ནམ་མཁའ།
གོང་གི་རྩོམ་བྱང་འདི་མཐོང་མ་ཐག་ཁྱེད་ཀྱི་སེམས་སུ་རྔམ་སྐྲག་སྐྱེས་སྲིད། ཡིན་ན་ཡང་། འོག་ནས་སྲིད་སྐྱོང་བློ་སེང་གིས་འཇིགས་སྐུལ་ཅི་ལྟར་བྱེད་ཀྱི་ཡོད་མེད་སྐོར་ནས་གླེང་གི་ཡིན་པས། རྗེས་ནས་སྲིད་སྐྱོང་གིས་གཙོ་བོ་སུ་ཞིག་ལ་དམིགས་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་མེད་ཀྱི་ཁ་ཚོན་གཅོད་ཐུབ་ངེས། གྲོས་ཚོགས་ར་བ་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གནས་ཚུལ་བྱུང་རྗེས། མི་དམངས་ནང་
ཁུལ་དུ་སེམས་ཁྲལ་གྱི་སྒོ་ནས་གླེང་སློང་མང་པོ་བྱུང་བ་མ་ཟད། གཞུང་གི་ལས་བྱེད་ཟུར་བ་དང་ཚོགས་པ་ཁག་སོ་སོ་ནས་བཀའ་ཤག་ལ་སྙན་ཞུ་མང་པོ་ཕུལ་ཡོད། མི་དམངས་ཚོས་འདི་ལྟར་ཐུགས་ཁུར་གནང་དགོས་བའི་རྒྱུ་མཚན་གང་རེད་ཟེར་ན། གཞུང་འཛིན་བཀའ་ཤག་གསར་བ་སླེབས་ལ་ཉེ་བ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གཏོར་བཤིགས་བཏང་སྟེ། སྲིད་དབང་སྒེར་གཅོད་ཀྱི་ལམ་དུ་ཕྱིན་ནས་དམངས་གཙོའི་ལམ་ལུགས་མེད་པར་བཟོས་པ་ལ་ངོས་འཛིན་བྱས་ཏེ། སྙན་ཞུ་མང་པོ་ཕུལ་བ་རེད།
ཡིན་ན་ཡང་། བཀའ་ཤག་གིས་དེ་ལ་ལན་འདེབས་སྲིད་སྐྱོང་ཨ་རིར་ཕེབས་ཏེ། དྲ་ལམ་བརྒྱུད་ནས་ལན་འདེབས་བྱེད་དུས། མི་དམངས་ཀྱི་བསམ་ཚུལ་ལ་ཉན་ཏེ་དྭངས་ལེན་བྱེད་རྒྱུ་ཕར་བཞག་སྟེ། ཚོགས་ཆུང་ཟུར་འཛུགས་བྱས་ཏེ་ཁྲིམས་དཔོན་གསར་པ་བསྐོ་བཞག་བྱེད་རྒྱུ་དང་། ཡང་ན། སྲིད་སྐྱོང་རྙིང་པའི་མུ་མཐུད་ནས་འཛིན་སྐྱོང་བྱེད་རྒྱུ་ཡིན་ཚུལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་ལུང་འདྲེན་མགོ་རྔ་མེད་པ་ཞིག་བྱས་པ་རེད། ང་ཚོ་ཆ་ཚང་གིས་ཤེས་དགོས་པ་ཞིག་ལ་མི་དམངས་ཀྱི་བསམ་ཚུལ་ལ་མི་ཉན་པའི་དམངས་གཙོའི་སྲིད་གཞུང་ཞིག་གང་དུ་ཡོད་དམ།
