག་ལ་སྟེང་འོག་གཉིས་བསྣན་ནས་རྟོག་པ་ཡིན་ན། emotion་ནི་སེམས་ཚོར་དྲག་པོ་ལ་བསྒྱུར་ན། རྦད་རྦད་དུ་དུ་དུ་ནོར་རོ། ཧ་ཧ་ཧ།
ལ་དྭགས་པ་ལགས། ཨ་མདོའི་སྐད་བོད་སྐད་མ་རེད། ཨ་མདོའི་ཡི་གེ་བོད་ཡིག་མ་རེད། ཨ་མདོའི་ཡིག་གཟུགས་བོད་ཡིག་དང་འདྲ་བ་ཙམ་རེད། སྐུ་ཉིད་ཡིད་ཚིམས་སོང་ངམ། ཧུ་ཧུ་ཧུ་ཧུ་་་
རྒན་བོད་སྤྱི་སྐད་ལ་མཁས་པའི་དབང་བོ་ལ་དྭགས་བློ་བཟང་མཇལ་དཔལ་ལགས་ལ་ཞུ་བ། མངའ་རིས་སྐད་དང་སྟོད་པའི་སྐད། གཙང་པའི་སྐད་དང་ཆབ་མདོའི་སྐད། བྲག་མགོའི་སྐད་དང་ནག་ཆུའི་སྐད། སྡེ་དགེ་སྐད། མདོ་སྨད་སྐད་སོགས་སྨྲ་བ་བོ་ནི་མི་རིགས་གང་ལགས། སྐད་རིགས་གང་ལགས།
# 8 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
April 8th, 2015 at 12:54 AM
ཨི་མོ་ཤོན་ཡིན་ན། སྡུག་འཁུར་དང་། སྡུག་སྐད་ཡིན་ག་ལ་དགོས། ཨི་མོ་ཤོན་ཡིན་ལ། དགའ་བདེ་དང་། དགའ་དད་ཀྱི་ཨི་མོ་ཤོན་གྱིས། མིག་ཆུ་ཤོར་བ་བྱང་སེམས་དཔའ་ལ་ཡང་ཡོད་པ། དཔེར་ན།
མདོ་ལས།
ཆུ་བྱ་ལས་ནི་ཆུ་ཤེས་དང་། །
དུ་བ་ལས་ནི་མེ་ཤེས་ལྟར། །
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །
རིགས་ནི་མཚན་མ་དག་ལས་ཤེས། །
ཞེས་གསུངས་པ་ལྟ་བུའོ།།
ཨི་མི་ཤོན་ལ། དགའ་སྡུག་གཉིས་ཀ་ཡོད་པས། སེམས་འཚོར་དྲག་པོ་ཞེས་པ་འདི་ས་མི་འཐུས་པ་མེད་དོ།།
དཔལ་དོན་ལེགས།
“མངའ་རིས་སྐད་དང་སྟོད་པའི་སྐད། གཙང་པའི་སྐད་དང་ཆབ་མདོའི་སྐད། བྲག་མགོའི་སྐད་དང་ནག་ཆུའི་སྐད། སྡེ་དགེ་སྐད། མདོ་སྨད་སྐད་སོགས་སྨྲ་བ་བོ་ནི་མི་རིགས་གང་ལགས། སྐད་རིགས་གང་ལགས།” བོད་ཀྱི་མི་རིགས་སུ་ཚང་མ་ཕལ་ཆེར་གཅིག་མཚུངས་ཡིན་ཀྱང་། ཁ་ཅིག་འདྲེས་མ་དང་། བོད་ཀྱི་མི་རིགས་ལས་མཆེད་པ་མ་ཡིན་ཀྱང་། སྐད་རིགས་དང་རིག་གཞུང་བོད་ཡིན་པར་བརྩི། དཔེར་ན། ལ་དྭགས་གཤམ་ཕྱོགས་དང་། བོད་རིགས་ཟེར་བའི་ཡུལ་གྱི་གདོང་དབྱིབས་སོགས་བོད་རིགས་ལྟ་བུ་མེད་