ཧོར་གཙང་འཇིགས་མེད།
སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་[1]‘བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་།[2]’ (དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ་ཤོག་ངོས་༤༠༡)ཀྱིས། སྨྲེང་བ་ཞེས་པའི་ཡི་གེ་འདིར་གོ་དོན་གཉིས་བཤད་འདུག་པ་ནི། སྨྲེང་ཚིག་ནི་གསང་ཚིག་དང་སྨྲ་བ་ཙམ་ལའང་། སྨྲེང་བ་ནི་སྨྲ་བ། ཞེས་བྲིས་འདུག་པ་དེ་དག་ཡིན་ལ། མཁས་པ་འདི་བས་སྨྲེང་ཚིག་དང་སྨྲེང་བ་གཉིས་ལ་དབྱེ་བ་ཕྱེས་ཏེ། སྨྲེང་བའི་ཚིག་གམ་སྨྲེང་ཚིག་ལའང་གོ་དོན་གཉིས་བཀྲལ་ཅིང་། དང་བོ་གསང་ཚིག་དང་། ཕྱི་མ་གསང་ཚིག་མ་ཡིན་པའི་སྤྱིར་བཏང་གི་སྨྲ་བའམ་སྐད་ཆ་བཤད་པ་ཙམ་ལ་འགྲེལ་འདུག་པ་དང་། དེའི་མཇུག་ཏུ་ཡང་བསྐྱར་སྨྲེང་བ་ཞེས་པ་སྨྲ་བའམ་བཤད་པའི་བརྡ་རྙིང་དུ་འགྲེལ་བཤད་མཛད་འདུག
དག་ཡིག་གསར་བསྒྲིགས་སུ་(ཤོག་ལྷེ་༦༡༠)འདི་ལ་གོ་དོན་མི་འདྲ་བ་གསུམ་བཤད་པ་ལས།
༡། ཡུལ་སྐད་ལ་ལར་སྐྱོ་བའི་དོན་ཏེ། ཞེ་སྨྲེང་། ཞེ་སྐྱོ། སེམས་སྨྲེང་། སེམས་སྐྱོ་བ་ལྟ་བུ། སྨྲེང་གླུ་ནི་སྐྱོ་གླུའི་མིང་།
༢། གསང་བའི་བརྡ་རྙིང་།
༣། བཤད་པའི་བརྡ་རྙིང་། འདི་འདྲ་ཞིག་བྲིས་འདུག་ཅིང་། དག་ཡིག་གསར་བསྒྲིགས་མཛད་པ་བོས་སྨྲེང་བ་ཞེས་པའི་ཡི་གེ་འདིའི་གོ་དོན་གསུམ་བཤད་པའི་ཕྱི་མ་གཉིས་ནི་བརྡ་གསར་རྙིང་གི་རྣམ་བཞག་ལི་ཤིའི་གུར་ཁང་ལ་བསྟུན་པ་ཤེས་ཐུབ་ཀྱང་། ཅུང་ཟད་མི་འདྲ་ས་ཞིག་ཡོད་པ་ནི། སྨྲེང་ཚིག་དང་སྨྲེང་བ་གཉིས་ལ་དབྱེ་བ་ཕྱེ་མེད་པ་དེ་ཡིན། འདི་བས་སྨྲེང་ཡིག་གི་གོ་དོན་དང་བོར་ཡུལ་སྐད་ལ་ལར་སེམས་སྐྱོ་བའི་དོན་ཡིན་པར་གསུངས་པའི་ཡུལ་སྐད་ལ་ལ་ཞེས་པ་དེ་གང་ལ་ངོས་འཛིན་བྱེད་དགོས་པ་མི་གསལ་ཡང་། འདི་བ་མདོ་སྨད་མཚོ་སྔོན་གྱི་མི་ཡིན་པས། མཚོ་སྔོན་ཕྱོགས་སུ་དར་ཁྱབ་ཧ་ཅང་ཆེ་བའི་ལ་གཞས་དང་སྐྱོ་གླུ། དེ་བཞིན་སྙན་ངག་མང་བོ་ཞིག་ཏུ་ཡི་གེ་འདི་ཉིད་བེད་སྤྱོད་ཤུགས་ཆེན་གཏོང་གིན་ཡོད་པ་ལ་གཞིགས་ཏེ། ཁོང་གིས་གསུངས་པའི་ཡུལ་སྐད་ལ་ལ་ཞེས་པ་དེ་མདོ་སྨད་བྱང་རྒྱུད་ཀྱི་ཡུལ་སྐད་ལ་གོ་དགོས་པ་ཡིན་ནམ་སྙམ།
བོད་རྒྱ་ཚིག་མཛོད་ཆེན་མོར་(སྨད་ཆ་ཤོང་ལྷེ་༢༡༨༡) ཡང་། ༡། སྨྲེང་བ། (རྙིང་) སྨྲ་བ། ༢། སྨྲེང་ཚིག (རྙིང་) གསང་བའི་ཚིག འདི་འདྲ་ཞིག་བྲིས་འདུག་པ་སྐྱོགས་ལོའི་བརྡ་གསར་རྙིང་གི་རྣམ་བཞག་དང་བསྟུན་པ་ཤེས་ཐུབ།
མཁས་དབང་ཚེ་ཏན་ཞབས་དྲུང་(བོད་གངས་ཅན་གྱི་གཙུག་ལག་གསལ་བར་བྱེད་པའི་མིང་དང་བརྡའི་བསྟན་བཅོས་ཐོན་མིའི་དགོངས་རྒྱན། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ་གླེགས་བམ་ལྔ་བ་ཤོག་ངོས་༢༦༥) མཆོག་གིས། སྨྲེང་བ། སྨྲ་བའི་བརྡ། སྨྲེང་ཚིག གསང་ཚིག་གི་བརྡ། ཞེས་གསུངས་ཡོད་ཅིང་། འདི་ཡང་སྐྱོགས་ལོའི་དགོངས་པ་ཇི་བཞིན་ཡིན་པ་གསལ་བོ་ཡིན། འོན་ཀྱང་འདི་བས་བརྡ་དང་ཐ་སྙད་སྨྲ་བ་གཞན་པ་ཚོ་དང་ཆེས་མི་འདྲ་བ་ཞིག་གསུངས་འདུག་པ་ནི། སྨྲེ་བ། སྨྲ་བའི་བརྡ། ཞེས་གསུངས་འདུག་པ་འདི་ཡིན། འདི་བའི་བཞེད་པ་ལྟར་ན། སྨྲེ་བ་ནི་བཤད་པ་ཙམ་ལ་གོ་དགོས་པ་དང་། སྨྲེ་ངག་ཅེས་བརྗོད་ཚེ་གཞི་ནས་སྐྱོ་བའི་ངག་ཏུ་འགྱུར་དགོས་པ་ལྟ་བུའི་ཉམས་ཞིག་འདུག་ཀྱང་། ཐ་སྙད་ལ་མཁས་པར་གྲགས་པ་ཕལ་མོ་ཆེས་སྨྲེ་ཡིག་འདི་སྐྱོ་ངག་སྟོན་པའི་ཐ་སྙད་ཅིག་ལ་འགྲེལ་གྱིན་ཡོད་པ་གཅིག་མཚུངས་ལྟ་བུར་སྣང་བས་དཔྱད།
གང་ལྟར་གོང་དུ་བཀོད་པ་དེ་དག་ནི་བོད་ཀྱི་བརྡ་དང་ཐ་སྙད་དང་འབྲེལ་བ་ཡོད་པའི་ཡིག་ཆ་གལ་ཆེན་ཁག་ཅིག་ཏུ་ཇི་ལྟར་འགྲེལ་བའི་དཔེ་མཚོན་ཙམ་ཡིན་ལ། ཐ་སྙད་འདིའི་དོན་དུ་ཡིག་ཆ་མང་བོ་ལ་གཞི་རྒྱ་ཆེ་བའི་ཞིབ་འཇུག་བྱེད་པའི་ཁོམ་ལོངས་མ་བྱུང་ཞིང་། དེང་དུས་སྐད་གྲགས་གང་འཚམ་ཡོད་པའི་དུང་དཀར་ཚིག་མཛོད་ཆེན་མོར་ཐ་སྙད་འདི་ཚུད་མི་འདུག
བདག་རང་ཉིད་ལ་ཐོས་པ་ཉུངས་པའི་སྐྱོན་གྱིས་ད་སྔ་སྨྲེང་བའི་མཚན་ཉིད་བཞག་པ་ཞིག་མ་མཐོང་ཡང་། ཐ་སྙད་དེའི་སྤྱོད་སྒོ་ལ་རྒྱ་ཆེ་ས་ནས་བལྟས་ན། དགའ་སྐྱོ་ཆགས་སྡང་གི་ཤུགས་རྒྱས་པའི་གནས་སྐབས་ཀྱི་སེམས་འགྱུ་ལྟ་བུ་ཞིག་ལ་བཞག་ན་འགྲིག་པ་འདྲ།
