རྔ་བ་མེ་རོ།
ངའི་རུས་རྐང་ལས་བཞད་པའི་ཤ་ཁྲག་གི་ལོ་མའི་སྤུབ་ནས། ངའི་སྙིགས་སེམས་མེ་ཏོག་གི་རྣམ་ཤེས། འོད་གོང་ལས་འཕུར་འགྲོ། འགྲོ་ཁར་ས་སྟེང་གི་སེམས་ཅན་ཡོད་དགུའི་ཚེ་སྲོག་འཇོམས་ཐུབ་ཅིང་། མི་སྲོག་ཐམས་ཅད་ཀྱི་གསོན་སྙིང་ཡོད་ཚད་ངའི་འཚོ་རྟེན་དུ་འགྱུར་བར་ཤོག ལོག་སྨོན་འདི་ནི་བདག་གིས་འདྲེ་སྲིན་ལ་འདྲེ་འཛིངས་དང་། འདྲེ་དང་སྲིན་པོའིི་དམག་རྫོང་བདུད་དཔུང་གིས་འཇོམས་ཆེད་ཡིན། ད་དུང་འདྲེ་དང་སྲིན་པོའི་འཛིང་རགས་ནས་འབུད་པའི་བླ་རྐང་གི་གདུང་དབྱངས་མེ་ཡིག་ལས་མཆེད་དེ། ངའི་སྙ་ངག་གི་འཇིགས་ཉམས། གནམ་རིམ་པ་དགུ་ཁྲོས་ས་ནས་དཔལ་འབར་དུ་སྒྲོན་ཡོད་ཧ་ཧ་ཧ་ཧ།
ཁ་བ་ལྷབ་ལྷུབ་འབབ། རླུང་ནག་འཚུབ་འཁོར་རྒྱག དར་ལྕོག་དང་ལྡ་རྡི་འཐེན་པའི་བྲག་ཟོམ་ཞིག་ན། བདག་གིས་མི་ཤ་དང་མི་ཁྲག་གི་གསོལ་སྟོན་བཤམས་ཡོད། གལ་སྲིད་ཁྱོད་ཉིད་ཕེབས་འདོད་ན། སྨུག་སྤྲིན་གྱི་ཡོལ་ནག་འཐེན་པའི་རྒྱབ་ཕྱོགས་སུ། ཁྱི་སྤྱང་བརྒྱ་ཡིས་གཟེང་འཁོར་འདྲིད་ཅིང་། བྱ་ནག་འབུམ་གྱིས་ཁྱོད་ལ་དཔུང་གཉེན་གྱི་ཚུལ་དུ་སྒུག་ཡོད། གལ་སྲིད་ཁྱོད་ཀྱིས་ཟ་འདོད་ན་གློ་རྒྱུ་དང་ཀླད་ཞོ། རུས་རྐང་དང་ཚིལ་ཞགས་ཐོད་ཕོར་སྟོང་གི་ནང་དུ་བཤམས་ཡོད། འདི་ནི་ཁྱེད་ཀྱིས་གནམ་འོག་གི་ཟས་མཆོག་ཅིག་ཏུ་སྣང་ཞིང་། འཇིག་རྟེན་འཇོམ་བྱེད་ཀྱི་སྙན་ངག་ཁྱོད་ཀྱིས་ཟས་དུག་ལས་བརྙེད་པར་ཤོག
བདག་གིས་མི་སེམས་ཀྱི་འོད་སྣང་འཐུང་བཞིན། རྣམ་ཤེས་ཀྱི་སྐྱེ་རྒྱུད་ཟ། ད་དུང་མི་ཁྲག་དམར་འཛར་འཛར་གྱི་ཚེ་སྲོག་མིད་ཀྱིན། མུན་ནག་གི་ཀློང་ནས་དམར་མཆོད་ཀྱི་ཁྲག་ཟངས་བཤམས་ཏེ་ཧུཾ་སྔགས་ཀྱི་མགྲིན་སྒྲ་སྒྲོག རྐང་གླིང་གི་འགྱུར་ཁུགས་གནམ་སའི་འཐུད་མཚམས་ནས་བརྐྱངས་ཏེ་ཁྱོད་ལ་མིང་འབོད་བྱེད་ཅིང་། ཁྱོད་ཀྱི་ཚེ་བླ་སྲོག་གསུམ་གྱི་མུ་ཐག་ཁྱོད་ཀྱི་ཤ་གསེང་རུས་གསེང་ནས་འཐེན། འདི་ནི་ཁྱོད་ལས་ཐོབ་པའི་ངའི་སྙན་ངག་གི་སེམས་ཤིང་དང་ཁྲག་ཤ་དམར་པོས་བཏུམས་པའི་འོད་ཟེར་གྱི་ཡི་གེ་གཅིག་གོ།