སྲིད་སྐྱོང་བློ་སེང་གི་བཤད་པའི་གཏམ་བཤད་འདིས་གང་ཞིག་མཚོན་ཐུབ་ཟེར་ན། ༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡིས་ལོ་ངོ་དྲུག་བཅུའི་རིང་སྐུ་ངལ་འཛེམས་མེད་ཀྱིས་གཡས་སྐྱོར་གཡོན་སྐྱོར་བྱས་ཏེ། དམངས་གཙོའི་གཞུང་ལམ་སྟེང་བསྐྱོད་བཞིན་པ་དེར། སྲིད་སྐྱོང་བློ་སེང་གིས་བཙན་དབང་གིས་གཏོར་བཅོམ་བྱེད་འཆར་ཡོད་པ་ར་སྤྲོད་བྱེད་ཐུབ་པ་མ་ཟད། ༧གོང་ས༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་མི་ཡོངས་ལ། བློ་སེང་ཁོ་རང་གིས་སྲིད་དབང་རྩིས་སྤྲོད་མི་བྱེད་པར་བཙན་བཟུང་བྱེད་འདོད་ཡོད་པའི་ཀུན་སློང་གིས། ༧གོང་ས༧མཆོག་དང་བཙན་བྱོལ་བོད་མི་ཚོར་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད། སྲིད་སྐྱོང་བློ་སེང་གིས་བྱེད་སྟངས་འདི་ནི་དེང་སང་འབར་མའི་ནང་དུ་བྱུང་བའི་གནས་སྟངས་ཞིག་སྟེ། འབར་མའི་དམག་མི་ཚོས་དམངས་གཙོ་ཚོགས་པའི་ལག་ནས་སྲིད་དབང་བཙན་འཕྲོག་བྱེད་པ་དང་གཅིག་མཚུངས་ཡིན་པས། ཕྲན་གྱིས་འདི་ལ་སྲིད་སྐྱོང་བློ་སེང་གིས་རྒྱལ་བ་རིན་པོ་ཆེ་གཙོ་བྱས་བའི་བཙན་བྱོལ་བོད་མི་ཡོངས་ལ་འཇིགས་སྐུལ་བྱེད་ཀྱི་འདུག་ཟེར་གྱི་ཡོད།
སྲིད་སྐྱོང་བློ་སེང་གིས་གཏམ་བཤད་འདིས། ཕྲན་གྱི་སེམས་སུ་དོག་པ་ཇེ་ཆེར་ཕྱིན་སོང་། དོག་པ་ཅི་ཞིག་ཇེ་ཆེར་ཕྱིན་ཡོད་ཟེར་ན། སྲིད་སྐྱོང་བློ་སེང་སྲིད་ཁྲིར་སླེབས་པ་ནས་བཟུང་། ལོ་ངོ་བཅུའི་རིང་ཁོས་བྱེད་སྟངས་མགོ་ནས་མཇུག་བར་དུ་བསམ་བློའི་འགྲུལ་བཞུད་རིང་མོ་ཞིག་མ་བྱས་ཐབས་མེད་དུ་གྱུར། ཕྱིར་དྲན་ཀློང་གི་འགྲུལ་བཞུད་འདིས་ཕྲན་གྱི་ཡིད་དུ་དྲན་གསོས་བྱུང་བའི་བརྒྱུད་རིམ་ནང་དུ། ཨ་རིའི་ཝ་ཤིན་ཀྲོང་གི་གསར་ཤོག་ཞིག་གི་སྟེང་དུ་ཨ་རིའི་མི་སེར་ཡིན་པ་སྐྱེས་དམན་༼མཱོ་ར་ལ༽ཟེར་བ་ཞིག་གིས་བྲིས་བའི་རྩོམ་ཡིག་རྣམས་དྲན་དུ་བཅུགས་སོང་། རྩོམ་ཡིག་དེའི་ནང་དུ་བློ་སེང་ཁོ་རང་ཨ་རི་ལ་ཡོད་པའི་སྐབས། རྒྱ་ནག་གི་གསང་བའི་ལས་ཁུང་གི་བུ་མོ་ཞིག་དང་འབྲེལ་བ་བྱུང་སྟེ། རྒྱ་ནག་གསང་ཉུལ་བ་བུ་མོ་དེས་ཁོ་རང་པེ་ཅིན་དུ་མགྲོན་འབོད་བྱས་ཚུལ་དང་། བློ་སེང་ཡང་པེ་ཅིན་དུ་ཕྱིན་ཚུལ་སོགས་ཀྱི་གནས་ཚུལ་རེད། ཨ་རིའི་བུ་མོ་༼མཱོ་ར་ལ༽ཡིས་ང་ཚོ་བཙན་བྱོལ་བོད་མི་ཚོར་གཉིད་དཀྲོགས་པའི་ཅོང་བརྡ་ཞིག་རྒྱབ་མོད། འོན་ཀྱང་བཙན་བྱོལ་ནང་གི་གད་སྙིགས་ཅན་གྱི་གྲོས་འཐུས་ཚོ་གཙོ་བྱས་བའི་བཙན་བྱོལ་བོད་མི་ཚོ་གཉིད་སད་ཐུབ་མེད།