སྨྲེང་བ་ཞེས་པའི་ཡི་གེ་འདི་ཕལ་ཆེར་གཞུང་བཀའ་པོད་ལྔའི་ནང་ཚུད་ཡོད་མེད་ལ་ཐེ་ཚོམ་འདུག་ཅིང་། འདུལ་བ་ལུང་སྡེ་བཞི་སོགས་སུ་ཚུད་ཡོད་མེད་ལ་བལྟ་རྒྱུ་མ་ལྕོགས། ད་སྔ་མཐོང་བའི་ལོ་རྒྱུས་དང་ཆོས་འབྱུང་གི་ཡིག་ཆ་ཁག་ཏུ་ཚུད་ཡོད་མེད་ཀྱང་དྲན་ངོ་ན་མི་འདུག
ཚིག་མཛོད་ཁག་གི་འགྲེལ་སྟངས་ལ་གཞིགས་ན་ཐ་སྙད་འདི་དེ་ཙམ་རྒྱུགས་མི་ཆེ་བའི་བརྡ་རྙིང་ཞིག་ཏུ་ངོས་འཛིན་གནང་གིན་ཡོད་པ་མཐོང་ཡང་། སྙན་ངག་པ་ཚོར་བེད་སྤྱོད་ཆེ་བའི་ཐ་སྙད་ཅིག་ཡིན་ལ། ནང་སྒོས་སུ་མདོ་སྨད་ཕྱོགས་སུ་འཚར་ལོངས་བྱུང་བའི་སྙན་ངག་པ་ཚོས་ཐ་སྙད་འདི་བེད་སྤྱོད་བཏང་བ་ཉུང་ཉུང་མིན།
ཡི་གེ་དང་འབྲེལ་བའི་ལས་ཀ་བྱེད་མཁན་ཞིག་ལ་མཚོན་ན་དུས་རྒྱུན་དུ་དོ་སྣང་བྱེད་ས་གཅིག་ནི་ཡི་གེ་ཡིན་ལ། ཡི་གེ་འབྲི་སྐབས་སྤྱོད་འོས་པའི་ཐ་སྙད་ཚད་ལྡན་མ་རག་པའི་དཀའ་ངལ་ཡང་ཡང་འཕྲད་ཀྱིན་འདུག་མོད། འོན་ཀྱང་ཞིང་འབྲོག་མི་དམངས་ཀྱི་ནང་དུ་འཚར་ལོངས་བྱུང་མཁན་ཞིག་ཡིན་ཕྱིན། ཕྱིས་སུ་བསྒྲིགས་པའི་ཚིག་མཛོད་ཁག་དང་། དགེ་འདུན་པ་རྣམས་ཀྱི་སྒེར་ཆོས་ལྟ་བུར་གྱུར་པའི་ནང་བའི་གསུང་རབ་ཀྱི་གཞུང་དུ་ཐེབས་མིན་ལ་མ་ལྟོས་པར། ཞིང་འབྲོག་མི་དམངས་ཀྱི་འཚོ་བ་དངོས་ཀྱི་སྐད་ཆའི་ཁྲོད་མིང་དང་ཚིག་ཡ་མཚན་པ་མང་བོ་རྙེད་དུ་ཡོད་པ་ཡིན་ལ། ང་ཚོའི་ཐ་སྙད་ཀྱི་རྒྱ་མཚོ་དངོས་ནི་ཞིང་འབྲོག་མི་དམངས་ཀྱི་སྐད་ཆ་ཡིན། བོད་མི་དམངས་ཀྱི་སྐད་བརྡ་རྨང་གཞི་ལ་བཞག་ནས་གསུང་རབ་ཀྱི་ཐ་སྙད་གཏན་འབེབས་མཛད་པ་ལས། གལ་སྲིད་མི་དམངས་ཀྱི་ཁ་སྐད་དང་ཁ་གྱེས་པའི་སྐད་བརྡ་རྨང་གཞི་ལ་བཞག་པ་ཡིན་ན། རྒྱལ་བའི་གསུང་རབ་ཁག་གི་དགོངས་དོན་བོད་མིའི་སྤྱི་ཚོགས་སུ་ཁྱབ་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན།
ཐོག་མར་རྒྱལ་བའི་གསུང་རབ་བོད་སྐད་དུ་བསྒྱུར་སྐབས། བརྡ་ཆད་མང་ཙམ་ཆེད་དུ་གསར་བཟོ་གནང་བ་ལས་གཞན་པའི་ཐ་སྙད་ཕལ་ཆེ་བ་བོད་ཞིང་འབྲོག་མི་དམངས་ཀྱིས་ཉིན་རེའི་འཚོ་བའི་ནང་སྤྱོད་བཞིན་པའི་སྐད་ཆ་རང་ཡིན། འོན་ཀྱང་ལོ་ངོ་ཆིག་སྟོང་ལྷག་གི་རིང་ལ་ཞིང་འབྲོག་མི་དམངས་ཀྱིས་ཡི་གེ་སྦྱོང་བའི་གོ་སྐབས་མ་རག་སྟབས། མི་དམངས་དཀྱུས་མའི་སྐད་ཆ་དང་གསུང་རབ་ཀྱི་ཐ་སྙད་གཉིས་མཉམ་འདྲེས་སུ་གྱུར་མ་ཐུབ་པར། གསུང་རབ་ཀྱི་ཐ་སྙད་ཁག་དགེ་འདུན་པ་ཚོ་སྒེར་གྱི་ཚིག་ཚོགས་ལྟ་བུ་ཆགས་ཞིང་། དགེ་འདུན་པ་ཚོ་གསུང་རབ་ཀྱི་ཐ་སྙད་གཅིག་པུའི་ནང་ཐིམ་སྟེ། མི་དམངས་སྤྱི་བྱིངས་ཀྱི་སྐད་ཆ་ལ་ཕལ་དམ་ཡུལ་སྐད་དུ་བལྟས་ཏེ། ཐ་སྙད་ཀྱི་ཁོར་ཡུག་མི་འདྲ་བ་དེ་གཉིས་ཁ་གྱེས་ཏེ། དེ་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་ཕྱིན་ཡོད། དེར་བརྟེན་ནང་བའི་གཞུང་ལུགས་སྨྲ་བ་མང་ཤོས་ཀྱིས་མང་ཚོགས་དཀྱུས་མའི་ཁྲོད་ཡོད་པའི་ཐ་སྙད་མང་བོ་ཞིག་མཐོང་ཐོས་ཀྱི་ཡུལ་དུ་འགྱུར་གྱིན་མེད་ཅིང་། དེ་མ་བྱུང་བ་ལ་བརྟེན་ནས་ད་ལྟ་མི་དམངས་དཀྱུས་མས་གོ་དཀའ་ཞིང་དོན་དངོས་དང་མི་མཐུན་པའམ། ཡང་ན་བོད་རང་གི་སྐད་གཤིས་མི་ལྡན་པའི་ཐ་སྙད་བཙན་བཟོ་བྱས་པའི་ནོར་འཁྲུལ་ཁག་ཅིག་བོད་ཕྱི་ནང་གཉིས་སུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ཡིན།
ལྷག་པར་དུ་འདས་པའི་ལོ་ངོ་ཧ་ཅང་མང་བོའི་རིང་བོད་ལ་གཞུང་ལམ་དང་ཟམ་པ་སོགས་འཛུགས་སྐྲུན་ཡར་རྒྱས་སུ་གཏོང་མ་ཐུབ་པས་འགྲིམས་འགྲུལ་སྟབས་བདེ་མེད་པའི་དབང་གིས། བོད་ཡུལ་སྟོད་སྨད་བར་གསུམ་གྱི་མི་རྣམས་ཕན་ཚུན་བར་འགྲུལ་བཞུད་བྱེད་རྒྱུ་ཧ་ཅང་ཉུངས་ཤིང་། མི་ཕལ་ཆེར་རང་ཉིད་སྐྱེས་སའི་ཡུལ་ལུང་དེ་ཉིད་དུ་རྒས་ནས་འཆི་བཞིན་ཡོད་སྟབས། དབུས་ཁུལ་དུ་བསྟན་པ་སྔ་དར་དང་ཕྱི་དར་གྱི་མགོ་སྟོད་དུ་གཏན་འབེབས་བྱས་པའི་སྐད་གསར་བཅད་ཀྱི་ཐ་སྙད་དེ་དག་བོད་སྐད་བཤད་པའི་ཡུལ་ཁམས་ཚང་མ་ལ་ཁྱབ་མ་ཐུབ་ཅིང་། མདོ་ཁམས་དང་མངའ་རིས་ལ་དྭགས་སོགས་ཕྱོགས་མཐའི་མི་དམངས་ཀྱི་སྐད་ཆའི་ཁྲོད་སྔར་གྱི་བརྡ་རྙིང་མང་བོ་ཞིག་ལྷག་ལུས་བྱུང་ནས་ཡོད་ཅིང་། དབུས་ཁུལ་དུ་གདོད་མའི་མིང་ཚིག་ཐ་སྙད་མང་བོ་ཞིག་གཏན་ཡལ་ལྟ་བུར་གྱུར་ཏེ། བོད་ཀྱི་ཡུལ་ལུང་སོ་སོའི་བར་ཐ་སྙད་བེད་སྤྱོད་གཏོང་སྟངས་ལ་ཧེ་བག་ཧ་ཅང་ཆེན་པོ་ཞིག་ཤོར་ཡོད།