གསོན་འདྲེ་ཁྲི་མ་འབུམ་གྱིས་དྲག་འབོད་བྱེད་ཅིང་། ཤི་འདྲེ་ས་ཡ་སྟོང་གིས་ངུ་སྐད་འབྱིན་ས་འདི་ནས། ཤི་གསོན་མ་ངེས་པའི་བླ་འདྲེ་འབུམ་གྱིས་སྐོར་བྲོ་འཁྲབ། འདི་ནི་འདྲེ་སྲིན་གཉིས་ཀྱི་འགག་སྒོ་དང་པོ་སྟེ་སྲིད་པའི་ལྗོངས་ཀྱི་གར་སྟེགས་མཐོན་པོ་ཡིན་པས། ངའི་སྙན་ངག་ལ་བར་ཆད་བྱུང་བའི་ས་ཚུགས་ཀྱང་འདི་ཡིན། ཁྱོད་ཀྱིས་སྙན་ངག་གི་རྟོགས་པ་ལ་ཉམས་ལེན་བྱེད་འདོད་ན། རིག་པ་ཀློང་བརྡོལ་གྱི་སེམས་ཁམས་སྙིང་དུ་སྦྲུམ་བཞིན་གར་སྟེགས་འདིར་ཕེབས་ཤོག་ཡ།
བདག་འདྲེ་སྲིན་ཡིན། བདག་ནམ་ཡང་འདྲེ་སྲིན་ཡིན། འདྲེ་མི་གཟུགས་ཅན་གྱི་ཚེ་སྲོག་འཇོམས་བཞིན། མི་སྡུག་པའི་ཁོར་ཡུག་ཅིག་ནས་ཁྱོད་ལ་ཀྭི་འབོད་བྱེད། གངས་འཁྱགས་ཀྱི་སྦྲམ་བུའི་ནང་དུ་མེ་ཏོག་གསེར་ཆེན་གྱི་དགོད་འཛུམ་མ་བཞད་པར་དུ། ངས་རྣམ་ཤེས་འབུམ་གྱི་མུ་ཐག་བྲག་ནག་སྲུབ་མེད་ཀྱི་སྙིང་རྫོང་དུ་འཐེན་ན་ཆོག ཁྱོད་ཉིད་སྐྱེ་བའི་མངལ་སྒོ་དེ་ཁྱོད་ཉིད་འཆི་སའི་དུར་ཁྲོད་དུ་གྱུར་ཞིང་། ཁྱོད་ཉིད་སྐྱེས་པའི་ལྟེ་ཁྲག་འདི་ཡང་ཁྱོད་ཀྱི་བེམ་རོ་ཟ་བའི་བྱ་རྒོད་དག་གི་འཐུང་ཆུ་རུ་གྱུར་ཡོད། ཆེས་ཐོག་མ་ནས་ཁྱོད་ཀྱིས་ནོར་འཁྲུལ་ཞིག་བྱས་པ་དེ། ཁྱོད་ཀྱི་སྐྱེས་པ་འདིའི་རྣམ་ཤེས། ཁྱོད་ཀྱི་སྙན་ངག་གི་དྭངས་མར་བསྒྱུར་མ་ཐུབ་པའི་བྱང་རྒོད་ཀྱི་སེམས་པ་དེ་རེད།
ཆགས་སྲེད་ཀྱིས་བསྡུས་པའི་གར་མཁན་མ། ཁྱོད་ཀྱིས་མཐོང་ན་འདོད་དམ། མི་སྲིན་དང་འབྱུང་བོའི་ཚོགས་ཀྱིས་འཁྲབ་བཞིན་པ་འདི་ནི་ཤི་གསོན་མ་ངེས་པའི་མི་ཚོགས་ཤིག་གི་གཤེད་མ་དང་། གདོན་འདྲེའི་རྒྱལ་ཁམས་སྐྱོང་བའི་རྣམ་ཤེས་འབུམ་གྱི་དགའ་སྟོན་ཡིན། གནས་ལུགས་མེད་པའི་གནམ་འོག་དང་། མགོ་ལག་མེད་པའི་འདྲེ་ཚོགས་ནི་ང་དང་ཁྱོད་ཀྱི་རྒྱལ་ཁམས་ཡིན་ཞིང་། འདྲེ་དང་སྲིན་པོས་སྙན་ངག་གི་རིག་པ་ལ་མགོ་བོ་སྒུར་པའི་གནས་མཆོག་ཀྱང་ཡིན།
གནམ་རིམ་པ་དགུའི་སྟེང་ནས་བྱ་ནག་འུག་པས་ཐན་སྐད་དང་། ས་ནག་རིམ་པ་དགུའི་འོག་ནས་བྱི་བ་ནག་པོའི་ཁུན་སྒྲ་གྲགས་པའི་བར་གསེང་ནས། ངས་ཁྱོད་ཀྱི་བླ་ཟུངས་དྲངས་ཤིང་། ཁྱོད་ཀྱི་ཚེ་སྲོག་གི་ཟུངས་སྐུད་འཐེན་གྱིན། བདག་གིས་ཁྱོད་ཉིད་གདོན་འདྲེའི་རྒྱལ་ཁམས་སུ་བསུ་བ་བྱ། ལུས་སྲོག་མ་དར་བའི་རྣམ་ཤེས་ཤིག་གི་སྡུག་ཡས་ངས་སྙན་ངག་གི་ཞིང་ཁམས་ནས་འོད་སྣང་དུ་སྒྲོན་ན་ཆོག