གང་ལྟར་ཡང་། མྰོ་ར་ལ་ཡིས་བཤད་པའི་གནས་ཚུལ་དེའི་བརྒྱུད་རིམ་ནང་ཆེས་ཤིན་ཏུ་རྙོག་འཛིངས་ཆེ་བའི་གནད་དོན་མང་པོ་ཞིག་ལྷག་ཡོད་པ་རེད། གནས་ཚུལ་ཞིག་ནི་བློ་སེང་གིས་ཨ་རི་ནས་ཁང་པ་ཞིག་ཉོས་བའི་བརྒྱུད་རིམ་དེ་རེད། བློ་སེང་གིས་ཁང་པ་དེའི་བུ་ལོན་ལོ་ངོ་ཉི་ཤུའི་ནང་ལ་སྤྲོད་དགོས་ཀྱི་ཡོད་མོད། འོན་ཀྱང་ཁོ་རང་སྲིད་སྐྱོང་གི་རྐུབ་སྟེགས་སྟེང་སླེབས་དུས། བློ་སེང་གིས་ཁང་པའི་བུ་ལོན་གློ་བུར་དུ་སྤྲད་ཚར་བའི་གནས་ཚུལ་རྣམས། ཨ་རིའི་མི་སེར་ཡིན་པ་སྐྱེས་དམན་༼མཱོ་ར་ལ་༽ཡིས་དེའི་སྐོར་ནས་དོག་སློང་ཤུགས་ཆེན་གནང་བ་རེད། དེ་འདྲའི་དུས་ཚོད་ཞིག་གི་ནང་དུ། གྲོས་ཚོགས་ར་བའི་ནང་དུ་ཡང་ཁོ་ལ་དོག་སློང་གི་དྲི་བ་བཏང་ཡོད་མོད། འོན་ཀྱང་བློ་སེང་གིས་སྐབས་རེ་ཁོ་རང་གིས་ལས་ཀ་བྱས་བའི་དངུལ་ཅུང་ཟད་བསགས་པ་རྣམས་སྡེབ་གཅིག་ལ་སྤྲད་ཚུལ་བཤད་ཡོད། ཡང་སྐབས་གཅིག་ལ་ནང་མི་སྤུན་མཆེད་དང་དགའ་ཉེས་ཚོའི་ལག་ནས་གཡར་སྟེ་བུ་ལོན་སྤྲད་ཚུལ་སོགས་བཤད་ཚུལ་མི་འདྲ་འགའ་བྱུང་བ་རེད།
གང་ལྟར་ཡང་། གྲོས་ཚོགས་ར་བ་ནས་དེའི་སྐོར་ལ་མུ་མཐུད་ཚ་འདེད་མ་བཏང་བར་བཞག་ཡོད། དེ་ལྟ་ན་ཡང་། སྲིད་སྐྱོང་བློ་སེང་སྲིད་སྐྱོང་རྐུབ་སྟེགས་སྟེང་ནས་དུས་ཡུན་རིང་པོ་མ་ཕྱིན་པའི་སྐབས་དེར། སྲིད་སྐྱོང་བློ་སེང་ཨ་རིར་ཕེབས་ཤིང་སྐབས་དེར་ཨ་རིའི་གསར་འགོད་པ་སྐད་གྲགས་ཅན་མི་རྒད་པོ་སྐྲ་དཀར་ཅན་ཞིག་གིས་ནེའུ་ཡོག་ནས་བཅའ་འདྲི་ཞིག་བྱས་ཡོད། སྐབས་དེར་བཙན་བྱོལ་བོད་མི་ཡོངས་ཧ་ལས་དགོས་བའི་སྐད་ཆ་ཞིག་བཤད་ཡོད། དེ་ནི་སྲིད་སྐྱོང་བློ་སེང་གིས་༼ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་རང་དབང་རྩོད་ཀྱི་མེད་༽ཅེས་ལན་འདེབས་བྱས་པ་རེད། སྐབས་དེར་གསར་འགོད་པ་བགྲེས་སོང་དེ་ཡང་ཁ་གདངས་ཏེ་ཧ་ལས་པ་རེད། སྲིད་སྐྱོང་གིས་ལན་འདེབས་ཀྱི་སྐད་ཆ་འདི་ལ་གསར་འགོད་པ་དང་བཙན་བྱོལ་ནང་གི་ཤེས་ཡོན་པ་ཚོ་ཧ་ལས་དགོས་དོན་གང་ཡིན་ནམ།
