ནམ་མཁའ།
སྲིད་སྐྱོང་གི་རྐུབ་སྟེགས་འཕྲོག་རྩོད་ཀྱི་མེ་ལྕེ་དགུང་ལ་མཆེད་བཞིན་པའི་སྐབས། གློ་བུར་དུ་བར་སྣང་ནས་འབྲུག་སྒྲ་ལྟ་བུའི་སྐད་སྒྲ་ཆེན་མོ་ཞིག་ཐོས་པ་ནི། གཞན་ཞིག་མ་ཡིན་པར་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ཀྱིས་བཀའ་བློན་ནས་རྩ་དགོངས་ཞུས་པ་དེ་རེད། ཕྱི་འབྲེལ་བཀའ་བློན་དགོངས་པ་ཞུ་རུ་འགྲོ་ས་དེ་ཡང་སྲིད་སྐྱོང་མཆོག་གི་ལས་ཤག་ཏུ་ཕྱིན་ཡོད་པ་དང་། དགོངས་པ་གནང་ས་དེ་ཡང་སྲིད་སྐྱོང་གི་ལས་ཤག་ཡིན་པ་འདྲ། རྒྱུ་མཚན་ནི། སྲིད་སྐྱོང་མཆོག་གིས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བའི་སྐབས།
༼ད་ནང་ཞོགས་པ་ཕྱི་འབྲེལ་བཀའ་བློན་ངའི་ནང་ལ་ཕེབས་ཏེ། ཕྱི་འབྲེལ་བཀའ་བློན་ནས་དགོངས་པ་ཞུས་པ་ཡིན་གསུངས་སོང་།༽ཅེས་གསར་འགོད་གསལ་བསྒྲགས་སྐབས་གསུངས་པ་ལ་གཞིགས་ན་ཤེས་ཐུབ།
བདེ་སྐྱིད་ཆོས་དབྱིངས་ཀྱིས་ཀྱང་སང་ཉིན་གཟའ་ཟླ་བ་བར་དུ་སྒུག་མ་བཟོད་པར། དེ་རིང་གཟའ་ཉི་མ་ལ་སྲིད་སྐྱོང་གི་ལས་ཤག་ལ་ཕེབས་ཏེ་དགོངས་པ་ཞུས་པ་དང་། སྲིད་སྐྱོང་མཆོག་གིས་ཀྱང་ཁོང་གི་ཕྱག་རོགས་བཀའ་བློན་ཚོར། བཀའ་འདྲི་ཙམ་ཡང་མ་གནང་བར་ཁོང་གི་ལས་ཤག་ནས་དགོངས་པ་སྤྲད་རྐྱང་བྱས་འདུག
ང་ཚོ་ཆ་ཚང་གིས་མཐོང་ཐུབ་པ་དང་། ཤེས་ཐུབ་པ་ཞིག་གི་སྟེང་ནས་དྲི་བ་ཞིག་སླེབས་པ་ནི། སྲིད་སྐྱོང་དང་ཕྱི་འབྲེལ་བཀའ་ཟུར་གཉིས་ལ་འདི་འདྲའི་བྲེལ་འཚུབ་དང་། ཐག་ཆོད་པོ་ལས་སླ་བོ་ཞིག་བྱུང་དགོས་བའི་རྒྱུ་རྐྱེན་ཞིག་གང་ཡིན་ནམ། འཛམ་གླིང་རྒྱལ་ཁབ་ཡོངས་སུ་ཡང་བཀའ་བློན་སོགས་ལས་བྱེད་གནད་ཡོད་མི་སྣ་ཚོས། ལས་སྣེ་ནས་དགོངས་པ་ཞུ་ལུགས་ཞིག་དང་། དགོངས་པ་སྤྲོད་ལུགས་ཞིག་ཡོད་པ་རེད།
ཡིན་ཡང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་མགོ་བཀའ་བློན་ནས་བཟུང་སྟེ། དགོངས་ཤོག་ཡི་གེ་ཁྱེར་ནས་དགོངས་པ་ཞུ་སའི་མི་དེའི་ལས་ཤག་ལ་འགྲོ་བ་དང་། དགོངས་པ་སྤྲོད་མཁན་མི་དེས་ཀྱང་རང་གི་ལས་ཤག་ནས་དགོངས་པ་སྤྲད་པའི་ལུགས་སྲོལ་འདི། བཙན་བྱོལ་སྤྱི་ཚོགས་འགོ་བཙུགས་པ་ནས་དར་སྲོལ་ཞིག་ཡིན་ནམ། བཀའ་ཤག་སྐབས་༡༤ པའི་ལུགས་སྲོལ་གསར་བ་ཞིག་དར་བ་རེད་དམ།
