སྐལ་བཟང་སྤེན་པ།
འདི་ལོའི་སྲིད་སྐྱོང་འོས་བསྡུ་ནི་ཆེས་འཁྲུག་ཆ་དོད་ལ། གླེང་གཞི་མང་བའི་གནད་དོན་ཞིག་ཏུ་གྱུར་སོང་། གླེང་གཞི་དེ་དག་ཀྱང་གཞི་ཡོད་དང་གཞི་མེད་ཅི་རིགས་ཀྱི་ཐོག་ནས་སྐད་འཕྲིན་བརྒྱུད། ཁ་པར་གྱི་གསེང་ནས་འཐོན་ཡོང་གི་ཡོད། དེའི་དབང་གིས་བོད་པའི་རྣ་བའི་ནང་འདི་ལོར་བོད་མིའི་སྒྲིག་འཛུགས་དང་། སྲིད་སྐྱོང་གི་སྐོར་ལ་ཐོས་པ་མང་ཤོས་དེ་ཆགས་ཡོད་པ་ནི་སྨྲོས་མི་དགོས་པ་རེད་ལ། གོ་རྟོགས་ཀྱང་ངེས་ཅན་ཞིག་ཐེབས་ཡོད་པ་དེ་ཡང་དོན་དངོས་རེད།
ད་ལྟའི་ཆར་སྲིད་སྐྱོང་བློ་སེང་མཆོག་གི་རྒྱབ་སྐྱོར་བ་མིན་ཉུང་བ་ཞིག་གིས་སྲིད་སྐྱོང་གི་མཛད་རྗེས་འབུར་འདོན་གནང་སྐབས། སྲིད་སྐྱོང་མཆོག་རྒྱལ་སྤྱིའི་སྡིང་ཆའི་སྟེང་དཔོན་རིགས་ཁག་དང་དཔུང་པ་མཉམ་གཤིབ་ཀྱི་ཕེབས་ཐུབ་ཀྱི་ཡོད་ལུགས་དེ་རེད།
འོན་ཀྱང་། ཅུང་ཡ་མཚར་བ་ཞིག་ལ། སྲིད་སྐྱོང་མཆོག་འཛམ་གླིང་རྒྱལ་ཁབ་ཉི་ཤུ་ཙམ་ལ་ཕེབས་ནས། ཡང་སྙིང་རྒྱལ་སྤྱིའི་སྟེང་བོད་ཀྱི་རྩ་དོན་ལ་སྨན་པའི་ཕྱག་ལས་ག་རེ་གནང་ཡོད་མིན་ལུང་འདྲེན་གནང་རྒྱུ་ཡོད་མཁན་ཧ་ཅང་གི་དཀོན་པོ་རེད། སྲིད་སྐྱོང་མཆོག་ལའང་ལུང་འདྲེན་གནང་རྒྱུ་གཉིས་ཙམ་ཡོད་པ་ནི། ཨ་རིའི་སྲིད་འཛིན་དང་ཡོ་རོབ་གྲོས་ཚོགས་ཀྱིས་བོད་དོན་གླེང་སློང་གནང་ལུགས་དེ་ཙམ་རེད།
ངའི་ངོས་ནས་བརྗོད་ན། དེ་ནི་སྲིད་སྐྱོང་མཆོག་གི་འབུར་ཏུ་མཐོན་པའི་གྲུབ་འབྲས་ཤིག་ཡིན་པར་ངོས་འཛིན་ཞུ་གི་མེད། གང་ཡིན་ཟེར་ན། དེ་དག་ནི་སྐད་ཆ་རྙིང་པ་སྐྱར་བཤད་བྱས་པ་ཙམ་རེད།
འདས་པའི་མི་ལོ་ལྔ་བཅུ་ལྷག་ཙམ་གྱི་ལོ་རྒྱུས་ཁྲོད། བོད་དོན་རྒྱལ་སྤྱིའི་སྟེང་དུ་གླེང་བའི་གནད་དོན་འགའ་མཐོན་ཡོད་པ་ནི། ༡༩༥༩ ལོར་༧གོང་ས་མཆོག་དང་སྐུ་འཁོར་རྣམས་བཙན་བྱོལ་དུ་ཕེབས་སྐབས་དང་། ༡༩༨༧ ལོར༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ནང་ཞི་བའི་དོན་ཚན་ལྔ་བཏོན་གནང་མཛད་པ། དེ་རྗེས་ ༡༩༨༩ ལོར་སི་ཀྲ་སི་བྷག་གི་བཀའ་མོལ། ༡༩༨༩ ལོར་ལྷ་སར་བྱུང་བའི་ཞི་རྒོལ། ལོ་དེ་གར་ཞི་བདེའི་གཟེངས་རྟགས་བཞེས་པ། དེ་བཞིན་༧གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཐོབ་པ། ༢༠༠༨ བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཆོལ་གསུམ་མི་མང་གི་ཞི་རྒོལ་ཆེན་པོ་ལངས་པ་སོགས་རེད།