མདོ་ཁམས་སོགས་ཕྱོགས་མཐའི་སློབ་གཉེར་བ་གང་འཚམ་ཞིག་ཡུལ་དབུས་སུ་ཕེབས་ཏེ་དབུས་ཀྱི་གདན་ས་ཁག་གི་གསུང་རབ་ཀྱི་བརྡ་ཆད་ཁག་དུས་རབས་རེ་རེ་བཞིན་གསར་སྣོན་སློབ་སྦྱོང་བྱེད་ཐུབ་ཀྱིན་ཡོད་རུང་། སློབ་གཉེར་བ་ཁོང་ཚོ་ཕྱིར་རང་ཡུལ་དུ་ཕེབས་ནས་མུ་མཐུད་ནས་དགོན་པ་གཅིག་པུའི་ནང་བཞུགས་ཀྱིན་ཡོད་སྟབས། མདོ་ཁམས་ཀྱི་དགོན་སྡེ་ཁག་གི་གསུང་རབ་ཀྱི་སྐད་བརྡ་དུས་ནས་དུས་སུ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་ལས། ཞིང་འབྲོག་མི་དམངས་ཀྱི་བརྡ་དང་ཐ་སྙད་ལ་ཤུགས་རྐྱེན་དང་ཡར་རྒྱས་ཀྱི་རྣམ་པ་གང་ཡང་ཐོན་ཐུབ་ཀྱིན་མེད།
ང་ཚོས་རང་གི་ཉམས་མྱོང་གི་ཐོག་ནས་བལྟས་ན། གཞུང་བཀའ་པོད་ལྔའི་ནང་དུ་མིང་དང་ཚིག་གི་ཚོགས་ཧ་ཅང་མང་བོ་མེད་ཅིང་། འདུལ་བའི་བྱུང་རབས་ལས་གཞན་པའི་གཞུང་ཆེན་ཁག་གི་ཚིག་ཚོགས་ཕལ་ཆེར་འདྲ་མཚུངས་ལྟ་བུ་ཡིན་ལ། གལ་སྲིད་གསུང་རབ་ཀྱི་ཁྲོིད་དུ་ཡོད་པའི་བོད་སྐད་ཀྱི་བརྡ་རྙིང་དང་ཚིག་ཚོགས་མི་འདྲ་བ་འཚོལ་དགོས་ན། འདུལ་བ་ལུང་སྡེ་བཞི་ལས་ལྷག་ཡོད་མི་སྲིད་དེ། དེའི་རྒྱུ་མཚན་ལུང་སྡེ་བཞི་ནི་གཞུང་ལུགས་ཤས་ཆུང་ཞིང་། གཏམ་རྒྱུད་ཤས་ཆེ་བ་ཡིན་སྟབས་མིང་དང་ཚིག་མི་འདྲ་མང་བོ་ཞིག་མེད་ཐབས་མེད་པ་ཡིན། ཡིག་རིགས་གང་ཞིག་ཡིན་ཀྱང་གཏམ་རྒྱུད་བཤད་པ་ལ་ཐ་སྙད་ཧ་ཅང་སྣེ་འཛོམས་དགོས་པ་ཡིན་ལ། ཐ་སྙད་འཛོམས་པོ་མེད་ན་གཏམ་རྒྱུད་བཤད་མི་ཐུབ་ཅིང་། ལྷག་པར་དུ་གཏམ་རྒྱུད་སྙན་པོ་དང་། མི་སེམས་འགུག་པའི་གཏམ་རྒྱུད་དེ་བས་ཀྱང་བཤད་མི་ཐུབ་པའི་སྟབས་ཀྱིས་ཡིན། གང་ལྟར་ཞར་འཕྲོས་ཀྱི་སྐད་ཆ་འདི་དག་ནི་ནམ་རྒྱུན་ནས་བརྡ་དང་ཐ་སྙད་སོགས་སྐད་ཡིག་གི་སྐོར་ལ་འཆར་བཞིན་པའི་བསམ་ཚུལ་ཁག་ཅིག་ཡིན།
སྨྲེང་བ་ཞེས་པའི་ཡི་གེ་འདི་འཇིག་རྟེན་གྱི་ཕོ་མོ་མཐུན་སྦྱོར་གྱི་སེམས་ཁམས་མཚོན་བྱེད་དུ་བེད་སྤྱོད་བཏང་བ་ཧ་ཅང་མང་། དཔེར་ན། ཨ་མདོའི་ལ་གཞས་ཀྱི་ནང་དུ།
བྱ་ཁུ་བྱུག་སྙིང་ལ་རྗེ་བོ།།
ཁྱོད་རི་གསུམ་རྩེ་ནས་གྲག་ན།།
ང་ལུང་གསུམ་མདོ་རུ་སྨྲེང་གི།
ངའི་སྨྲེང་བ་ཤིང་ལ་བཀུག་ན།། (བཀུག་ཅེས་སྐབས་འདི་ཆ་བཞག་པའི་དོན་ཡིན།)
ཤིང་ལོ་མར་མདུད་པ་ཕོག་གི།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཁྱོད་སྡེ་གསུམ་དཀྱིལ་ནས་མཐོང་ན།།
ང་སྡེ་ལུང་མཐའ་ནས་སྨྲེང་གི།
ངའི་སྨྲེང་བ་སེམས་ལ་བཀུག་ན།།
ཤ་མཆིན་པར་གཏིང་འོག་བརྗེ་གི། ལྟ་བུ་ཡིན་ལ། འདི་ནང་སེམས་ཀྱི་སྐྱོ་བ་དང་དྲན་པ་མཚོན་པར་བྱེད་པའི་གཞས་ཚིག་ཅིག་ཡིན་ཀྱང་། འདིའི་སྐབས་ཀྱི་སེམས་ཚོར་དེ་སྨྲེང་བ་(emotion)ཡིན་པ་ཤེས་སླ།
རྗེ་ཙོང་ཁ་བ་ཆེན་པོའི་དངོས་སློབ་རྒྱལ་དབང་སྐུ་ཕྲེང་དང་བོ་དགེ་འདུན་གྲུབ་པས་ཁོང་གི་བླ་མ་རྗེ་བཙུན་བློ་བཟང་གྲགས་པ་དྲན་པའི་གསུང་མགུར་གྲགས་ཆེན་ཤར་གངས་མར་འབོད་པ་ལས།
ཤར་གངས་རི་དཀར་པོའི་རྩེ་མོ་ན།།
སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ།།
སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན།།
འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར།།
མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ།།
ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས།། ཞེས་གསུངས་འདུག་པ་འདི་འདྲ་ནི་རྩོམ་སྐབས་ཀྱི་བླ་མ་དྲན་པའི་ཚོར་འདུ་ཤུགས་དྲག་པོ་རྒྱས་པའི་སེམས་ཁམས་དེ་སྨྲེང་བའམ་ཨེམ་མོ་ཤོན་(emotion) ཡིན་པ་གསལ་བོར་རྟོགས་ཐུབ་ཅིང་། ད་དུང་འདི་དང་འདི་ལྟ་བུའི་རྩོམ་ཉམས་ལྡན་པའི་སྙན་རྩོམ་དང་མགུར་མ་མང་བོ་རྙེད་དུ་ཡོད་པ་ཡིན།
ང་ཚོས་བསམ་གཞིགས་གཏིང་ཟབ་པོ་གཏོང་དགོས་པའི་གནད་འགག་གལ་ཆེན་ཞིག་ཡོད་པ་ནི། བོད་སྐད་ཀྱི་ནང་དུ་ཡོད་པའི་སྨྲེང་བ་དང་། དབྱིན་ཡིག་གི་ནང་དུ་ཡོད་པའི་ཨེམ་མོ་ཤོན་(emotion)གཉིས་གང་ལ་བསམས་ཀྱང་ཐ་གཅིག་ཏུ་སྐྱོ་གདུང་གི་ཚོར་བ་ཡིན་དགོས་པའི་ངེས་པ་མེད་པར། དགའ་སྐྱོ་ཆགས་སྡང་གི་གནས་སྐབས་གང་དུའང་སེམས་ལ་སྨྲེང་བ་སྐྱེ་བ་སྟེ། དཔེར་ན། རྒྱུན་རིང་བོར་འབྲེལ་གཏུགས་བྱེད་མ་ཐུག་པའི་མཛའ་གྲོགས་ཤིག་དང་གློ་བུར་དུ་ཐུག་ན་སེམས་ལ་བརྗོད་མི་ཤེས་པའི་ཚོར་བ་ཤུགས་དྲགས་སླེབས་པ་དེ་ཉིད་སྨྲེང་བ་དང་ཨེམ་མོ་ཤོན་(emotion)རང་ཡིན་ལ། མི་ཞིག་གིས་ཧ་ཅང་སེམས་འགུལ་ཐེབས་པའི་སྐད་ཆ་ཞིག་བཤད་སྐབས་གདོང་གི་མདོག་དང་། མིག་གི་འོད་མདངས། ལུས་ཀྱི་ཉམས་འགྱུར་གྱི་བཅས་ཀྱི་ཐོག་ནས་སེམས་ལ་ཟུག་པོ་བྱུང་བ་ཤེས་ཐུབ་པའི་གནས་སྐབས་ཀྱི་སེམས་འགྱུ་དེ་ཡང་སྨྲེང་བ་དང་ཨེམ་མོ་ཤོན་རང་ཡིན།