བདག་གིས་མུན་ནག་དང་རྨི་ལམ་འཐབ་པའི་ཁོང་གསེང་ནས། ཤི་ཟིན་པའི་ཁྱོད་ཀྱི་ཨ་མའི་ངོ་གདོང་གཡར་སྟེ། འཆི་གཤེད་སྲིན་མོས་ལག་པ་གཡུག་བཞིན། གཤེན་རྗེའི་ཧོམ་ཁུང་མེ་འབར་གྱི་ནང་དུ་ཁྱོད་ལ་ཉལ་ཆས་བཏིངས་ཡོད། འདི་ནི་བདུད་སེམས་ལྷ་མིང་ཅན་དང་། གདོན་འདྲེ་མི་གཟུགས་ཅན་གྱི་དཔུང་ཚོགས་ཀྱིས་ཁྱོད་ལ་དགའ་བསུའི་ལག་ཟུང་བརྐྱངས་ཡོད་ལ། ཁྱོད་ལ་འཇིགས་སྐྲག་གི་སྣང་བ་མི་དགོས་ན་སྙན་ངག་གི་ཟིལ་ཤུགས་རང་སྲོག་ཏུ་འཆིང་བཞིན། གོམ་པ་གང་རེའི་མཚམས་ནས་རང་ཉིད་ཀྱི་ཟུངས་ཁྲག་གིས་རང་ཉིད་ཀྱི་སྙན་ངག་ཟིན་ཚོར་གདབ་རོགས་ཀྱིས།
ཁྱོད་ཀྱིས་གདོན་འདྲེའི་རྒྱལ་ཁམས་ཀྱི་སྙན་ངག་ལ་ཉན་འདོད་ན། ཁྱོད་ཀྱིས་རང་ཉིད་ཀྱི་ཚེ་སྲོག་གི་སྟོབས་ཤུགས་ངོམ་ཞིང་། ཁྱོད་ཀྱིས་རང་དབང་གི་རྣམ་ཤེས་བེད་སྤྱད་ནས། ད་དུང་ཞེ་སྡང་དང་ང་རྒྱལ་ཀྱིས་ཁེངས་པའི་སྙིང་སྟོབས་སུ་ལོག་ལྟ་ཡི་འདུ་ཤེས་ཞུགས་ཏེ། དམ་ཚིག་ཉམས་པའི་ཆོད་སེམས་ཀྱི་སྒལ་ཚིགས་སྲོག་ལ་བསྟིམས་ནས་ཕེབས་དང་། བདག་གིས་གདོན་འདྲེའི་རུ་དཔུང་བཤམས་ཤིང་། དགེ་སྡུག་མི་ཤེས་པའི་དམག་ཚོགས་ཤིག་གིས་ཁྱོད་ལ་བསུ་བ་བྱ། ཁྱོད་ལ་སྔ་ས་ནས་གོ་སྒྲིག་ཅིག་ཡོད་དགོས་པ་ནི། ཁྱོད་ཉིད་ཀྱི་ཐོད་པའི་ཨ་ཡིག་ལ་བསྐོས་པའི་སྙན་ངག་གི་མ་ཕྱི་གཤར་སྦྱང་བྱ་རྒྱུ་དེ་རེད།
འདྲེ་སྲིན་ལ་དགྲ་འཁོན་བརྩོད་ཆེད། མི་སྲིན་ལ་འདྲེ་འཛིང་བྱ་ཆེད། བདག་གིས་བཙན་དང་མ་མོ་རྒྱུ་བའི་ལམ་མདོ་ན། བདུད་དང་སྲིན་པོ་འཚོགས་པའི་གྲོས་ར་ན། དཔའ་རྩལ་འགྲན་བསྡུར་གྱི་དགོང་ཚོགས་ཤིག་བསྡུས་ཡོད། ངས་ཚེ་སྲོག་གི་དམར་འཛིང་བཤམས་པའི་གསོལ་སྟོན་འདིར། མདའ་མཚོན་གྱི་ཆར་རླུང་འཚུབ་པའི་གླིང་ཕྲན་འདིར། མི་ཁྲག་དང་འདྲེ་རྐང་འདྲིས་པའི་མཚོ་ངོགས་ན། འདྲེ་སྲིན་ཁྲི་མ་འབུམ་གྱིས་ཧབ་སྒྲ་འཁྱིལ་བཞིན། མི་སེམས་བྱེ་བ་འབུམ་གྱི་རྣམ་ཤེས་ཁུར་བཞིན་ཡོད། མི་ཁྲག་གི་རླངས་སྤྲིན་འཁྲིགས་པའི་གནམ་འོག་འདི་ནས། མི་རོ་ཡིས་ཐོག་མཁར་བརྩིགས་པའི་ཁོར་ཡུག་འདི་ནས། ང་ཚོས་གདོན་འདྲེའི་རྒྱལ་ཁམས་ཀྱི་སྙན་ངག་སྒྲོག་སྦྱང་བྱ། ཧ་ཧ་ཧ་ཧ།
ཕྱི་ལོ་༢༠༡༤།༡༠།༥ཉིན།