པེ་ཅིང་ཞོགས་པ་ཆུ་ཚོད་བཅུ་པ། ཨ་རིའི་ཝ་ཤིང་ཀྲོན་དགོངས་མོ་ཆུ་ཚོད་བཅུ་པ།
རྒྱ་རི།
ཧ་ལོ། སྲིད་ཐར་ལགས་ཡིན་པས། ལས་སེ། ལས་སེ། བདེ་པོ་ཡིན། གནས་ཚུལ་གསར་པ་འདྲ་མིན་འདུག་གམ
སྲིད་ཐར།
མིན་འདུག ང་ཚོ་ཨོ་ལིམ་ཕི་ཀར་འབྲེལ་བཞིན་ཡོད། ཟླ་བ་བཅུ་པའི་ནང་ཕེབས་རྒྱུ་ཡིན་ནམ། ལན་གསལ་པོ་ཞིག་མགྱོགས་པོ་གཏོང་ཤོག་ཨ། འདིར་གྲ་སྒྲིག་བྱེད་པའི་ཁྱད་པར་འདུག ད་དུང་ལྟ་སྐོར་འདྲ་དགོས་ཀྱི་ཡོད་ན་སྔོན་ནས་གསུངས་ཤོག ཟླ་བ་བཅུ་པའི་ནང་ཤར་བྱང་ཁུལ་ལ་ཀུ་ཤུ་ཡག་པོ་སྐྱེ་ཀྱི་ཡོད། དེར་ཕེབས་ན་སྐྱིད་པོ་ཡོད་རེད་དཱ། ང་ཚོས་ཁྱེད་རྣམ་ལ་ཀྲུང་གོའི་སྐད་གྲགས་ཡོད་པའི་ཀུ་ཤུའི་ཨ་རག་ལེགས་ཤོས་འདི་འབུལ་ཐུབ་པ་བྱེད་ཀྱི་ཡིན། ཨོ་རེད། དེར་ད་དུང་ཀྲང་ཆིང་ལིང་ཀྱི་ཨ་མ་འདས་པོ་དེའི་སྐུ་ཕུང་ཡོད་པས་དེར་ཕེབས་ན་ཡག་པོ་ཡོད་རེད་དཱ། ཕན་ཚུན་ཕྱོགས་གཉིས་ཀྱི་གོ་རྟོགས་ལེགས་སུ་གཏོང་བར་ཕན་གྱི་རེད་དཱ།
རྒྱ་རི།
ལགས་སོ། ཐུགས་རྗེ་ཆེ། སྔོན་ལ་གོང་ལ་བཀའ་འདྲི་ཞུས་ནས་ལན་བྱེད་ཀྱི་ཡིན། ཨ་ནི་ད་རེས་ཞུ་རྒྱུ་ཞིག་ལ། ཁ་སང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་”ཏཱ་ལའི་བླ་མ་སྒེར་གྱི་གནས་ཚུལ་ལས་བོད་ཀྱི་གནས་ཚུལ་ཤོད་ཀྱི་མིན་”ཟེར་བཤད་འདུག་ག དེ་གང་འདྲས་སེ་རས། ང་ཚོ་ད་བར་ཡང་ཡང་འབྲེལ་མོལ་བྱས་པ་འདིར་འབྲས་བུ་གང་ཡང་ཐོབ་མིན་འདུག་ག “རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་”སྐོར་ལ་བཤད་ཀྱི་མེད་པ་འདི་ཁྱེད་རྣམ་པར་གསལ་པོ་བཤད་པ་ཡིན་པཱ།
སྲིད་ཐར།
ལགས། རེད་རེད། འདི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདི་གསུངས་པ་རེད། འདི་ང་ཚོའི་འགྱུར་བ་མེད་པའི་ཀྲུང་དབྱང་གི་སྲིད་འཇུས་རེད། ཡིན་ནའི་འདིའི་སྐོར་ལ་སྐད་ཆ་མ་ཤོད། ཆོ་ཡོད་མ་རེད། ང་ཚོ་འབྲེལ་མོལ་སྐོར་ཤོད་ན་ལེགས་པོ་མིན་འདུག་གམ། འདི་གལ་ཆེན་པོ་རེད། འཛམ་གླིང་གིས་ང་ཚོར་བལྟ་བཞིན་ཡོད་སྟབས། འབྲེལ་མོལ་འདི་མུ་མཐུད་མ་བྱས་ན་འགྲིག་གི་མ་རེད་དཱ། ཁྱེད་རང་གིས་”ཏཱ་ལའི་བླ་མས་འབྲེལ་མོལ་བཞག་ན་འགྲིག་གི་མ་རེད་དཱ་ཅེས་ཀྲུང་དབྱང་གིས་ཟེར་གྱི་འདུག་”ཅེས་ཁོང་ལ་ལབ་རོགས་གནང་།