ཉིན་ཞིག་ལ་གངས་སྐྱིད་ཀྱི་སྲང་ལམ་ནས་ཡང་དགོངས་ཤོག་སྤྲད་དེ་དགོངས་པ་ཞུ་ངེས་རེད་ལ། ལས་ཀྱི་སྣེ་མོ་དེས་ཀྱང་སྲང་ལམ་ནས་དགོངས་པ་སྤྲོད་ངེས་རེད། ང་ཚོ་ཆ་ཚང་གིས་ཤེས་གསལ་ལྟར། སློབ་གྲྭའི་སློབ་མ་ཞིག་གིས་དགོངས་པ་ཞུ་དགོས་ཚེ་ཡང་། དགོངས་ཤོག་ཁྱེར་ནས་ཡིག་ཚང་ལ་འགྲོ་དགོས་ལ། དགོངས་པ་སྤྲོད་མཁན་དེས་ཀྱང་ཡིག་ཚང་ནས་སྤྲོད་དགོས་པ་ལས། སྲང་ལམ་དང་རང་གི་ལས་ཤག་ནས་དགོངས་པ་སྤྲོད་མི་ཆོག་པ་རེད།
འདི་ལྟར་བསམ་བློ་ཆེ་ས་ནས་ཆུང་ས་བར་གཏོང་དུས། སྲིད་སྐྱོང་དང་ཕྱི་འབྲེལ་བཀའ་ཟུར་གཉིས་ཀྱིས། སྲིད་གཞུང་ཞིག་གི་འགྲོ་ལུགས་འགྲོ་སྟངས་མ་ཤེས་པ་མ་ཡིན་པར། བཙན་བྱོལ་སྤྱི་ཚོགས་ཀྱི་བཅའ་ཁྲིམས་ཆེན་མོ་དང་། བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ལ་བརྩི་མཐོང་མ་བྱས་པར་མཐོང་ཆུང་བྱས་པ་རེད་སྙམ་པའི་བློ་ཕམ་ཆེན་པོ་བྱུང་། ཁོ་རང་གཉིས་ཀྱི་མི་སྒེར་ནས་བཤད་ན། སྣང་བ་གང་མཐོ་དང་སྣང་བ་གང་ཆེ་བྱས་ཆོག་ཀྱང་། ཡིན་ཡང་། ང་ཚོ་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་ཀྱི་གཞུང་ཞིག་ཡིན་པའི་ཆ་ནས་བཤད་ན། བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིགས་འཛུགས་འདི་གལ་ཆེན་ཞིག་ཡིན།
ཁོ་རང་གཉིས་ཀྱི་ལས་སྣེ་ཀྱི་དུས་ཡུན་རྫོགས་པའི་ཉིན་མོ་ནས་བཟུང་། ང་རང་བཞིན་མི་དཀྱུས་མ་ཞིག་གི་ལམ་ནས་མི་ཚེ་བསྐྱལ་རྒྱུ་ལས་གཞན་མེད་མོད། འོན་ཀྱང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིའི་བཅའ་ཁྲིམས་ལྟར་གྱི་སྒྲིག་འཛུགས་འདི་མུ་མཐུད་གནས་དགོས་པ་མ་ཟད། འདི་སྲ་བརྟན་ཏུ་གཏོང་གང་ཐུབ་ལ་འབད་དགོས་པ་ལས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི། སྲིད་སྐྱོང་དང་ཕྱི་འབྲེལ་བཀའ་ཟུར་ལྟ་བུ་ཚོས་སྣང་བ་གང་མཐོས་ཡིད་ལ་གང་དྲན་བྱེད་ས་མ་རེད།
