༄༅། །སྲིད་པའི་འཁོར་ལོ་ཞེས་པ་འདི་ནི། ངན་འགྲོ་དང་བདེ་འགྲོ་གཉིས་སུ་འདུས་པའི་རིགས་དྲུག་གི་སེམས་ཅན་ཀུན་སྲིད་པ་འཁོར་བ་ན་ཇི་ལྟར་འཁོར་ཞིང་འཁྱམས་པ་དང༌། དེའི་རྒྱུ་དང་བཅས་པ་སྟོན་པའི་རི་མོ་སྟེ། རི་མོ་འདི་ཉིད་ཐོག་མར་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་བཞིན། སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ནར་སྐྱེས་ལན་དུ་བྲིས་པར་གྲགས།
རོ་མོའི་དབུས་སུ་བྱ་སྦྲུལ་ཕག་གསུམ་གྱི་གཟུགས་བརྙན་སྣང་བ་ནི། འགྲོ་དྲུག་འཁོར་བར་འཁོར་བྱེད་ཀྱི་རྒྱུ་གཙོ་བོ་ཉོན་མོངས་དུག་གསུམ་མཚོན་པ་ཡིན་ཏེ། དང་པོ། བྱ་ནི་འདོད་ཆགས་ཀྱི་མཚོན་བྱེད་དང༌། གཉིས་པ། སྦྲུལ་ནི་ཞེ་སྡང་གི་མཚོན་བྱེད། གསུམ་པ། ཕག་པ་ནི་གཏི་མུག་གི་མཚོན་བྱེད་ཡིན་པ་དང༌། བྱ་སྦྲུལ་གཉིས་ཕག་པའི་ཁ་ནས་ཐོན་པ་བྲིས་པ་ནི་འཁོར་པའི་ཉེས་དམིགས་ཐམས་ཅད་ཉོན་མོངས་དུག་གསུམ་ལས་བསྐྱེད་ཅིང༌། ཆགས་སྔང་གཉིས་ཀྱང་མ་རིག་པའི་རྒྱུ་གཙོ་བོ་གཏི་མུག་ལས་བྱུང་བ་མཚོན་པ་ཡིན། བྱ་དང་སྦྲུལ། ཕག་པ་བཅས་ཀྱི་རི་མོ་འདི་འབྲི་ཚུལ་ཅུང་མི་འདྲ་བའང་ཡོད་སྐད། དེའི་མཐའ་རུ་ལམ་དཀར་ནག་གཉིས་བྲིས་པ་ནི། བདེ་འགྲོ་དང་ངན་འགྲོའི་བར་སྲིད་ལ་དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པར་མཚོན། དེ་ཡང་སྡིག་པའི་རྣམ་སྨིན་གྱིས་ངན་སོང་དུ་ལྷུང་ངེས་བ་ཞིག་ཡིན་ན། བར་དོའི་སྲིད་པར་མགོ་བོ་ཐུར་དུ་བཙུགས་ནས་འགྲོ་བའི་སྣང་བ་དང༌། ལས་མཁན་གྱི་ཐག་པས་བཀྱིག་ནས་དབང་མེད་དུ་འཁྲིད་འགྲོ །འོན་ཀྱང་དགེ་བའི་བསོད་ནམས་ཀྱིས་མཐོ་རིས་སུ་སྐྱེ་པ་ཞིག་ཡིན་ན། མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ་གངས་རི་ལ་ཉི་འོད་ཀྱིས་ཐོག་མར་ཕོག་པ་ལྟ་བུ་དང་ལམ་གྱེན་དུ་འགྲོ་བའམ། ཐད་ཀར་འགྲོ་བ་སོགས་ཀྱི་སྣང་བ་འཆར་བ་དང༌། ལས་མཁན་སོགས་ཀྱི་འཇིགས་སྣང་གི་སྡུག་བསྔལ་དང་བྲལ་བའོ།
འཁོར་ལོའི་རྩིབས་བར་དྲུག་ཏུ་ལྷ་དང་མི། ལྷ་མ་ཡིན་བཅས་བདེ་འགྲོ་གསུམ་དང༌། དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་ངན་འགྲོ་གསུམ་བཅས་རིམ་པར་བཀོད་དེ་བྲིས་པ་ནི། འགྲོ་བ་རིགས་དྲུགགི་སྡུག་བསྔལ་བསྟན་པ་ཡིན་ལ། མཚོན་དོན་ནི། མར་གྱུར་འགྲོ་བ་ཀུན་ཐར་པ་མ་ཐོབ་བར་དུ་འགྲོ་བ་རིགས་དྲུག་ཏུ་རེས་མོས་ཀྱིས་ཚེ་འཕོས་ཏེ་སྡུག་བསྔལ་མྱངས་ཤིང་མྱོང་བ་དེ་ཡིན།
