རྡོ་རྗེ་རིན་ཆེན།
༠༽
ས་གཞི་སྐོམ་པས་གདུངས།
ང་ཡིས་གཙང་བོ་ཞིག་དྲན།
གཙང་བོ་དེའི་མགོ་ཁུངས།
སྲིད་པའི་གངས་རིན་པོ་ཆེ།
ཡོད་ཀྱང་མཐོང་མི་ཐུབ་པ།
སྲིད་པའི་གངས་རིན་པོ་ཆེ།
༡༽
ཡན་ལག་བརྒྱད་ལྡན་གྱི་གཙང་བོ།
གནའ་བོའི་མཐོ་སྒང་གི་རྩྭ་ཐང་སྣུམ་པོ།
དེ་རུ་འཚོ་བའི་རྟ་ནོར་ལུག་གསུམ།
དེ་རུ་གཞི་བྱས་བའི་སྦྲ་ནག་དང་རུ་ཚོ།
དེའི་སྟེང་གི་ནམ་མཁའ་དང་སྐར་ཚོགས།
དེའི་འོག་གི་ང་ཡི་མེས་པོ།
རྡོ་ཡི་མདུང་དང་རུས་པའི་ཁབ།
པག་པའི་གོས་དང་གཟི་ཡི་རྒྱན་ཆ།
ཤ་དང་མར་ཆུར་གྱི་ཟས།
ཆང་དང་འོ་མའི་བཏུང་བ།
ཞག་དང་ཚི་ཡི་སྒྲོན་མེ།
གླུ་དང་གར་གྱི་དགའ་སྟོན།
རྟ་དང་མདའ་ཡི་རྩལ་འགྲན།
འདི་ལྟར་བསམ་ན།
འདི་ལྟར་དྲན་ན།
༢༽
ལྷ་ཡི་རྨུ་ཐག་ལས་བྱོན་པ།
རྒྱལ་བོ་དང་བཙན་པོ།
བོན་སྒྲུང་ལྡེའུ་གསུམ།
ཡུམ་བུ་བླ་མཁར་དང་ཡར་ལུང་ཁོག
དམར་པོ་རི་དང་ཁམས་ཀྱི་རྒྱལ་ཁམས།
རྟ་དམག་གི་རྨིག་སྒྲ།
ལྕགས་ནག་གི་མདུང་མོ།
ཉི་མ་དང་གངས་རི།
ཁྱུང་དང་སེང་གེའི་དམག་དར།
༣༽
འདི་ལྟར་བསམ་ན།
འདི་ལྟར་དྲན་ན།
ཡོད་ཚད་ཁ་སང་དང་དེ་རིང་།
འདི་ལྟར་བྱུང་མྱོང་བ་དྲན་ན།
ང་ཡི་མགོ་བོ་དགྱེ་ཆོག
ཡོད་ཚད་ཁ་སང་དང་དེ་རིང་།
འདི་ལྟར་འདས་ཟིན་པ་དྲན་ན།
ང་ཡི་མགོ་བོ་དམད་དགོས།
༢༠༡༦།༧།༡༧།
མེ་ལོང་མ་ལྟ་བུའི་བན་དེའི་ཆགས་གཏམ་རྐྱང་རྐྱང་མ་ཡིན་པར། བོད་གདོད་མའི་རང་གཤིས་གསལ་བར་མངོན་པའི་སྙན་ངག་ཧ་ཅང་སྤུས་ལེགས་བྲིས་པར་འདི་ནས་ཁྱེད་ལ་བཀྲ་ཤེས་བདེ་ལགས་ཞུ། ད་དུང་མང་ཙམ་འབྲི་རོགས་གནོངས་ངོ་མ་སྙན་བྱུང་། །
སྐུ་ཉིད་ཀྱིས་བཀླགས་པར་ཐུགས་རྗེ་ཆེ།
འོ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ། གངས་རིན་པོ་ཆེ་དེ་དྲང་པོ་ཞུས་ན་གཡུང་དྲུང་བོན་གྱི་འབྱུང་ཡུལ། སྟོན་པ་གཤེན་རབ་གྱི་འཁྲུངས་ཡུལ། གངས་ཅན་པའི་རིག་གཞུང་གི་འབྱུང་ཡུལ་རེད་བ།