ང་ཚོས་རྣམ་འགྱུར་དང་གནས་སྐབས་འདི་དག་ངེས་ཟིན་པའི་རྗེས་སུ། དགའ་རོགས་གསར་བ་གཉིས་ཀྱིས་ཕན་ཚུན་ལ་མཛའ་སེམས་སྟོན་པ་དང་། ཡང་ཕ་མ་གསོད་པའི་ལག་དམར་ལྟ་བུ་སྙིང་ནས་མི་དགའ་བའི་མི་ཞིག་དང་ཐུག་སྐབས་སེམས་ཁོང་ནས་ཁྲོ་བའི་གནས་སྐབས་ཀྱི་སེམས་འགྱུ་དེ་ཡང་སྨྲེང་བ་དང་། ཨེམ་མོ་ཤོན་གཉིས་ཀ་ཡིན།
དེ་བཞིན་དཔལ་འབྱོར་གྱི་དཀའ་ངལ་ཡོད་མཁན་གྱི་མི་ཞིག་གིས་རྒྱན་འཛུགས་(lottery)བྱས་ཏེ་སྒོར་མོ་ས་ཡ་མང་བོ་ཐོབ་པ་ཤེས་པའི་གནས་སྐབས་ཀྱི་སེམས་འགྱུ་དྲག་པོ་དེ་ཡང་སྨྲེང་བ་དང་ཨེམ་མོ་ཤོན་གཉིས་ཀ་ཡིན།
ད་དུང་སྨྲེང་བའི་རྣམ་འགྱུར་དང་གནས་སྐབས་གཞན་མང་བོ་ཡོད་དེ། དཔེར་ན། རྒྱང་རིང་ལ་འགྲུལ་བཞུད་གཉེར་མཁན་ཞིག་གིས་རི་རྒྱུད་ཆེན་པོ་ཞིག་བརྒལ་བརྒལ་མཐར་ཡངས་ཤིང་རྒྱ་ཆེ་བའི་སྤངས་ལྗོངས་མེ་ཏོག་གིས་རྒྱན་པ་ལྟ་བུ་མཐོང་སྐབས་སེམས་སུ་ཟད་མི་ཤེས་པའི་ཚོར་བ་སྐྱེས་པ་དེའང་སྨྲེང་བ་དང་ཨེམ་མོ་ཞོན་གཉིས་ཆ་ཡིན་པ་དང་།
གཞན་ཡང་སོས་དུས་སུ་རུ་སྡེའི་ནང་གླེང་བུའི་སྐད་སྙན་འབུད་པ་ཐོས་པ་དང་། ཞིང་ཁ་དང་རི་ཐང་དུ་ལྗང་མྱུག་གི་རྩེ་མོ་འབུས་ནས་འོངས་པ་དང་། ཁམ་སྡོང་གི་མེ་ཏོག་ཤར་བ་ལྟ་བུ་མཐོང་ཚེ་སེམས་ལ་ཚོར་བ་རྣོན་པོ་སྐྱེས་པ་དེ་དག་ཀྱང་། རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་བརྟེན་ནས་སེམས་ལ་སྨྲེང་བ་བསྐྱེད་པ་ཡིན་ལ། གཅིག་པུ་རི་སྟོང་ལུང་སྟོང་དུ་བསྡད་ནས་ངལ་དུབ་དང་སྐྱོ་སྣང་གིས་མནར་བའི་ལུག་རྫི་ལྟ་བུས། གློ་བུར་དུ་ཁུ་བྱུག་གི་སྐད་སྙན་ཐོས་ཚེ་སེམས་པ་ཚ་སོབ་སོབ་ཆགས་པའི་གནས་སྐབས་ཀྱི་སེམས་འགྱུ་དེ་ཡང་སྨྲེང་བ་ཡིན།
ད་དུང་རང་ཉིད་དད་སའི་བླ་མ་དགེ་བའི་བཤེས་དང་། དགེ་རྒན་ལྟ་བུས་ལེགས་བཤད་ཀྱི་སྐྱེས་ངོ་མཚར་བ་སྩོལ་སྐབས་ལུས་ཀྱི་བ་སྤུ་ལྡང་བའི་གནས་སྐབས་ཀྱི་སེམས་ཁམས་དེའང་སྨྲེང་བ་ཡིན།
ད་དུང་རང་གིས་ཕར་རྒོལ་བྱེད་མི་ཐུབ་པའི་མི་གཞན་གྱིས་རང་ཉིད་ལ་མཐོང་ཆུང་དང་འབུར་འཇོམས་བྱས་པ་ལ་བརྟེན་ནས། རང་སེམས་སུ་ཁོང་ཁྲོ་དང་འཁོན་འཛིན་ཤུགས་དྲག་རྒྱས་ཏེ་ལུས་པོ་འདར་ཞིང་མིག་ཆུ་འགོག་མི་ཐུབ་པའི་གནས་སྐབས་ཀྱི་སེམས་ཚོར་དྲག་པོ་དེའང་སྨྲེང་བ་ཡིན།
ང་ཚོས་གོང་གི་མིའི་སེམས་ཁམས་ཀྱི་འགྱུ་བ་སྣ་ཚོགས་དང་འབྲེལ་ནས་སྨྲེང་བ་མངོན་དུ་འགྱུར་བའི་གནས་སྐབས་མང་བོ་ཞིག་རྟོགས་ཟིན་པའི་རྗེས་སུ། སྨྲེང་བ་ཞེས་པ་དེ་མཐའ་གཅིག་ཏུ་སྐྱོ་བ་ལ་གོ་མི་དགོས་པ་དང་། ལྷག་པར་དུ་གསང་བ་དང་བཤད་པ་ཙམ་ལ་གོ་ན་ཁྱབ་ཆུང་བའི་སྐྱོན་ཡོད་པ་ནི་ཧ་ཅང་གསལ་བོ་ཡིན།
ད་དུང་རྗེ་ཙོང་ཁ་ཆེན་པོས་ཁོང་གི་ལྗགས་རྩོམ་གྲགས་ཆེན་དྲང་ངེས་ལེགས་བཤད་སྙིང་བོ་རྩོམ་མཇུག་གྲུབ་ནས་ཡོང་སྐབས།
ཤིན་ཏུ་དཔག་དཀའ་ཟབ་དང་རྒྱ་ཆེའི་གནས། །
ཇི་བཞིན་རྙེད་ནས་ཚུལ་བཞིན་འདྲིས་བྱས་པས། །
ཏིང་འཛིན་ཤེས་རབ་ཚུལ་ཁྲིམས་ཡོངས་དག་པའི། །
དགའ་སྟོད་ཆེན་པོས་ཡིད་རབ་ཚིམ་གྱུར་ནས། །
རེས་འགའ་རྒྱལ་ལ་དད་པའི་དགའ་བ་རྒྱས། །
སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །
གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང༌། །
ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང༌། །
བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །
འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར། །
དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས། །
གང་གིས་བཙལ་བས་རྙེད་བའི་རིགས་པའི་ལམ། །
དེ་ཡི་རྣམ་འཕྲུལ་ཀྱེ་མའོ་ངོ་མཚར་ཞེས། །
གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཚོར། །གསུངས་པ་ལྟ་བུའི་གནས་སྐབས་ཀྱི་ཁོང་གི་ཐུགས་ཀྱི་ཚོར་འགྱུ་དེ་དག་ཀྱང་སྨྲེང་བ་ཤུགས་ཆེ་བ་བསྟན་ཡོད་པར་སྙམ།