དེའི་རྒྱུ་མཚན་ནི། རྒྱ་ནག་དམར་ཤོག་གིས་ག་དུས་ཡིན་ཡང། ༧གོང་ས༧་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གཞུང་གི་མི་ཉུང་ཤས་ཞིག་གིས་ཁོ་རང་ཚོའི་སྤྱི་ཚོགས་རྙིང་པའི་གོ་གནས་རྩོད་ཀྱི་ཡོད་པ་ལས། བོད་ནང་གི་གཞི་ལུས་མི་དམངས་ཚོ་རང་དབང་དང་བདེ་སྐྱིད་ཡོད་ཅེས་འཛམ་གླིང་གང་སར་བསྒྲགས་ཀྱི་ཡོད་པས། སྲིད་སྐྱོང་བློ་སེང་གིས་བཤད་པའི་བོད་ནང་གི་བོད་མི་ཚོའི་ཆེད་དུ་རང་དབང་རྩོད་ཀྱི་མེད་ཟེར་བའི་སྐད་ཆ་དེས། རྒྱ་ནག་སྲིད་གཞུང་གི་སྐད་ཆ་ལ་རྒྱབ་སྐྱོར་བྱས་སྟབས། སྐབས་དེར་ཨ་རིའི་གསར་འགོད་པ་དང་བཙན་བྱོལ་ནང་གི་བོད་མི་ཚོ་ཧ་ལས་དགོས་དོན་དེ་རེད།
དེ་ལས་གཞན་ཞིག་ཕྲན་གྱི་ཡིད་ངོགས་སུ་གསལ་བོར་དྲན་པ་ཞིག་ནི། ཕལ་ཆེར་རྡ་རམ་ས་ལའི་བཀའ་ཤག་གི་ནང་ཡིན་ནམ། གནས་གང་ཞིག་ཡིན་མིན་གསལ་བོར་མི་ཤེས་ཀྱང་། ཁོ་རང་གི་རྒྱབ་ཏུ་ཐང་ཀ་ཞིག་འདུག་སྙམ། གང་ལྟར་ཡང་། སྐབས་དེར་འཇར་མན་གྱི་གསར་འགོད་པ་ཞིག་གིས་བཅའ་འདྲི་བྱེད་པའི་སྐབས། སྲིད་སྐྱོང་བློ་སེང་གིས་དབྱིན་ཅིའི་སྐད་ཐོག་བོད་ལ་རང་བཙན་ཞིག་ནམ་ཡང་ཐོབ་མྱོང་ཡོད་པ་མ་རེད་ཅེས་བཤད་པ་རེད། དྲ་ཐག་དེ་ཕྱི་ལོགས་སུ་འཁྱམས་རྗེས་སུ་དབྱིན་རྩོམ་གྲགས་ཅན་འཇམ་དབྱངས་ནོར་བུས་དྲ་ལམ་བརྒྱུད་ནས། སྲིད་སྐྱོང་བློ་སེང་ལ་བོད་ལ་རང་བཙན་ནམ་ཡང་ཐོབ་མྱོང་མེད་པའི་བདེན་དབང་ཁྱེར་ཡོང་དགོས་ཟེར་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། གྲོས་ཚོགས་ར་བའི་ནང་དུ་ཡང་བོན་པོའི་སྤྱི་འཐུས་དེའི་མིང་གསལ་བོ་ཞིག་མི་ཤེས་མོད། འོན་ཀྱང་ཕལ་ཆེར་དགེ་བཤེས་སྨོན་ལམ་མཐར་ཕྱིན་ཟེར་སྙམ། གང་ལྟར་བོན་པོའི་སྤྱི་འཐུས་དགེ་བཤེས་དེས་སྲིད་སྐྱོང་བློ་སེང་ལ་དེའི་སྐོར་ནས་དྲི་བ་བཏང་སོང་བ་དེ་རིང་ངའི་ཡིད་ངོགས་སུ་འདུག གང་ལྟར་ཡང་། དེ་རིང་འདིར་སྲིད་སྐྱོང་བློ་སེང་གིས་བཤད་པའི་འདས་བའི་སྐད་ཆ་རྣམས་འདིར་འགོད་དོན་ནི། གོང་དུ་བཀོད་པའི་ཨ་རིའི་ནེའུ་ཡོག་ནས་གསར་འགོད་པར་བཤད་པའི་སྐད་ཆ་དང་བཀའ་ཤག་ནས་འཇར་མན་གྱི་གསར་འགོད་པ་ལ་བཤད་པའི་རྣམས། རྒྱ་ནག་སྲིད་གཞུང་གིས་༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