རྒྱ་རི།
ལགས་སོ་ལགས་སོ། ངས་གོང་ས་མཆོག་ལ་ཞུས་མཆོག ཨོ་ཐེངས་རྗེས་མའི་གྲོས་མོལ་དེ་ག་རེའི་སྐོར་ཡིན་ན།
སྲིད་ཐར།
ཨ། གྲོས་མོལ་བྱེད་ཀྱི་ཡོད་མ་རེད་དཱ། འབྲེལ་མོལ་བྱེད་ཀྱི་ཡོད་རེད་དཱ།
རྒྱ་རི།
ཨོ་དགོངས་དག ཁ་ཤོར་སོང་། ཨ་ནི་ཐེངས་རྗེས་མའི་འབྲེལ་མོལ་དེ་ག་རེའི་སྐོར་གནང་རྩིས་ཡིན་ན།
སྲིད་ཐར།
ཨོ་དེ་ད་ལྟ་གསང་བ་རེད། ཁྱེད་ཚོར་བཤད་ན་འགྲིག་གི་མ་རེད། རྗེས་མ་གནམ་གྲུའི་འབབ་ཚུགས་ནས་ཤོད་ན་མ་འགྲིག་མ་མིན་འདུག་གམ།
རྒྱ་རི།
ལགས་སོ། སྔོན་ལ་ཕྱི་རྒྱལ་གྱི་མི་དེ་ཚོ་དང་བོད་པ་ལྟ་བ་མཁྲེགས་པོ་འདི་ཚོའི་རྒྱབ་སྐྱོར་ཐོབ་ཆེད་ཐེངས་རྗེས་མ་འདི་༼རང་སྐྱོང་སྐོར།༽རེད་ལབ་ན་འགྲིག་གི་རེད་པས། འདིར་གནད་འགག་ཆེན་པོ་ཡོད་དཱ། ཨ་རིའི་གཞུང་ནས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་ག
སྲིད་ཐར།
ཨོ་འདི་་་་་་འདི། རེད་་་་་རེད། རང་སྐྱོང་སྐོར་རེད་ལབ་ན་ཡག་པོ་འདུག རྒྱ་རི་རིན་པོ་ཆེ་ཁྱེད་རང་དངོས་གནས་གཟིགས་རྒྱང་ཆེན་པོ་འདུག་ག དངོས་གནས་ཨ་རིའི་གཞུང་གིས་དོ་སྣང་བྱེད་ཆོག་པའི་མི་ཞིག་རེད་འདུག་ག ངོ་མ་ཁམས་པའི་ཕོ་ཁྱོ་ཀ་ངོ་མ་ཞིག་རེད་འདུག་ག
རྒྱ་རི།
ག་པར་ག་པར། ངས་རྒྱ་བོད་འབྲེལ་མོལ་སྐོར་ལ་ལེགས་སྐྱེས་ག་ཚོད་ཕུལ་ཐུབ་པ་ཡིན་ནའི་ང་རང་གི་མི་ཚེའི་བྱས་རྗེས་རེད་བསམ་གྱི་འདུག ད་ལྟ་ང་ཚོ་བོད་མི་ལ་དཀའ་ངལ་ཆེན་པོ་འདི་འདྲ་འཕྲད་དུས་རང་ཉིད་ཀྱི་ཞབས་འདེགས་གང་ཐུབ་པ་འདི་བྱེད་ཀྱི་ཡོད་དཱ།
སྲིད་ཐར།
རེད་རེད། འབྲེལ་མོལ་བྱས་པ་འདི་ད་བར་ཡག་པོ་ཞེ་དྲག་བྱུང་ནས་ང་ཚོས་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། དེ་ཀྲུང་གོའི་ལོ་རྒྱུས་ནང་རྒྱུན་རིང་གནས་ཐུབ་ཀྱི་རེད་དཱ།
རྒྱ་རི།