གོང་ཞུས་གནད་དོན་དེ་དག་བོད་དོན་རྒྱལ་སྤྱིའི་སྟེང་མཐོན་པའི་གནད་དོན་ཆེ་གྲས་ཤིག་ཆགས་ཡོད། དེ་བས་ཀྱང་བོད་ཀྱི་ལོ་རྒྱུས་ཙམ་མ་ཟད། འཛམ་གླིང་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་གནད་དོན་ཞིག་བྱུང་བ་ནི། ད་བར་བོད་ནང་གི་བོད་མི་༡༤༦ གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དེ་རེད། ངོ་རྒོལ་གྱི་རྣམ་པ་གསར་པ་དེ་ནི་༢༠༠༩ ལོར་མཐོན་ནས་༢༠༡༥ བར་རྒྱུན་མཐུད་དུ་བྱུང་བ་ཞིག་རེད། དེ་བཞིན་དུ་ལྡི་ལིར་ཡང་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ། བོད་ཀྱི་གནད་དོན་དེར་འཛམ་གླིང་གསར་ཤོག་ཁག་ཏུ་ཐོན་ཡོད།
དེ་ལྟ་བུའི་རྒྱུན་མཐུད་རང་བཞིན་ལྡན་ལ། ཧ་ཅང་ཚད་མཐོ་བའི་འཚེ་མེད་ཞི་བའི་ངོ་རྒོལ་དེ་དག་ནི་སྲིད་སྐྱོང་ལ་མཚོན་ན། འཛམ་གླིང་དཔོན་རིགས་དང་མི་མང་གི་རྒྱབ་སྐྱོར་འཚོལ་བའི་གོ་སྐབས་ཡག་ཤོས་དང་ཆབ་སྲིད་ཀྱི་ལག་ནུས་པ་ཆེ་ཡ་ཤོས་དེ་རེད། འོན་ཀྱང་། བློ་སེང་བཀའ་ཤག་གིས་འདས་པོ་དེེ་དག་གི་ཆེད་དུ་སྔོན་སྨོན་ཚོགས་རྒྱུ་གཙོ་འདོན་གནང་བ་ཙམ་ལས་བོད་ནང་གི་བོད་མི་དེ་དག་གི་བློས་གཏོང་གནང་བའི་རང་སྲོག་དམར་པོ་དེ་དག་ལ་དགོས་ངེས་ཀྱི་གྲུབ་འབྲས་གང་ཡང་ལེན་ཐུབ་མེད། དེ་ནི་སྲིད་སྐྱོང་མཆོག་གི་ལོ་བཞི་དང་ཕྱེད་ཀའི་ནང་གི་འཐུས་ཤོར་ཆེ་ཤོས་དེ་རེད། དེ་ནི་གནད་དོན་གཅིག་རེད།
གནད་དོན་གཞན་ཞིག་ནི། ཧོང་ཀོང་ནང་ཉི་གདུགས་ཀྱི་ལས་འགུལ་ཟེར་བ་ཆེན་པོ་ཞིག་བྱུང་ཡོད། དེ་ལྟ་བུའི་མི་མང་རང་བཞིན་གྱི་ལས་འགུལ་དེར་བློ་སེང་བཀའ་ཤག་གིས་རྒྱབ་སྐྱོར་མཚོན་པའི་བསྒྲགས་གཏམ་སྤེལ་དགོས་ཀྱང་། ད་བར་གང་ཡང་མཐོང་མ་སོང་། ཧོང་ཀོང་ལ་མཚོན་ན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཏེ། རྒྱའི་མངའ་ཁོངས་སུ་ཡོད་པ་གང་ཞིག་ལ་ཧོང་ཀོང་ནང་མང་གཙོ་ཡོད་དགོས་པའི་ལམ་ལུགས་ཤིག་རེད། འོན་ཀྱང་། སྲིད་སྐྱོང་མཆོག་གིས་བོད་ནང་མང་གཙོ་མི་དགོས་ལུགས་གསུངས་ཙང་། ཧོང་ཀོང་གི་ལས་དབང་དང་བོད་མིའི་ལས་དབང་གཉིས་མཐའ་གཅིག་ཏུ་འདྲ་མཚུངས་མིན་ཀྱང་། མཐུན་པའི་ཆ་མང་པོ་ཡོད་པ་རེད།