མཇུག་ཏུ་དཔྱད་བྱ་ཕྲན་བུ་ཞིག་ཡོད་པ་ནི། བདག་ལ་ཨ་རིའི་རྩོམ་རིག་ལ་དགའ་ཞིང་རྒྱུས་མྱོང་ཟབ་པའི་གྲོགས་པོ་ཞིག་ཡོད། ངེད་གཉིས་ག་དུས་ཐུག་ནའང་རྩོམ་རིག་གི་སྐོར་ལ་སྐད་ཆ་མང་བོ་གླེང་གིན་ཡོད། ཉི་མ་གཅིག་ལ་སྐད་ཆ་བཤད་པའི་སྐབས་སུ་ཁོང་གིས། བོད་སྐད་ཀྱི་ནང་དུ་དབྱིན་སྐད་ཀྱི་ཨེམ་མོ་ཤོན་ཞེས་པའི་ཐ་སྙད་འདིའི་དོད་ཐུབ་ཀྱི་ཐ་སྙད་ཡོད་དམ་ཞེས་དྲི་བ་གནང་སོང་། ངས་གློ་བུར་དུ་གང་ཡང་དྲན་གྱིན་མི་འདུག བསམ་བློ་ཅུང་ཟད་ཅིག་བཏང་སྐབས་སྨྲེང་བ་དེ་དབྱིན་སྐད་ཀྱི་ནང་དུ་ཡོད་པའི་ཨེམ་མོ་ཤོན་དང་རྦད་དེ་ཆ་འདྲ་བར་མཐོང་ནས་བོད་སྐད་ཀྱི་ནང་དུ་ཐ་སྙད་དེ་འདུག་ལབ་པ་ཡིན། ག་རེ་རེད་ཟེར། སྨྲེང་བ་རེད་ལབ་པ་ཡིན། སྨྲེང་བ་ཞེས་པའི་ཐ་སྙད་འདི་འཇུག་ཡུལ་འདི་འདྲ་དང་དེ་འདྲ་ཡིན་ཞེས་འགྲེལ་བཤད་རྒྱབ་སྐབས་དེ་ག་རང་རེད་འདུག་ཟེར།
ཉི་མ་ཁ་ཤས་ཀྱི་རྗེས་སུ་གཞོན་སྐྱེས་རིག་པ་སྨྲ་བའི་གྲོགས་པོི་སྒོ་དམར་སངས་རྒྱས་བཀྲ་ཤིས་དང་ཐུག་བྱུང་། འདིའི་སྐོར་ལ་སྐད་ཆ་ཞིག་བྱུང་སྐབས་ཁོང་གིས། སྔོན་ཆད་ཅིག་ལ་གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག ནུབ་ཕྱོགས་ཀྱི་ཚན་རིག་པ་དང་། བོད་ཀྱི་ནང་བའི་དགེ་འདུན་པ་ཁག་ཅིག་སེམས་དང་ཚེ་སྲོག་ཅེས་པའི་བགྲོ་གླེང་ཚོགས་འདུ་ལ་འཛོམས་ནས། ཨེམ་མོ་ཤོན་གྱི་སྐོར་གླེང་སྐབས། ཕྱི་ནང་གི་མཁས་པ་ཚང་མས་མཁས་དབང་ཐུབ་བསྟན་སྤྱིན་པ་ལགས་སུ་རེ་བ་བརྒྱབ། ཁོང་གིས་བོད་སྐད་ཀྱི་ནང་དུ་ཐ་སྙད་དེ་མི་འདུག རྗེས་མར་ནང་ཆོས་དབྱིན་སྐད་དུ་སྒྱུར་མཁན་ཚོས་འདི་ལ་ཐ་སྙད་བཙན་བཟོ་མ་བྱས་པར་དབྱིན་སྐད་ཀྱི་ཨེམ་མོ་ཤོན་ཞེས་པ་དེ་ཇི་བཞིན་བྲིས་ན་གཞུང་དོན་མི་འཁྲུག་པ་སོགས་ཀྱི་དགེ་མཚན་ཆེ་བའི་གྲོས་མགོ་བཏོན་པ་ལྟར། ཚོགས་ཞུགས་པ་རྣམས་ཞལ་མཐུན་ནས་དེ་ལྟར་འཇོག་རྒྱུར་མོས་མཐུན་གནང་སོང་ཟེར། དེ་ནས་བདག་གིས་མནོ་བསམ་གཏོང་བཞིན་པའི་ཐ་སྙད་འདི་ཧ་ཅང་གལ་ཆེན་ཡིན་པར་མ་ཟད། རྗེས་མར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱི་གོ་སྐབས་རག་ན། འདི་ཉིད་ལེགས་སྐྱེས་སུ་འབུལ་རྒྱུའི་བསམ་བློ་འཁོར།
སྤྱི་ལོ་༢༠༡༣ ལོའི་ཟླ་༣ ནང་དྷ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་སྲིད་ཇུས་ཉམས་ཞིབ་ཁང་གིས་ཚོགས་འདུ་ཞིག་ལ་མགྲོན་འབོད་གནང་སོང་། སྐབས་དེར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱི་སྐལ་བ་བཟང་བོ་ཐོབ། དངུལ་དངོས་སོགས་གཞན་གང་ཡང་འབུལ་རྒྱུ་མི་འདུག་ཀྱང་། ཤོག་ལྷེ་ཞིག་གི་སྟེང་ལ་སྨྲེང་བ་དང་། Emotiom གཉིས་བྲིས་ཏེ་འབུལ་ལམ་ཞུས་པ་ཡིན།
ཁོང་གིས་གཟིགས་ཏེ་འདི་ག་རེ་གསུངས་བྱུང་། དབྱིན་སྐད་ཀྱི་ཨེམ་མོ་ཤོན་(emotion)ཟེར་བ་དེ་བོད་སྐད་ཀྱི་སྨྲེང་བ་ཞེས་པའི་ཡི་གེ་འདི་ཡིན་པ་འདྲ་ཞེས་ཞུས་པ་ཡིན། ཁོང་གིས་སྨྲེང་བ་ཞེས་པ་འདི་དགག་ཕྱོགས་ཀྱི་ཤེས་པ་(Negative) རེད་དམ་ཞེས་བཀའ་འདྲི་གནང་བྱུང་། ཕྲན་གྱིས་འདི་ལ་སེམས་ཁམས་ཀྱི་རྣམ་འགྱུར་གནས་སྐབས་ལ་བརྟེན་ནས་སྣ་ཚོགས་ཤིག་ཡོང་གིན་ཡོད་པ་འདྲ་ཞེས་འགྲེལ་བཤད་གང་འཚམ་ཞུས་པ་ཡིན།
ད་དུང་ཁོང་གིས་གསུང་རྒྱུར། དེང་སང་ནུབ་ཕྱོགས་པ་ཚན་རིག་པ་དང་བོད་ཀྱི་དགེ་འདུན་པ་ཚོས་སེམས་ཁམས་ཀྱི་བགྲོ་གླེང་གནང་སྐབས། ཨེམ་མོ་ཤོན་ཞེས་པ་དེ་དགག་ཕྱོགས་(Negative)ཡིན་མིན་དང་། སངས་རྒྱས་ཀྱི་ས་ན་ཨེམ་མོ་ཤོན་ཡོད་མེད་ལ་བགྲོ་གླེང་གནང་གིན་ཡོད་གསུངས་བྱུང་། དེ་ལ་བརྟེན་ནས་དེའི་ཕྱི་ཉིན་རང་ལ་འདི་རྩོམ་ཐུང་འདི་བྲིས་ཏེ་ཞབས་ཞུ་བ་བརྒྱུད་ནས་ཁོང་ལ་འབུལ་ལམ་ཞུས་ཟིན་པ་ཡིན། ཁོང་ཉིད་ཀྱིས་ག་རེ་དགོངས་ཡོད་མེད་ནི་མ་ཤེས།
དེ་ནས་ཟླ་ངོ་རེ་ཟུང་གི་རྗེས་སུ་མཁས་པ་འཇིགས་མེད་བློ་གྲོས་ལགས་ཀྱིས་འདིའི་སྐོར་ལ་རྩོམ་ཡིག་ཅིག་བྲིས་ཏེ། ཁ་བརྡ་དྲ་ཚིགས་སུ་བཀོད་སོང་བར་དོ་སྣང་བྱུང་ཞིང་། དྲན་ཚོད་བྱས་པ་ཡིན་ན་ཁོང་གིས་ཨེམ་མོ་ཤོན་ལ་སེམས་ཚོར་དྲག་པོ་ཞེས་བྲིས་ཡོད་པ་ལྟ་བུ་དྲན། ཤེས་ཡོན་པ་ཁག་ཅིག་གིས་དེ་ཉིད་ལ་རྒྱབ་སྐྱོར་གནང་གིན་ཡོད་པའང་ཚོར་བྱུང་།