འཁོར་ལོའི་མཐའ་འཁོར་གྱི་དྲ་མིག་བཅུ་གཉིས་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚོན་བྱེད་དེ། དང་པོ་དམུས་ལོང་འཁར་རྒྱུག་ལ་བརྟེན་པ་དེས་མ་རིག་པའི་རྟེན་འབྲེལ་མཚོན་ཞིང༌།གཉིས་པ་རྫ་མཁན་གྱིས་འདུ་བྱེད་ཀྱི་རྟེན་འབྲེལ་མཚོན། གསུམ་པ་སྤྲེའུ་ཤིང་རྩེར་རྩེན་པ་དེས་རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན། བཞི་པ་གྲུ་གཟིངས་ཀྱིས་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན། ལྔ་པ་ཁང་སྟོང་གིས་སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན། དྲུག་པ་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པ་དེས་རིག་པའི་རྟེན་འབྲེལ་མཚོན། བདུན་པ་མིག་ཏུ་མདའ་ཟུག་པས་ཚོར་བའི་རྟེན་འབྲེལ་མཚོན། བརྒྱད་པ་སྐྱེ་བོས་ཆང་འཐུང་བ་དེས་སྲེད་པའི་རྟེན་འབྲེལ་མཚོན། དགུ་པ་སྤྲེའུས་ཤིང་ཏོག་བཏོག་པ་དེས་ལེན་པའི་རྟེན་འབྲེལ་མཚོན། བཅུ་པ་བུད་མེད་སྦྲུམ་མ་དེས་སྲིད་པའི་རྟེན་འབྲེལ་མཚོན། བཅུ་གཅིག་པ་ཕྲུ་གུ་བཙའ་བ་དེས་སྐྱེ་བའི་རྟེན་འབྲེལ་མཚོན།བཅུ་གཉིས་པ་མི་རོ་འཁུར་བདེས་རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན་ནོ།
དེ་ཐམས་ཅད་འཁོར་ལོའི་རྣམ་པར་འཆི་བདག་གི་ཁ་དང་རྐང་ལག་བཞིས་དམ་དུ་བཟུང་བར་བྲིས་པ་དེས། ལས་དང་ཉོན་མོངས་པའི་དབང་གིས་འཇིག་རྟེན་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་མེད་པ་དང༌། དེ་ཡང་ལན་རེ་གཉིས་ཙམ་མ་ཡིན་པར། ཇི་སྲིད་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་དུ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱངས་ཏེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བ་མཚོན།
སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྡུག་བསྔལ་མཐའ་དག་གི་དབེན་པའི་ཞི་བ་མྱང་འདས་སམ་བདུད་བཞི་ཕྲ་རགས་མ་ལུས་པ་བཅོམ་པའི་རྣམ་མཁྱེན་གྱི་གོ་འཕང་མཚོན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི། ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན། འཁོར་བའི་རྒྱ་མཚོའི་སྡུག་བསྔལ་གྱི་ཀློང་ནས་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས། སེམས་ཅན་ཀུན་གྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་ཅིག་ཅེས་བརྡ་ཐབས་ཀྱིས་འདོམས་པར་མཛད་པ་མཚོན་ནོ།། །།
