རྔ་བ་ཀུན་བཟང་།
གཅེས་ཕྲུག་ལགས། དེ་རིང་ཉིན་གང་བོ་སྲང་ལམ་ཞེས་པའི་གཏམ་རྒྱུད་ཞིག་ལ་མགོ་འཁོར་ནས་ཉི་མ་ནུབ་ཚར་འདུག སྤྱིར་ཡིན་ན་དེ་རིང་ཕྱིར་རོལ་ན་ཉི་ཟེར་དང་དྲོད་རླབས་ཀྱི་ཁེངས་ཡོད་པ་འདྲ། གང་ལྟར་ཀྱང་། གཅེས་ཕྲུག་ཁྱེད་དང་ལྷན་ཏུ་ཉི་ཟེར་ལ་རོལ་དགོས་པ་དེ་དེ་རིང་ཡིད་ལ་མ་འཁོར། ད་དུང་ངས་སྣང་བ་ཞིག་ལ་ཕྱིར་རོལ་ན་རླུང་ནག་འཚུབ་དམར་ཞིག་ཡང་ནས་ཡང་དུ་ལྡང་བའི་འུར་སྒྲ་ཆེ། རེད་དེ། ང་སྡོད་སའི་ཁང་ཆུང་དེ་ནུབ་དངོས་སུ་ཡོད་པས། རྣམ་ཀུན་ནས་ཁ་ཁུ་སིམ་པོ་ཞིག་ཡིན། དོན་མེད་ཀྱི་ཡར་འགྲོ་མར་འགྲོ་བྱེད་མཁན་ཧ་ཅང་ཉུང་།
གཅེས་ཕྲུག་ལགས། ད་ལོ་གསར་སླེབས་ཐལ། ང་མོ་ལོ་ཉི་བརྒྱད་ལ་སླེབས་ཡང་སེམས་པ་དེ་སྔར་བཞིན་བྱིས་པ་དང་ཨ་ན་མ་ན་ཡིན། དེའི་ཁར་དེ་རིང་གི་སྲང་ལམ་ཞེས་པའི་འཇིག་རྟེན་ན་གོ་རྟོགས་མཐོ་བའི་ཨ་མ་ཞིག་དང་མཉམ་དུ་ཁ་བརྡ་རེ་འགའ་བྱུང་། རྒན་མོ་དེ་ད་ལོ་ལོ་རྒན་བརྒྱད་ཅུར་བརྒལ་ཡང་དྲན་པ་གསལ་བཞིན། ལུས་ཁམས་ཐང་པོ་འདུག། ། གུས་མོ་ཆུང་དུས་སུ་ཁྱིམ་གྱི་ཆ་རྐྱེན་ཞན་ཁར་ཕ་མ་གཉིས་སྔ་ས་ནས་འདས་པ་དང་། དེ་ནས་བཟུང་གཞན་གྱི་གཡག་པོར་རྒྱུག་ནས་གདུག་སེམས་ཅན་གྱི་སྤྱིན་བདག་གི་བཀོད་པ་ལ་ཉན་ནས་ཧ་ཅང་ནུས་མེད་སྙོམ་ཆུང་ཞིག་གི་འཚོ་བའི་ཁྲོད་ནས་འདས། གཅེས་ཕྲུག་ལགས། གཏམ་རྒྱུད་ཆ་ཚང་ཞིག་བཤད་ན་ཁྱེད་རྣམ་ཀུན་གྱི་གཉིད་སིབ་སིབ་དེ་ཡང་སངས་ནས་སྙིང་ཁ་གཡུག་ཤིང་ལུས་ཡོངས་འདར་ཡང་སྲིད། ད་དུང་། ཕྱིར་དྲན་དག་མི་འདོད་བཞིན་དུ་དྲན་ཤེས་ཀྱི་མེ་ལོང་ལས་ཤར་ཡོང་བའི་སྐྲག་སྣང་ཡོད་པས། ངས་གཏམ་རྒྱུད་ཀྱི་མགོ་ཙམ་ལས་བཤད་མེད།
གཅེས་ཕྲུག་ལགས། དུས་ཀྱི་འཁོར་ལོ་ནི་འགོག་མེད་དུ་འགྱུར་འགྲོ་བས། ཁྱེད་ནམ་ཡང་ཞིག་གི་དུས་ན་མི་ཡུལ་ལ་སླེབས་དུས། ང་དང་འདྲ་བའི་གཞན་གྱི་བདེ་སྡུག་ལ་བསམ་ཤེས་ཕྲ་མོ་ཡང་མེད་པའི་མི་ཞིག་ལ་གཏན་ནས་འགྱུར་མི་ཆོག ། ང་དང་འདྲ་བའི་རང་བྱུང་དང་ཁ་བྲལ་བའི་ཟང་ཟིང་འདུ་འཛོམས་ལ་དགའ་བའི་མི་ཞིག་འགྱུར་ཆད། བདེ་སྐྱིད་ཟེར་བ་རྣ་ལམ་དུ་རྒྱུས་མངའ་ཆེ་བ་ཙམ་རེད། ངས་དེ་ལྟར་བཤད་པར་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཞེང་། ང་ཁྱེད་ལ་དུང་ཞིང་ཁྱེད་ལ་གཅེས། གཅེས་ཕྲུག་ལོ་ལོ། ཁྱེད་མཐོང་བའི་འཚོ་བ་དང་དེའི་རྣམ་པ་ཡོད་ཚད་ཕྱིར་རོལ་ལ་མི་མངོན་མཁན་ཞིག་ཡིན་པས། ས་གནམ་གཉིས་ཡང་གཞན་གྱི་ལག་ཆ་ལ་འགྱུར་དང་འགྱུར་བཞིན་ཡོད། གཅེས་ཕྲུག་ལགས། རྐང་ཐང་བ་ཞིག་གི་ངོས་ནས་བཤད་ན། སྲང་ལམ་ཡངས་ན་རྒྱལ་ཁ་མང་ཡང་ཕམ་ཁ་ཡང་མེད་པར་མིན།
རྔ་བ་ཀུན་བཟང་ནས། ཕྱི་ལོ་༢༠༢༠་ཟླ་བ་༡་ཚེས༢༦་ལ་བྲིས།