གང་ལྟར་ད་དུང་བདག་གི་ནི། ཨེམ་མོ་ཤོན་དང་སྨྲེང་བ་གཉིས་གཅིག་ཤུལ་ལ་གཅིག་འབབ་ཤུགས་ཆེའི་ཚོར་བ་འདུག་ཅིང་། ཤེས་ལྡན་པ་རྣམས་ཀྱིས་དཔྱད་པའི་གཞི་ཞིག་ནི་ཅི་ཀྱང་ཡོང་བར་སྙམ།
ཟུར་ཞུ། འདི་ཉིད་འབྲི་སྐབས་ལག་ཏུ་གང་ཐེབས་ཙམ་ལས་ཚིག་མཛོད་སོགས་འབྲེལ་ཡོད་ཡིག་ཆ་མང་བོ་དང་གཞུང་ལུགས་སོགས་སུ་ཅི་ལྟར་ཡོད་མེད་ལ་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ་མ་བྱུང་ཞིང་། མང་ཚོགས་ཀྱིས་བེད་སྤྱོད་གཏོང་བཞིན་པ་ཉིད་གཞི་ལ་བཞག་སྟེ་ཅུང་ཟད་ཞུས་པ་ཡིན་པས། ཞུ་ཧམ་དུ་མི་འགྲོ་བའི་རེ་བ་དང་། རྣམ་དཔྱོད་ལྡན་ཞིང་རིགས་པ་སྨྲ་བ་རྣམས་ཀྱིས་མུ་མཐུད་དཔྱད་ཞིབ་གནང་བའི་རེ་བ་དང་བཅས་ཕུལ།།
༢༠༡༣ ཟླ་༤ ཚེས་༥ ཞོགས་པར།
དེ་རིང་སྤྱི་ལོ་༢༠༡༥ ལོའི་ཟླ་༤ ཚེས་༦ ཉིན་གློག་ཀླད་བསྔོག་སྐབས་ཡང་བསྐྱར་འདི་ཉིད་ལན་ཅིག་མཐོང་བས། འཕྲི་སྣོན་ཅུང་ཟུང་དང་བཅས་རེ་ཞིག་གྲུབ་པར་བྱས་སོ།།
[1] སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱི་འཁྲུངས་འདས་ལོ་ཚིག་ཕར་ཟད་ཐ་ན་ཁོང་གི་རྣམ་ཐར་ཙམ་ཡང་མ་རྙེད་ཀྱང་། འདི་བ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོའི་དངོས་སློབ་ཡིན་འདུག་ཚུལ་ལ་གཞིགས་ན། ཞ་ལུ་ལོ་ཆེན་ནི་རབ་བྱུང་བདུན་པའི་ལྕགས་བྱ་སྟེ་སྤྱི་ལོ་༡༤༤༡ ལོར་འཁྲུངས་ཤིང་། རབ་བྱུང་དགུ་བའི་མེ་ཕག་སྟེ་སྤྱི་ལོ་༡༥༢༧ ལོར་འདས་པའི་ཐོག་ནས། སྐྱོགས་ལོ་ཙཱ་བ་ཁོང་ཉིད་སྤྱི་ལོའི་དུས་རབས་བཅོ་ལྔ་བ་དང་བཅུ་དྲུག་པའི་ནང་དུ་འཚོ་བཞུགས་གནང་བ་ཤེས་ཐུབ།
[2] འདི་བའི་འཁྲུངས་ལོ་མི་གསལ་ཡང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོའི་(༡༤༤༡།༡༥༢༧) དངོས་སློབ་ཡིན་སྟབས་དུས་རབས་བཅོ་ལྔ་བའི་སྨད་དང་བཅུ་དྲུག་པའི་མགོ་སྟོད་དུ་འཚོ་བཞུགས་གནང་བ་ཤེས་ཐུབ་ཅིང་། ལྷག་པར་དུ་དག་ཡིག་འདི་ཉིད་རབ་བྱུང་དགུ་བའི་མེ་སྤྲེལ་ཏེ་སྤྱི་ལོ་༡༥༣༦ ལོར་མཛད་པ་གསལ་བའི་དབང་གིས་ཁོང་འཚོ་བཞུགས་ཀྱི་དུས་ཚོད་ཇེ་གསལ་དུ་སོང་ཡོད།
མཁས་དབང་ཧོར་གཙང་འཇིགས་མེད་ལགས། ཁྱེད་ལ་སྙིང་ནས་བཀའ་དྲིན་ཆེ།
“emotion”- ཨེམ་མོ་ཤོན་ཟེར་བའི་མིང་ཚིག་འདི་ལ་སྟོབས་ཤུགས་ཆེ་བས། དེ་སྔ་ནས་བོད་སྐད་ནང་དུ་འཛུལ་ཚར་བ་རེད། དེ་རིང་ཁྱེད་ཀྱིས་མིང་ཚིག་འདིའི་སྐེ་ནས་བཟུང་སྟེ། བོད་སྐད་ལས་ཕྱི་ལ་བཏོན་པ་རེད།
མ་ཟད་ཨེམ་མོ་ཤོན་གྱི་ཚབ་ལ་བོད་སྐད་གཙང་མ་སྨྲེང་ཟེར་བ་ཞིག་ལ་གསོན་ཤུགས་དང་གོ་ས་སྤྲད། ཁྱེད་ལ་བཀའ་དྲིན་ཆེ། ཡིན་ན་ཡང་། ད་དུང་ང་ཚོའི་བོད་སྐད་ཀྱི་གསེང་དུ་འདྲེས་འགྲོ་བ་དང་འཐིམ་སོང་བ། དཔེར་ན། “depression” and “stress”, ལྟ་བུ་ལ་ཇི་ལྟར་བྱ།
depression ལ་ཡིད་ཞུམ་མམ་ཡིད་མུག་དང་ stress ལ་ལུས་སེམས་མནར་གདུང་ངམ་གནོན་ཤུགས་ཞེས་འབྲི་སྲོལ་འདུག
ཡག་མོ་དཔྱོད་འདུག་རིག་གནས་པ་ཟེར་ན་རིག་གནས་རང་གི་སྟེང་ནས་ཁོག་ལག་རྒྱས་པ་དང་ལག་པ་འཆང་ན་ཧ་ཅང་མཛེས་པ་འདུག
རྒན་ཧོར་གཙང་འཇིགས་མེད་ལགས་ཀྱིས་མིང་དང་བརྡ་སྤྲོད་ལ་དོ་སྣང་འདི་ལྟར་གནང་བར་ཐུགས་རྗེ་ཆེ་ཞུ།
ཁྱེད་ནས་ཚིག་མཛོད་དུ་མར་གཟིགས་ནས་ཨི་མོ་ཤོན་གྱི་བོད་མིང་འཚོལ་བ་དེ་ལ་གཏན་གཏན་བོད་མིང་ཡག་པོ་ཞིག་རྙེད་པར་ཕན།
རེ་བར་ཁྱེད་ནས་”བོད་ནང་ལ་”ད་ལྟ་ཨི་མོ་ཤོན་གྱི་ནང་དོན་ལ་བོད་སྐད་ཐ་སྙད་ཇི་འདྲ་བེད་སྤྱོད་གནང་གི་ཡོད་པ་དེ་ལ་ཞིབ་འཇུག་གཅིག་གནང་རོགས་ཞུ། གལ་ཏེ་བོད་ནང་ལ་ཡོངས་གྲགས་ཐ་སྙད་གཅིག་བེད་སྤྱོད་གཏོང་གི་ཡོད་ན། དེ་བཀོལ་ཀྱང་མ་འགྲིགས་པ་མི་འདུག
ཧོར་གཙང་ལགས་སུ་སྐད་ཆ་དྲང་པོ་ཞིག་བཤད་ན། ཨི་མོ་ཤོན་དེ་འགག་ཕྱོགས་གཙོ་བོ་བཏོན་པའི་ཐ་སྙད་གཅིག་རེད་ལགས། ཁྱེད་ཀྱིས་ཨི་མོ་ཤོན་གྱི་ཐ་སྙད་འཕེལ་རིམ་ལ་གཟིགས་དང་། གཙོ་བོ་སེམས་འཁྲུག་པའི་བརྡ་ཆད་ཅིག་རེད། རྗེས་མ་ཨ་རི་བའི་གློག་བརྙན་འཁྲབ་མཁན་དེ་དག་གིས་ཐ་སྙད་འདི་བཟང་ཕྱོགས་ལ་ཉུང་ཤས་བཀོལ་གྱིན་པ་དེ་ལ་དབྱིན་ཇི་བ་ཚོས་ཁས་ལེན་བྱེད་ཀྱི་མི་འདུག
དེ་ནི་དེང་སང་གི་རྒྱ་གར་ནང་གི་བོད་ཕྲུག་ཚོས་”འཐུང་”ཞེས་པའི་བརྡ་དེ་ཐ་མག་འཐུང་ལྟ་བུར་བཀོལ་བ་ནང་བཞིན། ཨ་རིའི་གློག་བརྙན་འཁྲབ་མཁན་དེ་ཚོས་ཨི་མོ་ཤོན་བཟང་ཕྱོགས་ལ་བཀོལ་བ་ལྟ་བུ་རེད། མང་ཆེ་བས་འདི་ཁས་ལེན་གྱི་མི་འདུག
emotion (n.)