སྤྱིར་བཏང་བྱས་ན། ཁོ་རང་གཉིས་ཀྱིས་ད་ཐེངས་ཀྱི་དགོངས་པ་ཞུ་ལུགས་དང་། དགོངས་པ་སྤྲོད་ལུགས་ཀྱི་ཕྱོགས་ནས་བོད་མི་ཚོར་དགོངས་དག་ཞུ་འོས།
༢༨/༢/༢༠༡༦ ཉིན་ཡོ་རུབ་ནས།
ཁ་དཔར་ཐོག་ནས་དགོངས་པ་ཞུ་སྲོལ་ཡང་འདུག
འོ་ཡ་ད་བྱས་ན་ང་ཚོའི་སྤྱི་ཚོགས་འདི་ཁྲིམས་ཀྱི་དབང་བསྒྱུར་མ་ཡིན་པར་གང་ཟག་གི་དབང་བསྒྱུར་ཡིན་ལེ་གདའ་ གཟའ་ཉི་མ་ལའང་དགོངས་པ་ཞུ་ས་ཡོད་པ་དང་དགོངས་པ་གཏོང་རྒྱུ་ཡོད་པ་དེ་ཚོར་བལྟས་ན་ད་ལྟའི་བཀའ་ཤག་དང་སྤྱི་འཐུས་བཅས་དགོངས་པ་ཞུས་ནས་མི་མང་ནས་སྲིད་སྤྱིའི་འོས་བསྡུ་གསར་དུ་འགོ་འཛུགས་དགོས་པ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་འཇགས་དང་འབྲེལ་བ་གཏིང་ཟབ་ཡོད་།
དྲི་བ་ཁ་ཤས།
དགོངས་པ་ཞུ་རུ་ནང་དུ་ཕྱིན། །
དགོངས་འཁྲོལ་ཐོབ་སའང་ནང་དུ་རེད། །
་
བདེ་སྐྱིད་ཆོས་དབྱངས་ངར་དོན་ཅི། །
བདེ་ཆོས་བཙན་གཡེམ་བྱུང་ལགས་སམ། །
་
སེང་གེས་བཀའ་བློན་བསྐོར་དོན་ཅི། །
ད་ལྟ་ཧོབ་སྟེ་འགྲོ་དོན་ཅི། །
་
བདེ་ཆོས་མོ་ཧྲེང་ངར་མ་ཁྱོད། །
མདང་དགོངས་སྲོག་རླུང་ཕར་རམ་ཅི། །
མི་མངས་ཀྱིས་དྲིས།
སེང་གེས་བཀའ་བློན་བསྐོར་དོན་ཅི། །
འདི།
སེང་གེས་བཀའ་༼བདེ་ཆོས་༽བློན་བསྐོས་དོན་ཅི། །
ལ་བཅོས།
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ལགས་གློ་བུར་བཀའ་བློན་གྱི་ལས་སྣེ་ནས་དགོངས་ཞུ་བྱས་པ་རེད། བཀའ་ཟུར་མོ་རང་གིས་གོ་སྐབས་ཤིག་བརྒྱུད་ནས་བཀའ་བློན་ནས་དགོངས་པ་ཞུ་དོན་གསལ་བརྗོད་གནང་གི་ཡིན་གསུངས་ཡོད་དུས། ང་ཚོའི་མོ་རང་ལ་དགོངས་པ་ཞུ་དོན་ཞིབ་ཚགས་ཀྱི་རྒྱུ་མཚན་གང་གསུངས་ཡག་འདུག་ལྟ་ཆོག་གི་རེད། ད་ལྟ་ང་ཚོས་མོ་རང་གིས་དེ་ལྟར་གནང་དོན་གང་ཡིན་ལ་ཚོད་དཔག་ཙམ་ལས་གང་ཡང་བྱེད་ཐུབ་ཀྱི་མ་རེད། ཚོད་དཔག་དེས་སྤྱི་པའི་རྩ་དོན་ལ་ཕན་གནོད་གང་ཡོང་ཞུ་ཐུབ་ཀྱི་མ་རེད།