ཀྱང་། སྐད་དང་ཟ་ལུགས་འཐུང་ལུགས་བོད་པ་བཞིན་ནོ། བོད་དམག་ཕོན་ཆེ་བ་བོད་དབུས་ནས་ནུབ་ཕྱོགས་སྦལ་ཏི་ཡུལ། དིང་དུས་པཱ་ཀི་སྟཱན་ན་ཡོད་པ་བར་དུ་སླེབས་ནས་དཀའ་ངལ་ཆེན་པོས་གཞིས་ཆགས། སྔར་ཡོད་མི་རིགས་དེ་དག་བོད་མི་དང་འདྲེས་ཏེ། བོད་པར་གྱུར། དེའི་བོད་དབུས་སུ་མིག་མང་དྲགས་པས་རང་ཡུལ་དུ་ལོག་ཐུབ་པ་དཀའ་ཚེགས་ཆེ། དིང་སང་བལ་ཡུལ་ན་བོད་པའི་ཏ་མང་མི་རིགས་ཀྱང་བོད་ཀྱི་རྟ་དམག་བོད་དུ་ལོག་མ་ཐུབ་པར་བལ་ཡུལ་དུ་ལུས་པ་ཡིན་ཟེར་བ་ཐོས།
གོང་གསལ་ལུང་སྐད་གཙང་མ་སྟེ། ཁ་སྐད་དུ་འབྲི་ན། བོད་སྤྱི་ཡོངས་ཀྱིས་གོ་མི་ཐུབ། དོན་འདི་ལ་དགོངས་ནས། ས་སྐྱ་པཎྜིཏས།
ཆོས་ཀྱི་སྐད་དང་མཐུན་པ་ཡིན།
རང་ཡུལ་སྐད་ངན་སྤང་བར་བྱ།
་
ཞེས་གསུངས་ཤིང་དེ་དང་མཐུན་པར་སྤྱི་ལོ་ ༡༩༠༣་ནས་༡༩༥༡་བར་བཞུགས་པ། ཨ་མདོ་པ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་བླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན།
ངས་ལ་དྭགས་པ་རེ་གཉིས་ཟེར་ཡོད། ལ་དྭགས་པ་ཆིག་འབུམ་ལྔ་ཁྲི་ཡོད་ན་་་་་ དེ་དག་ལས་ལ་དྭགས་པ་བློ་བཟང་འཇམ་དཔལ་ལྟ་བུ། ཨ་མདོ་བ་པན་ཆེན་རིན་པོ་ཆེ་དང་། ཨ་མདོ་བ་རྒྱལ་བ་རིན་པོ་ཆེ་གཉིས་ཀྱི་ཐུགས་རྗེ་འོག་བོད་ཡིག་དང་བོད་སྐད་ཤེས་པར་གྱུར་བ་དང་། སླར་ཡང་ཁོང་གཉིས་ཀྱི་ཐུགས་རྗེ་འོག་ནས་རང་གི་ལྟོ་གོས་འཁྱོང་འདུག་པ་དེ་དཔེ་དང་བཅས་པ་ཡིན།
ཡུལ་མཐའ་འཁོབ་ཟེར་བ། རིག་གནས་མ་དར་བའི་ཡུལ་ལ་གོ་བ་ཡིན། བོད་ཀྱི་རྒྱལ་ས་དང་ཐག་ཉེ་མིན་གྱི་དབང་དུ་བཞག་པ་མིན།
ངས་དེ་སྔོན་རྒན་ལགས་མཁྱེན་དཔྱོད་ཡངས་ཤིང་། བོད་ཀྱི་རིག་གནས་ལ་དགའ་ཞེན་ཡོད་མཁན་ཞིག་རེད་དྲན་སོང་། ད་བསམ་ན། ཁྱེད་རང་དཔར་ཤིང་ཙམ་ཞིག་ལས་གང་རེད་མི་འདུག ཁྱེད་རང་ལ་བོད་སྐད་ཡིག་ལ་ཞུ་དག་བྱེད་རྒྱུའི་ཧམ་སེམས་ཡོད་པ་དང་། ཡོན་ཚད་དེ་མི་འདུག
