སྐྲ་རིང་མ།
དུས་དབྱར་ཟླ་ཤར་དུས་ཁྱེད་རང་དྲན།།
དབྱར་མེ་ཏོག་ཤར་དུས་ཁྱེད་རང་དྲན།།
རྒྱན་མེ་ཏོག་འདྲ་བའི་སྲས་མོ་ཁྱོད།།
དུས་དེང་སང་ས་ཕྱོགས་གང་དུ་ཡོད།།
དགུན་ནམ་ཟླ་ཤར་དུས་ཁྱེད་རང་དྲན།།
དགུན་ཁ་བ་བབས་དུས་ཁྱེད་རང་དྲན།།
གངས་དཀར་པོ་འདྲ་བའི་གཞུངས་དྲང་མ།།
དུས་དེང་སང་ས་ཕྱོགས་གང་དུ་ཡོད།།
དུས་སྟོན་ཀ་ཤར་དུས་ཁྱེད་རང་དྲན།།
སྟོན་ལོ་ཏོག་མཐོང་དུས་ཁྱེད་རང་དྲན།།
ཡོམ་སྙེ་མ་འདྲ་བའི་སྐེད་ཕྲ་མ།།
དུས་དེང་སང་ས་ཕྱོགས་གང་དུ་ཡོད།།
ནམ་དཔྱིད་ཁ་ཤར་དུས་ཁྱེད་རང་དྲན།།
དཔྱིད་བསིལ་རླུང་ལྡང་དུས་ཁྱེད་རང་དྲན།།
དཔྱིད་ཕོ་ཉ་འདྲ་བའི་དབྱངས་ཅན་མ།།
དུས་དེང་སང་ས་ཕྱོགས་གང་དུ་ཡོད།།
ནམ་དུས་བཞི་འཁོར་འཚམས་ཁྱེད་རང་དྲན།།
དུས་རེ་རེར་ཁྱེད་རང་ལྷག་ཏུ་དྲན།།
སྙིང་ཉེ་བའི་བྲ་ནག་སྲས་མོ་ཁྱོད།།
དུས་དེང་སང་ས་ཕྱོགས་གང་དུ་ཡོད།།