་ལ་དགག་པ་རྒྱག་པའི་སྐད་ཆ་དག་རེད། འདིར་གསལ་བོར་མ་བཤད་ན། གླན་པ་ལྕགས་གདོང་ཅན་ཚོས་གསལ་བོར་མི་ཤེས་པས། འདིར་གསལ་བཤད་བསྐྱར་དུ་བཤད་ན། རྒྱ་ནག་སྲིད་གཞུང་གིས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་ཡིན་པ་ལས། བོད་ནི་རང་བཙན་རྒྱལ་ཁབ་ཞིག་མིན་ཅེས་འཛམ་གླིང་ལ་བསྒྲགས་ཀྱི་ཡོད་ལ། སྲིད་སྐྱོང་བློ་སེང་གིས་བོད་ལ་ནམ་ཡང་རང་བཙན་ཞིག་ཐོབ་མྱོང་ཡོད་པ་མ་རེད་ཟེར་བ་འདིས། རྒྱ་ནག་གིས་རྫུན་སྒྲིགས་བྱས་བའི་ལོ་རྒྱུས་ལ་རྒྱབ་སྐྱོར་བྱས་སྟབས། བོན་པོའི་སྤྱི་འཐུས་དགེ་བཤེས་ལགས་དང་དབྱིན་རྩོམ་པ་འཇམ་ནོར་གཉིས་ཀྱིས་ཁོ་ལ་སྐྱོན་བརྗོད་དང་དྲི་བ་འགོད་དོན་ཡང་འདི་རེད། འདི་ལྟར་སྲིད་སྐྱོང་བློ་སེང་གིས་བཤད་པའི་སྐད་ཆ་རྣམས་གོང་སྒྲིགས་ཏེ་བསམ་བློ་ཞིབ་མོ་བཏང་ཚེ། ཨ་རིའི་སྐྱེས་དམན་༼མཱོ་ར་ལ༽ཡིས་དོག་པ་བྱུང་སྟེ་བྲིས་བའི་རྣམས་དང་ར་སྤྲོད་བྱེད་ཐུབ་སྙམ། གནས་ཚུལ་འདི་ནི་ཕྲན་དོག་པ་ཇེ་ཆེར་འགྲོ་བའི་གནས་ཚུལ་གཅིག་རེད། ཡིན་ཡང་། དེ་རིང་ལས་ཀའི་བར་གསེང་ནས་འབྲི་བཞིན་ཡོད་པས་སྔོན་མའི་དྲ་ཐག་རྣམས་བཙལ་ཐུབ་མ་སོང་སྟབས། ཁྱེད་ཚོས་རྙེད་ན་འདིར་བཀོད་ན་ཆོག
གནས་ཚུལ་གཞན་ཞིག་ནི། ཚོགས་ཟུར་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་ནས་གནས་དབྱུངས་གཏོང་སྐབས། མགོ་ཨ་རི་ནས་བཟུང་མཇུག་རྒྱ་གར་བར་དུ་བོད་མི་དམངས་ཡར་ལངས་ཏེ། ཁོ་རང་འགྲོ་འདུག་བྱེད་སའི་ས་གནས་གང་སར་ངོ་རྒོལ་བྱས་པ་རེད། ཡིན་ན་ཡང་། སྐབས་དེར་སྲིད་སྐྱོང་ཁོ་རང་གིས་ཀྱང་བསམ་བཞིན་དུ་ས་གནས་གང་དུ་ངོ་རྒོལ་བྱེད་ཀྱི་ཡོད་ན། ཁོ་རང་བསམ་བཞིན་དུ་ས་གནས་དེར་འགྲོ་བསྐྱོད་བྱས་ཏེ། བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་གཏོར་གང་ཐུབ་བྱས་ཡོད་པ་བོད་མི་ཡོངས་ཀྱི་སེམས་ནང་དྲོད་མ་ཡལ་བར་བསྡད་ཡོད། གལ་སྲིད་ཁོ་རང་གི་སེམས་ནང་དུ་བཙན་བྱོལ་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་དང་བཙན་བྱོལ་བོད་བོད་མིའི་འགན་ཁུར་མཁན་གྱི་