སྲིད་པ་འཁོར་ལོའི་འགྲེལ་བཤད་ཡག་པོ་འདུག ཡིན་ནའང་སྲིད་པའི་འཁོར་ལོ་ཞེས་འབྲེལ་སྒྲ་བྲིས་པ་ཐེངས་དང་པོ་མཐོང་བྱུང་།
འཆི་བདག་ལ་ཁ་དང་རྐང་ལག་ཡོད་དམ།
ལེན་རྒྱུ་བྱུང་སོང་། ཐུགས་རྗེ་ཆེ།
ཤེས་བྱ་སྣ་རེ་རེ་ངོ་སྤྲོད་བྱེད་ཐུབ་མཁན་འདི་འདྲ་རེ་ཡོད་ན་རྩོམ་སྤེལ་བ་དོན་ལྡན་རེད་ལ་རྩོམ་བཀླགས་པ་དེ་ཡང་དོན་དང་ལྡན་པ་རེད།
ད་དུང་་བོད་ཀྱི་དགོན་པའི་སྒོ་དང་སྒེའུ་ཁུང་གཡས་གཡོན་ཟུར་ནག་པོ་བཟོ་དགོས་དོན་དང་། ཀ་བའི་མགོར་འཛིན་སྦར་མགོ་བྲིས་དོན་དགོན་པའི་སྒོ་ལྷོ་ལ་སྟོན་དགོས་དོན་་དེ་བཞིན་སྤེན་བེད་དམར་པོ་བཟོ་དོན་སོགས་འགྲེལ་བཤད་གནང་མཁན་ཡོད་ན་་་ཡག་པོ་འདུག་་་་་་་་་་་་་
དྲུག་པ་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པ་དེས་རིག་པའི་རྟེན་འབྲེལ་མཚོན། རིག་པའི་རྟེན་འབྲེལ་མ་རེད། རེག་པའི་རྟེན་འབྲེལ་མཚོན་ཞེས་པ་རེད། འདུལ་བ་ལུང་ན་སྲིད་པའི་འཁོར་ལོ་ཆ་ལྔ་བ་ཞེས་ཀྱང་འདུག །
ལོ་པཎ་བཀའ་ཐང་ལས། མ་རིག་ཕུགས་རྡིབ་འདུ་བྱེད་རྩ་བ་ཆད།།དེ་ཡིས་རྣམ་ཤེས་ཡུལ་ལ་མི་འཇུག་པ།།དེ་ཡིས་མིང་དང་གཟུགས་ཀྱི་དེར་འཛིན་ཞིག།
ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཡིན་པས་མཛད་པ་བཅུ་གཉིས་དང་རྟེན་འབྲེལ་བཅུ་གཉིས་སོགས་རི་མོའི་མཚོན་དོན་སྣ་མང་ཡོད་པའི་གཙུག་ལག་ཁང་གི་སྒོ་ཁྱམས་དང་ལོགས་རིས་དག་ལ་ཕྲིས་ཤིག་ཅེས་སྟོན་པས་གསུངས་པ་རེད། གནའ་བོའི་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་ཁྱད་ཆོས་འབུར་ཐོན་གྱི་མཚོན་དོན་ཟབ་མོ་ཡོད་པ་ཉེ་བའི་དུས་རབས་ནང་ཉམས་རྒུད་དུ་ཕྱིན་ཡོད་པ་དང་རང་གི་རིག་གཞུང་རྗེས་ལུས་ཀྱི་རྣམ་པར་བལྟས་ནས་ཐ་ན་མིང་ཙམ་ཡང་ཤེས་དཀའ་བའི་གནས་སུ་གྱར་ཡོད།
འགྲེལ་བཤད་ཡག་པོ་འདུག འོན་ཀྱང་འགྲེལ་བཤད་དང་མི་མཐུན་པའི་རི་མོ་སྟེ། རི་མོའི་ནང་རྐང་པས་བཟུང་མིན་འདུག དེ་ཡང་ནོར་བ་མུ་འབྱམས་སུ་སོང་བ་ཞིག་ཡིན་ཏེ། ཁྱེད་ཀྱིས་བཀོད་པའི་འགྲེལ་བཤད་དང་མཐུན་པའི་ཉུང་ཤས་མཐོང་རྒྱུ་ཡོད་པ་དེ་དག་པ་མ་གཏོགས་དཔར་ནང་ཡོད་བཞིན་རྐང་པ་གློད་ནས་ཡོད་པ་རྣམས་མ་དག་པ་ཡིན། དེ་བཞིན་འཆི་བདག་སྲིན་པོའི་གཟུགས་སུ་བཀོད་པ་ལ་ཐོད་སྐམ་ལྔ་སོགས་ཀྱིས་བརྒྱན་པ་ནི་སྔགས་ཀྱི་སྲུང་མ་ཁག་གི་ཤན་ཞུགས་པ་མ་གཏོགས་འདུལ་བ་ལུང་ན་དེ་འདྲ་མེད། ད་དུང་རི་མོའི་གཤམ་དུ།