1570s, “a (social) moving, stirring, agitation,” from Middle French émotion (16c.), from Old French emouvoir “stir up” (12c.), from Latin emovere “move out, remove, agitate,” from assimilated form of ex “out” (see ex-) + movere “to move” (from PIE root *meue- “to push away”). Sense of “strong feeling” is first recorded 1650s; extended to any feeling by 1808.
མཁས་པའི་དཔྱད་བརྗོད་ལ་སོང་སྙན་པོ་འདུག་ཀྱང་། ཨིན་ཇིའི་Emotionནི་སེམས་བཟང་ངན་གང་གིའང་འགོ་འཁྲིད་མཁན་གྱི་ཚོར་ཤུགས་སམ། འདུ་ཤེས། བསམ་པའི་ཁྱེར་སོ་སྟེ། རང་རེས་ཀུན་སློང་ཟེར་བ་དེ་དང་འདྲ་ཚད་འདུག རང་རེའི་བརྡ་རྙིང་སྨྲེ་བ་དང་། སྨྲེང་བ་ནི་སྡུག་སྐད་དམ་སྨྲེ་ངག་འདོན་པའི་དོན་ཡིན་ཚོད། སྨྲེང་བ་ཞེས་པ་འདི་སེམས་བཟང་ངན་ནམ། སྐྱིད་སྡུག་གཉིས་ཀའི་ཚོར་བ་འདོན་པའི་ཚིག་ཡིན་ཡིན་དཔྱད་གཞི་ཆེ།
ཨི་མོ་ཤན་ བོད་སྐད་སེམས་ཀྱི་ཚོར་ཤུགས་
སྨྲེང་ནི་སྐྱོ་བའི་དོན་སྨྲེང་གླུ་སྐྱོ་གླུ་ལྟབུ།
Sad song.
Emotion སེམས་ཀྱི་ཚོར་བ་བམ་སེམས་ཚོར་དྲག་པོ།
ཨི་མོ་ཤོན་ལ་སྒྱུར་ཡག་ཤོས་དེ། ཚོར་བ་རེད།
མཛའ་བོ་རྙིང་པ། མཁས་པ་ཧོར་གཙང་འཇིགས་མེད་དང་། མཆན་ཡིག་འདེབས་པ་པོ་རྣམས་ཀྱི་ཡི་གེ་དག་ཀྱང་བཀླགས། བོད་མི་མངས་དང་། བོད་མི་དམངས། གང་དེ་དག་པ་ཡིན་ནམ། སྨྲེང་བ་བཞིན་དུ་སྒྲུབས་ཤིག སྒོ་མངས་ཞེས་བྲིས་པ་ཡོད་དམ་མེད། ཡོད་ན། སྔར་གྱི་མཁས་པ་རྣམས་ཀྱིས་བྲིས་པ་ལ་ཆ་འཇོག་དགོས་སོ།
མང་ནི་མང་པོའི་བཀུར་བའི་མང་བཀུར་གྱི་རྒྱལ་པོ་ལྟབུ་འམ་ཡང་ན་མང་གཙོ་ ( Democracy) དང་དམངས་ནི་( Proletarian or Class) ལ་གོ་བ་བཅས་མང་ནི་གྲངས་ཀྱི་
གསལ་འབྱེད་དང་དམངས་ནི་གྲལ་རིམས་ཀྱི་གསལ་འབྱེད་བཅས།
རྒན་ལ་དྭགས་པ་ལེགས། དེ་རིང་གཞི་ནས་ཁ་བརྡར་གསུང་བྲིས་གནང་བས། ཡིད་སྤྲོ་འཕེལ། རྒྱུད་མངས། མིག་མངས་ཟེར་བའི་མིང་ཚིག་རྣམས་སྔོན་གྱི་མཁས་པའི་ལུགས་ཡིན་པ་ཤེས་ལགས།
དེའི་རིགས་འགྲེས་མི་མངས། སྒོ་མངས་བྲིས་ཀྱང་ལོས་ཆོག་ལགས།
རྒན་ལ་དྭགས་པ་ལེགས། དུས་ཡུན་རིང་པོའི་རྗེས་དེ་རིང་གཞི་ནས་ཁ་བརྡར་གསུང་བྲིས་གནང་བས། ཡིད་སྤྲོ་འཕེལ། རྒྱུད་མངས། མིག་མངས་ཟེར་བའི་མིང་ཚིག་རྣམས་སྔོན་གྱི་མཁས་པའི་ལུགས་ཡིན་པ་ཤེས་ལགས། དེའི་རིགས་འགྲེས་མི་མངས། སྒོ་མངས། བློ་མངས། སྣ་མངས་སོགས་ཀྱང་ཤིན་ཏུ་འཐད་པའི་ཕྱོགས་སུ་སྣང་། འོན་ཀྱང་དོན་ལ་ནོར་བཟོ་མེད་ཚེ་ཡི་གེ་ཟོར་ཡངས་པ་ཞིག་དགོས་པ་ཡང་གནད་དུ་ཆེ་སྙམ་པ་ལགས་སོ།
བོད་མི་མངས་ལ་ཞབས་ཕྱི་གང་ནུས་བྱེད་པ་ཀུན་སློང་བཞིན་གྲུབ་པ་ནི། སྔོན་ལས་ཡིན། ཝཱ་རཱ་ཎ་སཱིའི་ལེགས་སྦྱར་སློབ་གྲྲྭ་ཆེན་མོའི་སློབ་མ་ཡིན་དུས། ཝཱ་རཱ་ཎ་སཱིའི་མེ་འཁོར་བབས་ཚུགས་སུ། ༡༩༦༠ཕྱི་དྲོའི་སྐབས་འགྲོ་བ་ཡོད། བོད་མི་ཧིནྡ་སྐད་མི་ཤེས་པ་དག་ལ་གྲོགས་བྱས།
དགོངས་མོ་ཞིག མེ་འཁོར་བབས་ཚུགས་ཀྱི་སྒོ་རྩ་ན། བོད་མི་འགའ་སྒུགས་བསྡད་པས། ང་ཚོ་ཆུ་ཚོད་༣་ཙམ་སོང་། སྐུ་ངོ་ཚོ་ཕེབས་མཁན་མི་འདུག་ཟྲེར། ཁོང་ཚོ་རྩྭ་གྲོང་དུ་གནས་མཇལ་དུ་འགྲོ་མཁན་རེད། དེ་ནས་བདག་གིས་མི་གཅིག་ང་དང་མཉམ་དུ་ཤོག་ཟེར། མེ་འཁོར་བབས་ཚུགས་གཞན་དུ་སླེབས་པ་ན། སྐུ་ངོ་ཚོ་དེར་སྒུག་བཞུགས་ནས། ཆུ་ཚོད་༣་ཙམ་སོང་ཟེར། ཁོང་ཚོ་སྐུ་ངོ་ཕ་ལའི་སྐུ་མཆེད་རེད་འདུག ཝཱ་རཱ་ཎ་སཱིའི་མེ་འཁོར་བབས་ཚུགས་ནས། རྩྭ་གྲོང་དུ་གནས་མཇལ་དུ་ཕེབས་སོ།
དེ་དག་གི་གྲས་སུ། སྲས་གཞོན་པ་ཞིག་འདུག་ད་ལྟར་མི་རྒན་གྱུར་ནས། བཞུགས་པའི་རེ་བ་ཡོད།
ཨ་ཁུ་འབྲོག་པ་ལེགས་ཀྱིས་རྒུད་མངས་སོགས་བྲིས་ནས་ཁ་བརྡར་སྤེལ་བར་ཡིད་སྤྲོ་བརྟས་སོ།
བཀུར་འོས་བ་ཁོང་ལ་བཀའ་དྲིན་ཆེ་ཞུ། ང་ཚོ་ནི་བརྡ་རྙིང་ལ་འབོད་བཞིན་པའི་བོད་སྐད་མིང་ཚིག་ལ་ཚོས་བསྡད་ཡོད་པའི་འབྲོག་རུ་བ་ཞིག་ཡིན། ང་ཚོས་emotion་ཀྱི་དོད་ལ་(རྨུས་བ་) འདི་ད་ལྟ་ད་རུང་ངག་ན་བཀོལ་བཞིན་ཡོད་པས། ཤེས་ལྡན་ཚོ་ལ་ཕུལོ།