བསམ་བློ་ཡོད་ན། ཆིག་སྒྲིལ་ལ་གནོད་པ་བྱས་སོང་སྙམ་སྟེ། ཕྱོགས་བསྐྱོད་མཚམས་འཇོག་བྱེད་དགོས་མོད། འོན་ཀྱང་དེ་འདྲའི་བསམ་བློ་གཅིག་ཀྱང་མེད་པར་ཁོའི་བསམ་བློའི་ཕུགས་ཀྱི་གསང་བ་དེ་སྒྲུབ་ཕྱིར་ཕྱོགས་བསྐྱོད་བྱས་ཡོད། གནས་ཚུལ་འདིའི་གང་ཞིག་ར་སྤྲོད་བྱེད་ཐུབ་ཟེར་ན། ཨ་རིའི་བུ་མོ་༼མཱོ་ར་ལ༽ཡིས་དོག་དཔྱོད་བྱས་བའི་གནས་སྟངས་དེ་ར་སྤྲོད་བྱེད་ཐུབ་སྙམ།
དེ་རིང་དེ་ལས་ཀྱང་ཧ་ལས་དགོས་བའི་གནས་ཚུལ་ཞིག་གིས། ཨ་རིའི་བུ་མོ༼མཱོ་ར་ལ༽ཡི་དོག་དཔྱོད་དེ་ལ་ར་སྤྲོད་གསལ་བོར་གང་ཞིག་བྱེད་ཐུབ་ཟེར་ན། གོང་དུ་ཞུས་ཟིན་པ་ལྟར། སྲིད་སྐྱོང་རྙིང་པའི་མུ་མཐུད་ནས་བཙན་དབང་གིས་སྲིད་དབང་འཛིན་འཆར་ཡོད་པའི་སྐད་ཆ་དེས་བློ་སེང་གི་སེམས་ཀྱི་གསང་བ་ཕྱི་རུ་བཏོན་པས། ང་རང་སེམས་སུ་སྲིད་སྐྱོང་གི་རྒྱབ་ཏུ་གསང་བ་གང་ཞིག་ཡིབས་ནས་ཡོད་པ་དང་། ཁོའི་ལས་འགན་དངོས་དེ་གང་ཞིག་ཡིན་མིན་ལ་དོག་པ་ཇེ་ཆེ་རེད་ཟེར་དོན་འདི་ཡིན། གལ་སྲིད་བཙན་བྱོལ་གཞུང་ལ་དམག་མི་དང་ཉེན་རྟོག་པ་ཡོད་ཚེ། དམག་མི་བཀོད་སྤྱོད་ཀྱིས་བཙན་བྱོལ་གཞུང་བཙན་བཟུང་བྱེད་འདོད་ཡོད་པ་ད་ཐེངས་ཀྱི་གཏམ་བཤད་འདིས་ར་སྤྲོད་བྱེད་ཐུབ་ཀྱི་འདུག་སྙམ། གལ་སྲིད་བློ་སེང་གི་སེམས་སུ་གསང་བ་དམ་པོ་ཞིག་མེད་ན། སྲིད་སྐྱོང་རྙིང་པས་མུ་མཐུད་ནས་སྲིད་དབང་བཙན་བཟུང་བྱེད་འདོད་ཡོད་ཀྱང་། དྲ་ལམ་བརྒྱུད་ནས་མངོན་སུམ་དོད་པོས་མི་དམངས་ལ་གཏམ་བཤད་འདི་འདྲ་ཞིག་ཁ་ནས་ཅི་ལྟར་ཡོང་ཐུབ་བམ། སྲིད་སྐྱོང་བློ་སེང་གིས་བཙན་དབང་གིས་སྲིད་དབང་འཛིན་འདོད་པའི་སྐད་ཆ་འདི། ཁོ་རང་ཨ་རི་ཕྱིན་ནས་གཏམ་བཤད་བྱེད་དོན་གང་ཡིན་ནམ། འདི་ཡང་གནད་དོན་ཞིག་ཆགས་འདུག་སྙམ།
ཕྲན་གྱི་བསམ་བློ་གཏོང་སྟངས་ནོར་མེད་ན། བཙན་བྱོལ་གཞུང་གི་ལས་བྱེད་ཟུར་བ་ཚོས་དྲ་ལམ་གླེང་མོལ་གྱི་ཚོམས་ཞིག་གི་སྒོ་འབྱེད་བྱས་པ་ཡང་། སྲིད་སྐྱོང་བློ་སེང་གིས་ཨ་རི་ནས་དྲ་ལམ་བརྒྱུད་དེ་གཏམ་བཤད་བྱས་ཏེ་སྲིད་དབང་བཙན་བཟུང་བྱེད་འཆར་ཡོད་པའི་གཏམ་དེ་ཐོས་རྗེས། ལས་བྱེད་ཟུར་པ་ཡོངས་ཀྱི་ཐུགས་བློ་མ་བདེ་བར་དྲ་ཚོམས་གླེང་མོལ་སྒོ་ཕྱེ་བ་རེད་སྙམ། གང་ལྟར་ཀྱང་། སྲིད་སྐྱོང་བློ་སེང་དང་བསམ་བློ་གཅིག་པའི་སྲིད་སྐྱོང་འོས་མི་བྱམས་སྐལ་ལྡན་བྱེ་མ་ཀ་རའི་བུ་སྐལ་རྡོར་སྲིད་སྐྱོང་གི་འོས་ཐོབ་ཡོད་ཚེ། སྲིད་དབང་བཙན་འཕྲོག་བྱེད་འདོད་པའི་གཏམ་དེ་བཤད་ཀྱི་མ་རེད། གང་ལྟར་ཡང་། ང་རང་གི་བསམ་ཚུལ་ལྟར་ན། དེང་སང་ང་ཚོའི་བཙན་བྱོལ་བོད་མིའི་དམངས་གཙོ་ནི་འཇིགས་སུ་རུང་བའི་གཅོང་རོང་གི་གཡང་གཟར་གྱི་ལམ་ཁར་བསྐྱོད་བཞིན་འདུག་སྙམ། མཐའ་དོན་བཤད་འདོད་པ་ནི། ང་རང་གི་བསམ་ཚུལ་འདིས་བཙན་བྱོལ་བོད་མི་ཚོར་བསམ་བློའི་འཁོར་ཕྱོགས་ཀྱི་སྒྲོམ་གཞི་ཞིག་བསྟན་པ་ཙམ་ཡིན། རྒྱ་ནག་གི་五毛སྒོ་ཟུར་ལྔ་ཅན་ཚོས། རང་སྐྱོན་འགེབས་ཕྱིར་མཆེ་བ་རིང་མོ་བསྲིངས་ཆོག་ལ། དེ་མིན་དངོས་ཡོད་ཡིན་མིན་ལ་དཔྱད་པ་བྱེད་འདོད་མཁན་ཚོས་སྲིད་སྐྱོང་བློ་སེང་གི་སྐད་ཆ་ལ་བསམ་བློ་ཞིབ་མོ་གཏོང་རན་འདུག་སྙམ། ལས་ཀའི་བར་གསེང་ནས་ཤར་མར་བྲིས་སྟབས་ཚིག་སྦྱོར་མི་བདེ་བ་ལ་དགོངས་འགལ་མེད་པར་ཞུ།
སྒོ་ཟུར་ལྔ་ཡི་གླེན་པ་ལྕགས་ཀྱི་གདོང་ཅན་ཚོར།།
གྲོས་སུ་འདེབས་པའི་འདུན་པ་སྔར་ནས་མ་མཆིས་ཀྱང་།།
བདེན་པའི་གཏམ་ལ་དགའ་བའི་གྲོགས་ཀྱི་ཚོགས་རྣམས་ལ།།
ཡིན་མིན་དཔྱད་ལ་བསམ་བློའི་འཁོར་ལམ་ཅུང་ཟད་བཟོས།།
3 /5 /2021ལ་ཡོ་རུབ་ནས་ནམ་མཁས་ལས་ཀའི་བར་གསེང་ཞིག་ཏུ་བྲིས།
སྲིད་སྐྱོང་གིས་འཇིགས་སྐུལ་གྱི་གཏམ་བཤད་མཐོང་སོང་། རྒྱལ་བ་རིན་པོ་ཆེ་ལ་འཇིགས་སྐུལ་གཅིག་པོ་མ་རེད། བོད་མི་ཚོའི་སྨྲ་བརྗོད་རང་དབང་ལ་ཡང་འཇིགས་སྐུལ་བྱེད་ཀྱི་འདུག ལྷག་པར་དུ་ལས་བྱེད་ཟུར་བ་ཚོ་ཆེས་འཇིགས་སྐུལ་བྱས་སོང་། དངོས་གནས་རྒྱ་ནག་དམར་པོས་བྱེད་སྟངས་རེད། གལ་སྲིད་དབང་བཙན་བཟུང་བྱས་ཚེ།གངས་སྐྱིད་ཀྱི་ལས་བྱེད་ཚང་མ་ཕྱི་ལ་ཐོན་འགྲོ་གི་རེད།དེ་དུས་བཙན་བྱོལ་གཞུང་འཐོར་ཚར་བ་མ་ཡིན་ནམ། སྐབས་དེར་ བློ་སེང་ལ་རྒྱ་ནག་གིས་སྤྲད་པའི་ལས་ཀ་བྱས་པ་རེད། ང་ཚོའི་གཞུང་འཐོར་ན་འདོད་མཁན་འཛམ་གླིང་འདིའི་སྟེང་རྒྱ་ནག་གཅིག་པོ་རེད། སྲིད་སྐྱིང་བློ་སེང་གིས་རྒྱ་ནག་ལ་རམ་འདེགས་བྱས་པ་རེད།
