ཡོང་ཁུངས། བོད་ཀྱི་དུས་བབ།
ཟླ་འདིའི་ཕྱི་ཚེས་༩ ཉིན་སོག་རིགས་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཧཱ་ཏ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་ཁོང་གིས་སྲིད་གཞུང་གི་ཁྲིམས་འགལ་ནག་ཉེས་མུ་མཐུད་ཞུ་གཏུག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་སྔ་དྲོར། རྒྱ་ནག་གཞུང་གི་བཙོན་ཁང་དུ་ལོ་ངོ་༡༩ རིང་མནར་གཅོད་མྱངས་བའི་སོག་རིགས་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཧཱ་ཏ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་མུ་མཐུད་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་ལ་སྐད་ཆ་བཤད་མི་ཆོག་པ་དང་ཕྱི་མིར་འབྲེལ་འདྲིས་བྱེད་མི་ཆོག་པ། དེ་བཞིན་དུས་བཅད་ལྟར་བསམ་བློ་ཡར་ཞུ་བྱེད་དུ་ཡོང་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག
ཡིན་ནའང་། ཧཱ་ཏ་ལགས་ཀྱིས་བཀའ་རྒྱ་དེར་དང་ལེན་བྱས་མེད་པ་མ་ཟད། ཁོང་གིས་སྲིད་གཞུང་གི་ཁྲིམས་འགལ་ནག་ཉེས་ཞུ་གཏུག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་ཨ་རི་དང་ཉི་ཧོང་། སུད་སི། འཇར་མན་སོགས་ནས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་ཧཱ་ཏ་ལགས་དང་ཁོང་གི་ཁྱིམ་མིའི་དཀའ་ངལ་ཐད་དོ་ཁུར་དགོས་པའི་འབོད་སྐུལ་གནང་འདུག
ཧཱ་ཏ་ལགས་ཀྱིས་ཁ་པར་བརྒྱུད་གསར་འགོད་པར་བརྗོད་དོན། ང་ཀློད་གྲོལ་གཏོང་སྐབས་ཁོ་ཚོས་ཆ་རྐྱེན་མང་པོ་བཏོན་སོང་ཡང་གཏན་ནས་དང་ལེན་བྱས་མེད། གང་ཡིན་ཟེར་ན། ང་ད་ལྟ་སྤྱི་མང་ཞིག་ཆགས་ཡོད་སྟབས། ངས་ཁོ་ཚོའི་སྒྲིག་ལམ་དང་སྟངས་འཛིན། ཐ་ན་བསམ་བློ་ཡར་ཞུ་སོགས་ག་རེ་བྱས་ནས་དང་ལེན་དགོས་པ་རེད། ཉེན་རྟོག་ཁང་གི་ཁྲིམས་འགལ་དགོས་འདུན་ཁག་དང་ལེན་བྱེད་རྒྱུ་མིན། བཙོན་ཁང་གི་ལོ་ངོ་མང་པོའི་རིང་ངས་ཁོ་ཚོའི་དགོས་འདུན་གཏན་ནས་དང་ལེན་བྱས་མེད། ཁོ་ཚོའི་ཁྲིམས་འགལ་དགོས་འདུན་དག་དོན་དངོས་ཐོག་ལས་སླ་བོ་རེད། གཙོ་བོ་ངའི་སྔར་གྱི་བསམ་བློ་མེད་པར་བཟོ་རྒྱུ་དེ་རེད།
གནད་དོན་དེའི་ཐོག་ཉེན་རྟོག་པ་དང་རྩོད་པ་ཆེན་པོ་བྱུང་སོང་། ཁོང་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ངའི་རང་དབང་བཙན་འཕྲོག་བྱས་པའི་ནག་ཉེས་རྣམས་རྒྱ་ནག་དབུས་གཞུང་དང་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པ་དང་། ཁྱིམ་མིའི་རྒྱབ་སྐྱོར་འོག་མུ་མཐུད་ཞུ་གཏུག་བྱ་རྒྱུ་ཡིན། ཞེས་དང་། འདི་ལོའི་ཕྱི་ཟླ་༡༡ ནང་སྨན་ཁང་གིས་ཁོང་གི་ལུས་ཡོངས་ལ་བརྟག་དཔྱད་བྱེད་སྐབས་ན་ཚ་རིགས་ ༡༠ ལྷག་ཡོད་པ་ཤེས་རྟོགས་བྱུང་བ་དང་། ན་ཚ་དེ་ཚང་མ་བཙོན་ཁང་གི་མནར་གཅོད་དང་དཀའ་སྡུག་གིས་བཟོས་པ་ཡིན་ལུགས་བརྗོད་འདུག
