གཞུང་པ་ཚེ་དབང་བསོད་ནམས། (ཀོ་ལི་གྷལ)
བཀའ་ཁྲི་སྲིད་སྐྱོང་མིང་བསྒྱུར་གཟི་བརྗིད་ཆེ།།
ཁ་དམག་འགན་འཁུར་སྲིད་སྐྱོང་འཚང་ཁ་འདུག །
ག་ས་ག་ལ་ཕྱོགས་གཏོགས་འགན་ཁུར་མང་།།
ང་ཡིན་ཁོ་ཡིན་སྟོང་གཏམ་འབྲུག་ལྟར་གྲགས།།
ཅོལ་ཆུང་བློ་ཡི་རང་ཚུགས་ཤོར་ཡོང་ངོ་།།
ཆ་རྒྱུས་མེད་ཀྱང་ཚོགས་སྐྱིད་རྗེས་སུ་འབྲངས།།
ཇ་ཆང་ངོ་གསོའི་རང་དབང་འཕྲོག་ཡོང་ངོ་།།
ཉོན་མོངས་དུག་གི་རྩ་བ་མ་འཛུགས་རོགས།།
ལྟ་བ་ལངས་ཕྱོགས་འདི་ཡིན་མེད་པའི་མིས།།
ཐ་དད་མི་ལ་སྐྱོན་འཛུགས་རང་རྒྱལ་བསམ།།
ད་ལོའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་འདི།།
ན་ཆུང་འཕྱོར་མེད་ཁྲོམ་རར་འགྲིམས་པ་འདྲ།།
དཔལ་འབྱོར་ཅན་གྱི་མང་གཙོ་ཉོས་ཡོང་ངོ་།།
ཕ་ལམ་འདྲ་བའི་སྲིད་སྐྱོང་བདམས་ན་དགའ།།
བོང་བ་གསེར་གཟིགས་སྲིད་སྐྱོང་དགོས་པ་ཆུང་།།
མ་འཕྱུག་མ་འཕྱུག་མི་མང་འཕྱུག་མི་ཉན།།
རྩ་བའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་ལ།།
ཚ་གྲང་གནོད་སྐྱོན་ཚོགས་སྐྱིད་མགོ་གཉིས་མང་།།
ཛ་དྲག་མེད་པའི་སྐབས་འཚོལ་རིང་ལུགས་རྣམས།།
ཝ་སྤྱང་བཞིན་དུ་སྲིད་སྐྱོང་ཐོབ་ལ་བརྔམས།།
ཞེན་པས་དགའ་འདེམས་སྲིད་སྐྱོང་ཞབས་བཀྱག་མིན།།
ཟབ་ཟབ་གནང་ནས་སྲིད་སྐྱོང་བདམས་ན་དགའ།།
འ་འུར་ཆེ་བའི་སྲིད་སྐྱོང་འོས་དམིགས་ཚོ།།
ཡ་རབས་བཟང་སྤྱོད་འགན་ཁུར་བཅའ་སྒྲིག་སྲུངས།།
རང་དོན་འཚོལ་བའི་ཆབ་སྲིད་མི་སྣ་དང་།།
ལར་ཞེན་ཆེ་བའི་ཆོལ་ཁ་ལུང་ཚན་འོག །
ཤ་ཚ་ཆེ་བའི་མི་མང་འཐོམ་དུ་བཅུག །
ས་ཆ་གང་སར་འགོ་འདྲེན་ཕྱོགས་གཏོགས་ཁེངས།།
ཧ་ལས་ཧོན་ཐོར་རྗེས་འགྱོད་མ་གསུང་རོགས།།
ཨ་མའི་བུ་ཚོ་བཅའ་སྒྲིག་བསྲུང་ན་དགའ།།