བོད་ཀྱི་མཁས་པ་གོང་མ་ཚོས་དུས་རབས་དེར་བསྟུན་གྱི་སྐད་ཡིག་ཐོག་བསྟན་བཅོས་རྩོམ་པ་དང་། དེང་གི་བོད་ཀྱི་མཁས་པས། དུས་རབས་འདིར་བསྟུན་གྱི་བསྟན་བཅོས་དང་ཡི་གེ་རྩོམ་པ་རེད། སྐད་ཡིག་འདི་སྤྱི་ཚོགས་འཚོ་བ་དང་མཉམ་དུ་འཕེལ་འགྱུར་འགྲོ་དགོས་པ་རེད། དེ་ཇི་ལྟར་འགྲོ་དང་མི་འགྲོ་ང་ཚོ་བོད་ཀྱི་ཡི་གེ་བ་ཚོས་ཐག་གིས་གཅོད་རྒྱུ་རེད། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་ན་མཛེས་པོ་གང་མི་འདུག གུས་ཞབས་མེད་པ་ལྟ་བུར་གྱུར་སོང་ཡང་། དོན་དངོས་བཤད་ན་དེ་འདྲ་རང་རེད། ཁ་སྐད་ཡི་གེར་ཕབ་པས་སྐད་ཡིག་འཇིགས་འགྲོ་གི་ཡོད་ན། སྲིད་དོན་རྒྱལ་རབས་ཀྱིས་བོད་ཀྱི་སྐད་ཡིག་ཤུལ་མེད་བཟོས་ཚར་ཡོད་རྒྱུ་རེད། ཡིན་ན་ཡང་། དེ་ལས་ལྡོག་སྟེ། ཁ་སྐད་ཤས་ཆེ་བས་སྲིད་དོན་རྒྱལ་རབས་དང་། ཀུན་བཟང་བླ་མའི་ཞལ་ལུང་སོགས་ཀྱིས། ང་ཚོ་བོད་ཀྱི་ཆོས་སྲིད་གཉིས་ཀར་ཞབས་འདེགས་གང་ཆེ་ཞུ་བཞིན་འདུག
་་་་་་་་་་་་་ བོད་ཀྱི་མཁས་པ་གོང་མ་ཚོས་དུས་རབས་དེར་བསྟུན་གྱི་སྐད་ཡིག་ཐོག་བསྟན་བཅོས་རྩོམ་པ་དང་། དེང་གི་བོད་ཀྱི་མཁས་པས། དུས་རབས་འདིར་བསྟུན་གྱི་བསྟན་བཅོས་དང་ཡི་གེ་རྩོམ་པ་རེད། སྐད་ཡིག་འདི་སྤྱི་ཚོགས་འཚོ་བ་དང་མཉམ་དུ་འཕེལ་འགྱུར་འགྲོ་དགོས་པ་རེད། ་་་་་་་་་་་་་
་་་་་་་་་་་་་་་ ཁ་སྐད་ཡི་གེར་ཕབ་པས་སྐད་ཡིག་འཇིགས་འགྲོ་གི་ཡོད་ན། སྲིད་དོན་རྒྱལ་རབས་ཀྱིས་བོད་ཀྱི་སྐད་ཡིག་ཤུལ་མེད་བཟོས་ཚར་ཡོད་རྒྱུ་རེད། ཡིན་ན་ཡང་། དེ་ལས་ལྡོག་སྟེ། ཁ་སྐད་ཤས་ཆེ་བས་སྲིད་དོན་རྒྱལ་རབས་དང་། ཀུན་བཟང་བླ་མའི་ཞལ་ལུང་སོགས་ཀྱིས། ང་ཚོ་བོད་ཀྱི་ཆོས་སྲིད་གཉིས་ཀར་ཞབས་འདེགས་གང་ཆེ་ཞུ་བཞིན་འདུག ་་་་་་་་་་་་་་
ཇི་སྐད་དུ།
ཀུན་བསྟོད་ཀུན་བཀུར་ཀུན་ཕན་ཐོན་མིའི་ལུགས། །
ཀུན་གྱིས་ཀུན་བསླབས་ཀུན་གྱིས་གསར་བཅོས་ཤེས། །
རྙིང་ཀུན་སྦྱོངས་ཤིག་གསར་ཀུན་བྲིས་དང་ཤོད། །
ཀུན་བཤད་ཀུན་བྲིས་ཀུན་ལ་ཀུན་མཚུངས་གྱུར། །