ཁོང་གི་བཟའ་ཟླ་ཤིན་ནཱ་ལགས་ཀྱིས་གསར་འགོད་པར། ཧཱ་ཏ་འདས་པའི་ལོ་༡༩ ཡི་དཀའ་སྡུག་ཁྲོད་བཙོན་ཁང་ནས་འདས་གྲོངས་སུ་མ་ཕྱིན་པར་བཟའ་མི་ལྷན་འཛོམས་བྱུང་བར་བློ་ཡིད་ཚིམ་པ་དང་། རིམ་གྱིས་ཁོང་གི་ལུས་ཁམས་གསོ་བཅོས་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་འབྲེལ། གནད་དོན་གསུམ་ནན་བརྗོད་གནང་དོན། གཅིག་མི་རིགས་གནད་དོན་གྱིས་ཧཱ་ཏ་ལགས་ལོ་ངོ་༡༥ དུས་བཀག་བཙོན་འཇུག་བྱས་པ་མ་ཟད། ཁྲིམས་འགལ་གྱིས་ལོ་ངོ་༤ འཕར་འགྱངས་བཀག་ཉར་བྱས་པའི་གནད་དོན་དེ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཞིར་བཟུང་ནས་ཞུ་གཏུག་མཐར་ཕྱིན་པ་བྱ་རྒྱུ་དང་།
གཉིས་པ་ངེད་མ་སྨད་གཉིས་ཀྱིས་ཧཱ་ཏ་ཡི་ཆེད་དུ་རྒྱལ་སྤྱིའི་ཐོག་འབོད་སྐུལ་ཐེངས་མང་བྱས་རྐྱེན། རྒྱ་གཞུང་གིས་ཁོང་མ་སྨད་གཉིས་ལའང་ནག་ཉེས་གཡོགས་པ་དེ་ཁྲིམས་ལྟར་ཞུ་གཏུག་བྱ་རྒྱུ་ཡིན།
གསུམ་པ་རྒྱ་གཞུང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྲིད་བྱུས་འཛིན་གྱི་ཡོད་པ་བདེན་པ་ཡིན་ན། ངེད་ཚང་ལ་ཉེས་མེད་ཉེས་འགེལ་བྱས་པའི་གྱོད་དོན་དག་འབུད་བྱེད་ངེས་རེད། ཅེས་བརྗོད་འདུག
ཁ་སང་ཧཱ་ཏ་ལགས་ཀྱིས་བརྙན་ཐུང་ཞིག་ཕྱིར་བསྒྲགས་གནང་བའི་ནང་། བཙོན་ཁང་གི་ལོ་ངོ་༡༩ ནང་ཁོང་ལ་མནར་གཅོད་ཚད་མེད་བཏང་རྐྱེན་དབང་པོ་སྐྱོན་ཅན་དུ་གྱུར་ཡོད་པ་མ་ཟད། ཁོ་ཙམ་མ་ཟད་ཁོང་གི་བཟའ་ཟླ་ཞིན་ནཱ་དང་བུ་ཝེ་ལི་སི་ལགས་གཉིས་ཀྱིས་ཀྱང་དཀའ་སྡུག་གང་མང་མྱངས་ཡོད་སྐོར་དང་། ད་ལྟ་ཁོང་ཀློད་གྲོལ་བཏང་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ལ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པར་བཀག་འགོག་དང་། ཁྱིམ་མི་གཉེན་འབྲེལ་ཕུད་མི་གཞན་སུའང་འགྲོ་འོང་གི་འབྲེལ་བ་འཛིན་མི་ཆོག་པར་མུ་མཐུད་ཉེས་ཅན་ལྟར་བཀག་སྡོམ་འོག་གནས་ཡོད་སྐོར་བརྗོད་འདུག
སོག་རིགས་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཧཱ་ཏ་ལགས་ཀྱིས། ཕྱི་ལོ་ ༡༩༨༩ ལོར་སོག་པོའི་རིག་གནས་དཔེ་ཁང་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་༡༩༩༢ ལོའི་ཟླ་༥ པར་ནང་སོག་རང་སྐྱོང་ལྗོངས་ཧི་ཧོ་ཐི་གྲོང་ཁྱེར་དུ་གསང་བའི་ཐོག་ནས་༼ནང་སོག་དམངས་གཙོའི་མཐུན་ཚོགས༽ ཞེས་པ་གསར་འཛུགས་བྱས་ཤིང་། ཁོང་གིས་ཚོགས་པ་དེའི་ཚོགས་གཙོའི་འགན་འཁུར་ནས་༼སོག་པོའི་བཞུད་ལམ༽ ཞེས་པའི་དཔེ་དེབ་ཅིག་པར་བསྐྲུན་བྱས་ཏེ། རྒྱའི་དབང་བསྒྱུར་འོག་གི་ནང་སོག་མི་མང་གི་དཀའ་སྡུག་དང་། རྒྱ་ནག་གི་རྩ་ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་ཕྱོགས་སོགས་འགྲེམས་སྤེལ་གྱིས་ནང་སོག་གི་ཚད་མཐོའི་རང་སྐྱོང་བརྩོན་ལེན་བྱས་པར་བརྟེན། ཁོང་ལ་ནང་སོག་མི་མང་གིས་སོག་རིགས་དཔའ་བོ་དང་རྩྭ་ཐང་གི་གླག་རྒོད་ཅེས་དགའ་གུས་ཆེན་པོ་བྱེད་ཀྱི་ཡོད་འདུག
ཕྱི་ལོ་༡༩༩༥ ལོར་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག ནང་སོག་ཁྲིམས་ཁང་གིས་ཁོང་ལ་ལོ་ངོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཕྱི་ལོ་༢༠༡༠ ལོར་བཙོན་འཇུག་དུས་ཡུན་ཚང་ཡོད་ཀྱང་། མུ་མཐུད་མུན་བཙོན་ཞིག་ཏུ་ལོ་ངོ་༤ བཀག་ཉར་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།