སྲིད་སྐྱོང་གི་སྲིད་ཇུས་ལམ་འགྲོ་མ་བྱུང་བ་ལ་བརྟེན་ནས་འུ་ཐུག་ཐབས་ཟད་ནས་གང་བྱུང་བཤད་པ་རེད། ད་ལོར་ཁོ་ངོ་མ་མྱོས་འདུག ཡོད་བརྟན་མི་འོས་པའི་སྐད་ཆ་ལ་ཚོད་འཛིན་མེད་ཀི་
དགའ་ལྡན་ཕོ་བྲང་དང་གཟིམ་ཆུང་དབུ་བསྐོར་ཞུ་སྟངས་ཐད་ བློ་སེང་གི་གྲོས་དྲི་ས་གཙོ་བོ་ཞིག་ཨེ་ཤ་རང་དབང་རླུང་འཕྲིན་གྱི་སྐལ་ལྡན་བློ་གྲོས་ཟེར་བ་ཡིན་པ་བཤད་། སྐལ་ལྡན་བློ་གྲོས་དང་བློ་བཟང་སེང་གེ་གྲོགས་པོ་ཆགས་སྟངས་དེ་གཙོ་བོ་གཉིས་ཀར་སྤེན་ཚེ་ལ་མི་དགའ་བའི་འཁོན་འཛིན་གྱི་མཐུན་ཕྱོགས་ནས་ཡིན་མོད། ད་དུང་གཟིམ་ཆུང་སྐུ་ཞབས་གཞན་གཉིས་ཡོད་པར་གྲགས་།
ད་ནི་བོད་མིའི་ཚོས་རིག་པ་སྒྲིམ་པའི་དུས་ལ་སླེབས་འདུག མི་སྨྱོན་དེ་དག་དང་དེའི་རྒྱུག་ཁྱི་རྣམས་ཀྱིས་གང་ཡང་བྱེད་སྲིད། འོན་ཀྱང་མཐའ་འབྲས་སུ་བོད་མིའི་བདེན་པ་ཉིད་རྒྱལ་རྒྱུ་ཉག་གཅིག་ཡིན། ༸གོང་ས་མཆོག་གི་བཀའ་དྲིན་ལས་ང་ཚོས་གླེང་སྟེགས་འདི་འདྲའི་ནང་དུ་བསམ་ཚུལ་བཤད་རྒྱུ་སོགས་བྱུང་བ་རེད། བློ་སེང་གཙོས་པའི་ཕྱོགས་ཞེན་པའམ་རྒྱ་མིའི་རྒྱུག་ཁྱི་བོད་མི་ཐ་ཞན་འགའ་ཞིག་གིས་ཤེས་ཀྱི་ཡོད་དམ། མི་ཤེས་ན་སྨྱོན་པ་ཟེར་བ་དེ་རེད། ཁྱེད་ཚོས་ལས་འགན་དེ་བོད་མིའི་མ་འོངས་གཏོར་ཤིག་གཏོང་རྒྱུ་དེ་ཡིན་ན་ཡོང་རྒྱུ་མེད་པ་ཤེས་དགོས། བོད་མི་བསམ་ཡོད་ཅན་རྣམས་ནས་བལྟས་ནས་བསྡད་ཡོད། གལ་ཏེ་དགོས་མཁོ་བྱུང་ཚེ་དེ་རྣམས་ནས་ཁ་རོག་བསྡད་མི་ཡོང་ངོ་།།
སྲིད་སྐྱོང་གིས་མི་དམངས་ལ་མགོ་སྐོར་གཏོང་ཐུབ་ན།མགོ་སྐོར་བཏང་སྟེ་སྲིད་དབང་མུ་མཐུད་འཛིན་འཆར་འདུག་ལ། གལ་སྲིད་མགོ་སྐོར་གཏོང་མ་ཐུབ་ཚེ་བཙན་དབང་གིས་སྲིད་སྟེགས་བཟུང་འཆར་འདུག་པས། བཙན་བྱོལ་བོད་མི་ཚོ་ཡར་ལངས་རན་འདུག ཆེས་ཤིན་ཏུ་གཉེན་འཕྲེང་ཅན་གྱི་དུས་ལ་སླེབས་འདུག སྲིད་སྐྱོང་གི་རྒྱབ་ཏུ་རྒྱ་ནག་ཡོད་པ་གསལ་བོ་རེད། ལོ་ངོ་བཅུའི་རིང་བཙན་བྱོལ་གཞུང་གི་གནས་ཚུལ་ཆ་ཚང་རྒྱ་གཞུང་ལ་རྩིས་སྤྲད་ཚར་བ་རེད།
ཉིན་ཤས་ལས་མེད་པའི་སྲིད་སྐྱོང་འདི་མི་བློ་གཏད་མེད་ས་ཞིག་རེད། རྗེས་སུ་མི་ཚེ་ཡག་པོ་ཡོང་བར་སྨོན།