བརྩམས་པར་བྱ་ཞིང་དབྱུང་བར་བྱ།།
སངས་རྒྱས་བསྟན་ལ་འཇུག་པར་བྱ།།
འདམ་བུའི་ཁྱིམ་ན་གླང་ཆེན་བཞིན།།
འཆི་བདག་སྡེ་ནི་གཞོམ་པར་བྱ།།
གང་ཞིག་རབ་ཏུ་བག་ཡོད་པས།།
ཆོས་ཚུལ་འདི་ལ་སྤྱོད་འགྱུར་བ།།
སྐྱེ་བའི་འཁོར་བ་རབ་སྤངས་ནས།།
སྡུག་བསྔལ་ཐ་མར་བྱེད་པར་ཤོག།
ཞེས་པའང་ཆོས་དཀོན་མཆོག་མཚོན་བྱེད་དུ་བྲིས་དགོས་འདུལ་བ་ལུང་ལས་གསུངས་སོ།།
བརྩམས་པར་བྱ་ཞིང་དབྱུང་བར་བྱ།།
སངས་རྒྱས་བསྟན་ལ་འཇུག་པར་བྱ།།
འདམ་བུའི་ཁྱིམ་ན་གླང་ཆེན་བཞིན།།
འཆི་བདག་སྡེ་ནི་གཞོམ་པར་བྱ།།
ཞེས་པ་འདི་སྡེ་སྣོད་གསུམ་ལ་སྦྱར་བ་ཞིག་འདུག་པས་སྡེ་སྣོད་གསུམ་ལ་སྦྱངས་ནས་འཆི་བདག་གི་སྡེ་མགོ་མ་རིག་པ་ནས་མཇུག་རྒ་ཤིའི་རྟེན་འབྲེལ་བར་ལུགས་འབྱུང་དང་། རྣམ་བྱང་ཐར་བའི་ཕྱོགས་མ་རིག་པ་འགག་པ་ནས་རྒ་ཤི་འགག་པའི་བར་རྩ་བ་མ་རིག་པ་གཞོམ་པར་བྱ་བ་ལ་སྡེ་སྣོད་གསུམ་ལ་བསླབ་དགོས།
དབྱངས་ཅན་འབངས་ནས་གསུངས་པ་བཞིན། བརྩམས་པར་བྱ་ཞིང་དབྱུང་བར་བྱ།། ཞེས་སོགས་ཤོ་ལོ་ཀ་གཉིས་པོ་ངེས་པར་བྲིས་དགོས། དེ་མེད་ན་བདེན་བཞི་མཚོན་དོན་ཚང་གི་ཡོད་པ་མ་རེད། འོན་ཀྱང་བྲི་ཚུལ་ལ་སྲིད་པ་ཁོར་ལོའི་འོག་ཏུ་བྲི་མཁན་མང་ཡང་། དེ་མ་དག་པ་རེད། འདུལ་ལུང་ལས་དེའི་འོག་ཞེས་གསུངས་ཡོད་པ་དེ་ལ་གོ་བ་ལེགས་པོ་མ་ལོན་པ་རེད། དེའི་འོག་ཏུ་ཞེས་པ་ནི་དགོག་བདེན་མཚོན་བྱེད་ཀྱི་ཟླ་བའི་གཟུགས་བརྙན་གྱི་འོག་ཏུ་ཞེས་པའི་དོན་རེད། དེ་ན་ཁོར་ལོ་ནང་གི་བྱ་ཕག་འབྲུལ་གསུམ་དང། ལམ་དཀར་ནག་གཉིས་ཀྱིས་ཀུན་བྱུང་བདེན་པ་མཚོན་པ་དང། འགྲོ་བ་རིགས་ལྔ་འམ་དྲུག་གིས་སྡུག་བསྔལ་བདེན་པ་མཚོན། དེ་ལྟར་ཀུན་ཉོན་རྒྱུ་འབྲས་གཉིས་འབྲེལ་ནས་ཡོད་པ་བཞིན་རྣམ་བྱང་རྒྱུ་འབྲས་གཉིས་ཀྱི་མཚོན་དོན་ཡང་ལྷན་དུ་ཡོད་དགོས།
སྤྱིར་བཏང་བདུད་ལ་བདུད་བཞི་གསུངས་ཡོད་པ་རེད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ལྷ་ཡི་བུའི་བདུད། ཕུང་བོའི་བདུད། འདི་བཞི་ལ་ཡང་ཕྲ་རགས་ཕྱེ་རྒྱུ་ཡོད་པ་རེད། སོ་སོའི་ངོས་འཛིན་དང་བྱེད་ལས་སོགས་ནི་ཕར་ཕྱིན་གཞུང་ན་གསལ་པོ་ཡོད་པ་རེད། འཆི་བདག་ལ་ཁ་དང་རྐང་ལག་ཡོད་དམ་གསུངས་པ་ནི་འཆི་བདག་གི་བདུད་ལ་ཁ་དང་རྐང་ལག་ཡོད་དམ་ཅེས་བཀའ་འདྲི་གནང་བ་ཡིན་དུས་བདུད་བཞིའི་སྐོར་ཞིབ་ཕྲ་ཞིག་ཤེས་ན་དེ་ལ་ལན་གསལ་པོ་ཞིག་ཡོང་རྒྱུ་རེད།།