དེར་བརྟེན། ཧོང་ཀོང་མི་མང་གི་ལས་འགུལ་དེར་གཞུང་འབྲེལ་ཐོག་ནས་རྒྱབ་སྐྱོར་མཚོན་པའི་བསྒྲགས་གཏམ་སྤེལ་དགོས་པ་ནི་རྩ་དོན་གྱི་གནད་དོན་ཞིག་རེད། འོན་ཀྱང་། བློ་སེང་བཀའ་ཤག་ཁུ་སིམ་མེར་བཞུགས་ཡོད།
དེ་བས་ཀྱང་ཐབས་སྐྱོ་བ་ཞིག་ནི། ༢༠༡༥ ལོར་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཚོགས་འདུ་དེ་ལྷོ་ཨ་ཧྥི་རི་ཀར་ཚོགས་གཏན་འཁེལ་བའི་སྐབས་དེར་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་རྒྱའི་གནོན་ཤུགས་འོག ༧གོང་ས་མཆོག་ལ་མཐོང་ཆེན་ཕུལ་མེད། འོན་ཀྱང་། གནད་དོན་དེའི་ཐད་བློ་སེང་བཀའ་ཤག་གིས་ཕྱག་ལས་གང་ཡང་གནང་ཐུབ་མེད། དེ་བས་གནད་དོན་དེའི་ཐད་ཞེ་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཚོགས་མི་དང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་སོགས་ཀྱིས་ངོ་རྒོལ་ཤུགས་ཆེར་བྱས་པར་བརྟེན། ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་ཚོགས་ཡུལ་ཡང་གནས་སྤོ་བྱེད་དགོས་བྱུང་པ་རེད།
གང་ལྟར། གནད་དོན་མི་ཉུང་བ་ཞིག་ལ་འབད་བརྩོན་དང་ཐབས་ཤེས་གནང་ན་ནུས་པ་ཐོན་རྒྱུ་ཡོད་པ་གོང་གི་གནད་དོན་དེ་ནས་ར་སྤྲོད་བྱེད་ཀྱི་ཡོད་ཀྱང་། བློ་སེང་བཀའ་ཤག་གིས་གོང་ཞུས་གནད་དོན་དེ་རིགས་ཐད་འཐུས་ཤོར་ཆེན་པོ་ཤོར་ཡོད་པ་ནི་སྨྲོས་མེད་རེད། དེས་ན། ང་ཚོའི་སེམས་སུ་དྲི་རྟགས་ཤིག་བསླེབས་པ་ནི། སྲིད་སྐྱོང་མཆོག་རྒྱལ་ཁབ་འདྲ་མིན་དུ་ཕེབས་ནས་ཡང་སྙིང་གྲུབ་འབྲས་ངོ་མ་དེ་ཅི་ཞིག་མཐོན་ཡོད་མིན་དེ་རེད།
ད་ཡང་འདི་ཅི་རེད། ངོ་མ་ཡིན། ད་སྲིད་སྐྱོང་གི་མཛད་རྗེས་དེ་ཚོ་རིམ་པས་མཐོན་ཡོང་གི་འདུག་ཀ
སྲིད་སྐྱོང་བློ་བཟང་སེང་གེའི་ད་ལྟའི་དཀའ་ངལ་ཆེ་ཤོས་ནི། ལོ་བཞི་དང་ཕྱེད་ཀའི་རིང་གི་གྲུབ་འབྲས་ནི་༼ལྷིང་འཇགས༽ཡིན་ཞེས་ག་ཚད་ལབ་ནའང་། མང་ཚོགས་ཀྱིས་དེ་གྲུབ་འབྲས་ཡིན་པའི་ངོས་ལེན་བྱེད་ཀྱི་མེད་པ་འདི་རེད།
གོང་ས་མཆོག་ནས་རིང་དུ་སྙིང་ལ་བརྣག་པ་འདོད་པའི་དོན་ཟེར་བ་དེ་འདི་གཅིག་ཡིན་གསུང་པ་དེ་
དྲ་འབུ་ཚོའི་མ་འཐོས་པ་དང་མ་ཤེས་ཨེ་རེད་།