ཁ་སང་སྤོ་བོ་ལགས་ཅིག་གིས་སྒྲུང་ཞིག་བཤད་བྱུང་།
གནའ་སྔོན་མ་སྔོན་མ། བུ་ཉི་མ་དང་བུ་མོ་ཟླ་བ་གཉིས་ལ་མོའི་ཕར་ལ་ལུག་འཚོ་བར་ཕྱིན། ཁོང་གཉིས་ཀྱིས་ལ་དེ་བརྒྱབ་རྗེས། གནམ་ལ་སྒོར་སྒོར་གཉིས་མཐོང་། གཅིག་དམར་ལྷང་ལྷང་དང་གཅིག་ཤོས་དཀར་ལྷང་ལྷང་། ཁོང་གཉིས་སྒོར་སྒོར་དེ་གཉིས་ལ་ངོ་མཚར་ཆེན་པོ་བྱུང་། བུ་ཉི་མས་ཟླ་བའི་དཀར་གདངས་དེ་དང་བུ་མོ་ཟླ་བའི་གདོང་པ་གཉིས་འདྲ་པོ་ཡོད་པ་ཤེས་ནས་གནམ་གྱི་སྒོར་སྒོར་དཀར་པོ་དེ་ལ་མཛུབ་མོ་བཙུགས་ནས་ཟླ་བ་ཞེས་འབོད། བུ་མོ་ཟླ་བས་ལམ་སེང་གནམ་གྱི་སྒོར་སྒོར་དམར་པོ་དེ་ལ་མཛུབ་མོ་བཙུགས་ནས་ཉི་མ་ཞེས་བུ་ཉི་ལ་ལ་བལྟས་ནས་འབོད་ནས། ཉིན་དེ་ནས་བཟུང་ཉི་མ་དང་ཟླ་བ་ཞེས་པའི་ཐ་སྙད་ཐོགས།
བསྐལ་པ་འགོ་ཚུགས་པ་ནས་ད་བར་ལོ་ངོ་གཏམས་ཆེན་པོ་བརྒྱད་དང་དུང་ཕྱུར་བཅུ་གཉིས་དང་བྱེ་བ་ལྔ་དང་ས་ཡ་བཅུ་ལྷག་གི་རིང་ལ་ཐ་སྙད་དེ་ལ་བརྩོད་པ་གཅིག་ཀྱང་མ་བྱུང་།
ཉིན་ཞིག་ཨ་མདོ་རེབ་གོང་ནས་ཡིན་པའི་གྲྭ་ལོག་རྟོག་གེ་བ་ཡོན་ཏན་ཟེར་བ་ཞིག་རྒྱ་གར་ལ་འབྱོར། འགྲོ་ས་སྡོད་ས་མེད་སྟབས་སྣེ་ལེན་ཁང་ལ་སྐྱབས་བཅོལ་བར་ཕྱིན། སྣེ་ལེན་ཁང་ནས་གསོག་སྒར་སློབ་གྲྭར་བཏང་། ཡོན་ཏན་སློབ་གྲྭར་བསྐྱོད་དེ་ཉིན་དང་པོ་དེ་ལ་ཞོགས་པ་ནང་ཆོས་འཛིན་གྲྭར་ཕྱིན། དེ་ལ་མཚན་ཉིད་སློབ་གྲྭ་ཐོན་པའི་དགེ་བཤེས་བློ་བཟང་ཞུ་བ་ཞིག་གིས་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་བདག་མེད་རྣམ་བཞག་ངོ་སྤྲོད་བཞིན་ཡོད། དགེ་བཤེས་ལགས་ཀྱིས་ཉི་མ་ཆོས་ཅན། ཁྱོད་ལ་རང་གིས་ངོ་བོས་གྲུབ་པ་མེད་དེ་རྟེན་འབྲེལ་ཡིན་པའི་ཕྱིར་ཟེར། ཨ་མདོ་ཡོན་ཏན་གྱི་ལམ་སེང་ཡར་ལངས་ནས། ཉི་མ་ཟེར་ན་གོ་རྒྱུ་རྩ་བ་ནས་མི་འདུག ཉི་ཟེར་ན་གང་ཟེར། མ་ཟེར་ན་དེ་བུད་མེད་རེད་པས། དེ་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ཀྱི་ཆ་ཤས་ཐ་སྙད་དེ་རྩ་བ་ནས་འཇུག་གི་མི་འདུག ཡང་མིན་ན་ཉིའི་མ་ཟེར་དགོས། དེ་བཞིན་ཉི་མ་ཟེར་ན། ཉི་པ། ཡང་ན་ཉི་བུ་ལ་སོགས་དགོས། ཐ་སྙད་དེ་བཙན་བྱོལ་བས་བོད་ཡིག་མ་ཤེས་པ་ཚོས་བཏགས་པ་རེད་ཅེས་བརྩོད་པ་བརྒྱབ། དེ་ལ་ཨ་མདོ་བ་མང་ཆེ་བས་རྒྱབ་སྐྱོར་བྱས། ཁམས་པ་དང་དབུས་གཙང་རྣམས་ཅི་ཤོད་འདི་ཤོད་མེད་པར་ལུས།
མཐར་དགེ་བཤེས་ལགས་ཀྱི་འགྲིགས་ཀྱི་རེད། ང་ཚོས་གནས་སྐབས་ཉིའི་མ་ཞེས་འབོད་ན་འགྲིགས་ཟེར། དེ་ནས་བཙན་བྱོལ་ནང་ལ་ཉི་མ་ལ་ཉིའི་མ་ཞེས་ཚིག་བསྒྱུར་།
ཨིན་ཡིག་གི་Emotion ཞེས་པ་དགག་ཕྱོགས་སམ་སེམས་དཀྲུགས་མཁན་ནམ་འཁྲུགས་པ་ཞིག་ལ་གོ་དགོས་ན། དེ་ནི་སངས་རྒྱས་ཀྱི་སར་ཡོད་མེད་དོགས་པ་མེད་ལ། སྨྲེང་བ་ཞེས་པ་ཕལ་ཆེར་དྲན་གདུང་དང་སྐྱོ་གདུང་གི་ཕྱོགས་ལ་འཇུག་གི་ཡོད་པ་ནི་སྨྲེ་ཞེས་པ་སྡུག་བསྔལ་གྱི་དོན་ལ་འཇུག་པ་དང་། སྨྲེ་ངག སྨྲེང་སོགས་སྡུག་བསྔལ་གྱི་ཕྱོགས་ལ་འཇུག་པ་མང་སྟབས།
གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར།། ལྟ་བུའི་སྤྲོ་སྣང་ཉམས་དགའི་སྐབས་ཀྱི་ཚོར་མྱོང་ལ་ཚིག་འདི་དག་དག་ཅིག་ཨེ་འབྱོར་རམ་སྙམ་པ་ནི་རང་གི་རྨོངས་འཆར་ཙམ་ལགས།
བདེན་འཛིན་བདག་འཛིན་དང་འབྲེལ་བའི་ཡིད་འཁྲུགས་པ་ཞིག་ཡིན་ན་ནི་སངས་རྒྱས་ཀྱི་སར་ཡོང་དོན་མེད་ལ། སྤྱིར་ཡིད་འཁྲུགས་པ་ཙམ་ལ་འཇོག་ན་ནི། སྙིང་རྗེའི་སྐད་དོད་ཀཱ་རུ་ན་ཡང་བདེ་འགོག་སྟེ་སེམས་ཅན་གྱི་སྡུག་བསྔལ་ལ་བསམས་སྐབས་སེམས་བློང་བློང་པོར་གྱུར་བའི་དོན་ལ་འཇུག་པར་བཤད་པར་ལྟར་སྙིང་རྗེ་ཡང་Emotion ཡིན་པར་བཤད་ཨེ་ཆོག།
གང་ལྟར་Paul Ekman ཞེས་པའི་སེམས་ཁམས་སྨྲ་བ་གྲགས་ཅན་དེའི་འདོད་པ་ལྟར་ན་Emotion ཞེས་པར་ཁྱད་ཆོས་བཅུ་གྲངས་ཤིག་གི་སྒོ་ནས་ངོས་འཛིན་དགོས་པ་འདྲ་སྟེ་ཞིབ་ཏུ་བཙལ་ཁོམ་མ་བྱུང་།
གཞན་ད་དུང་Emotion ཞེས་པར་མཁས་པའི་འགྲེལ་བཤད་རྒྱག་སྟངས་དང་དམངས་ཁྲོད་ཀྱི་བཤད་སྟངས་སོགས་ཕྱོགས་གཉིས་ཨེ་ཡོད་དམ་སྙམ་པ་ཡང་མུན་ནག་ལག་བསྙབ་ཀྱི་རྨོངས་འཆར་ཙམ་ལགས་ཏེ་དེ་ག་ཙམ་ཞུས་ཐལ་ལོ།།