ལགས་སོ། ཐུགས་རྗེ་ཆེ། མགྱོགས་པོ་མཇལ་ཡོང་།
སྲིད་ཐར།
མཇལ་ཡོང་ང་། ཞུགས་ཨཱ།
རྒྱ་རི།
ལགས་སོ། ཨོ། སྲིད་ཐར་ལགས། ངས་ཁྱེད་རང་གི་མ་དམ་པ་འདིའི་སྐྱབས་ཐོ་འདི་”ཡར་་”ཕུལ་བ་ཡིན་དཱ། ཁོང་ནས་སྨོན་ལམ་རྒྱབ་ཆོག་གསུངས་ཀྱི་འདུག་ག
སྲིད་ཐར།
ཨོ། ཐུགས་རྗེ་ཆེ་རིན་པོ་ཆེ། ཁོང་ལ་ཐུགས་རྗེ་ཆེ་གསུངས་རོགས། རྗེས་མ་”ཁོང་ལ་ལགས་རྟགས་ཆུང་ཆུང་ཞིག་སྣམས་རོགས།”
རྒྱ་རི།
ལགས་སོ། ངས་ཡར་ཞུས་ཆོག མགྱོགས་པ་མཇལ་ཡོང་།
Very good conversation, but……
རྒྱ་རི་བློ་གྲོས་ཧོབ་སྟེ་སྐད་བཤོར་བ།
རྒྱ་རི་བློ་གྲོས་རྒྱལ་མཚན་ནས་ད་བར་བགྲོས་མོལ་ཐེང་དྲུག་དང་ནང་མོལ་གཅིག་གི་རིང་རྒྱ་ནག་མགྲོན་གཉེར་བར་ཐུགས་རྗེ་ཆེ་ཞུ་དང་གང་དགའ་ལེགས་ལེགས་ཡོང་གི་ཡོད་པའི་བསྡོམས་ཚིག་ཁོ་ནས་བཙན་གྱར་བོད་མི་རྣམས་གང་མགྱོགས་བོད་ནང་ལོག་འདུན་གྱི་རེ་བ་ཤུགས་ཆེ་བཟོས་པ་རེད། ད་ལམ་བགྲོས་མོལ་ཐེང་བདུན་པའི་རྗེས་གཞི་ནས་ཁོང་ནས་རྒྱ་ནག་གཞུང་ལ་བོད་གཞུང་གི་དབུ་མའི་ལམ་དེ་འགྲེལ་བཤད་གནང་མ་ཐུབ་པའི་ངོས་ལེན་དང་ཧོབ་སྟེ་རེ་བ་ཆད་པའི་སྐད་བཤོར་བ་རེད། དེ་ནི་བོད་མི་ཚོར་ཡ་མཚན་དང་རེ་བ་ཆད་པའི་རྒྱུ་མཚན་ཆེན་པོ་ཞིག་ཏུ་འགྱུར། ཁོང་ནས་ཉེ་ཆར་རང་བོད་དེ་ད་བར་རེ་བས་སྐྱབས་ཡོད་པ་ལས་རེ་བས་ཕུངས་མེད་ཅེས་རླུང་འཕྲིན་ནང་བརྗོད་ཡོད། ད་ཆ་ཁྱེད་ཀྱི་སྐད་བཤོར་བ་དེ་རེ་བས་ཕུངས་རྟགས་ཡིན་ནམ་རེ་བས་སྐྱབས་རྟགས་གང་ཡིན་ནམ། བོད་གཞུང་གི་དབུ་མའི་ལམ་དེ་སུས་ཀྱང་འགྲེལ་བཤད་རྒྱབ་ཡེ་དང་གོ་ཡེ་དཀའ་བ་མ་ཟད། ཕྱི་རྒྱལ་ཆབ་སྲིད་ཆེད་ལས་མཁས་པས་ཀྱང་གོ་དོན་ཆ་ཚང་རྟོགས་མ་ཐུབ་པར་གནས་མུས་རེད་འདུག དེང་རབས་ཀྱི་ཆབ་སྲིད་དེ་པྱི་གསལ་ནང་གསལ་ཐོག་མི་མང་གི་སྟོབས་ཤུགས་ལ་བརྟེན་དགོས་པ་ལས་མི་རེ་གཉིས་ཀྱི་སྤྱང་འདོག་དང་སྒྲུང་འདོག་གི་ལས་ལུགས་དེ་འགྲོ་ས་མེད་པ་ཤེས་དགོས།
རྒྱ་རི་སྤྱང་འདོག་སྒྲུང་འདོག། རྒྱ་ནག་མགོ་བསྐོར་མ་ཐུབ།།
རྒྱ་གར་ཡུལ་ན་གནས་པའི།། ༧རྒྱལ་བར་དབུ་ཞྭ་མ་གཡོག།