དགོངས་པ་ཞུ་སྟངས་དེ་མོ་རང་གི་ངོས་ནས་ཐག་བཅད་དེ་གསར་འགོད་གསལ་བསྒྲགས་གནང་བ་ཞིག་ཏུ་མཐོང་སོང་ལ། བཀའ་ཤག་ལྷན་རྒྱས་ནས་མོ་རང་ལ་དགོངས་པ་གནང་གི་ཡིན་དང་མིན་གྱི་ཐད་བཀའ་བསྡུར་གནང་ཡག་གི་གོ་སྐབས་སྤྲད་མེད་པ་འདྲ་པོ་ཞིག་གསར་འགྱུར་ཡོང་སྟངས་ནས་མཐོང་བསྡད་ཀྱི་འདུག
སྤྱིར་བཏང་རྒྱལ་ཁབ་མང་པོ་ཞིག་ཏུ་བཀའ་བློན་དགོངས་ཞུའི་གནས་སྟངས་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་པས་དམིགས་བསལ་ཧང་སངས་ཡག་གང་ཡང་མི་འདུག
སྐར་མ་བློ་གསལ་ལགས། སྐུ་ངོ་བློ་སྦྱིན་ལ་བཀའ་བཀྱོན་ཕེབས་ནས་དགོངས་ཞུ་གནང་བ་སོགས་ཀྱི་གནད་དོན་ཆ་ཚང་བ་ཤེས་ཀྱི་མེད་ཀྱང་སྐུ་སྒེར་ཡིག་ཚང་སྐུ་མདུན་སྐུ་སྒེར་གྱི་ཡིག་ཚང་ཡིན་པ་ཤེས་ཀྱི་ཡོད། ཡང་སྐུ་སྒེར་ལ་ཕེབས་འདོད་ནས་ཟམ་གདོང་རིན་པོ་ཆེས་འགོ་འདྲེན་གནང་བ་སོགས་ཤེས་ཀྱི་མེད་ཀྱང་ཡང་བསྐྱར་ལས་ཀ་ལ་ཡོང་རོགས་ལབ་དུས་ལམ་སེང་ཡོང་བ་དེར་དགའ་པོ་བྱུང་ཞེས་བཀའ་གནང་བ་ཤེས་ཀྱི་ཡོད། དེར་རྟེན་སྐབས་དོན་མིན་པའི་གླེང་རྙོག་མ་གསུངས་ན་ཡག་ག་མེད་དམ།
རྒན་སྐབས་དོན་མིན་པའི་རྙོག་དྲ་ཅང་ལབ་ཀྱི་མེད། དབུ་ཁྲིད་ཚོས་དབུ་ཁྲིད་སྟངས་ལབ་ཀྱི་ཡོད། དབུ་ཁྲིད་སྟངས་དེ་འགྲོ་སྟངས་ཆགས་ཡོད་པ་མ་རེད་དམ།
གང་ཡིན་ནམ། རྒན་འཇམ་རྡོས་ཁ་བཀག་ཀི་འདུག་་་་ཕལ་ཆེར་རྡུལ་ཕྲན་འབར་རྫས་ཅིག་ཡོད་ས་རེད་གདའ། ཧཧཧཧཧཧ་་་་་་་ད་ཡིན་ན་བོད་མི་ཚང་མ་རྩ་འཁྲུག་ཚར་འདུག་ཡ་་་་་་ངོ་མ་་་་་
ཏྲེ་བྱམས་ལགས། ཁ་འགོག་གི་མེད་ལ་འགོག་དོན་ཡང་མེད་འོན་ཀྱང་སྐུ་སྒེར་ཡིག་ཚང་དང་སྐུ་ངོ་བློ་སྦྱིན་ལགས་ཀྱི་སྐོར་འདིར་འབྲེལ་མེད་དོན་གཞན་རེད་འདུག་ཞུ་གི་ཡོད།
གང་ལྟར། ཁོང་གཉིས་དབར་གནད་དོན་ཅི་འདྲ་ཞིག་བྱུང་ཡོད་ཀྱང་། མི་མང་ལ་འགན་ཁྱེར་བའི་ཐོག་ནས། གསལ་བཤད་ཡག་པོ་གཅིག་གནང་དགོས་རེད་མ་གཏོགས། ང་ཚོ་ཚང་མ་ནག་ཁུང་ན་འཇོག་ན་འགྲིག་གི་མེད། གནད་དོན་དེའི་ཐད། གསར་འགོད་པ་རྣམས་ཀྱིས་ཀྱང་། འགན་ངེས་ཅན་ཞིག་ཁྱེར་དགོས་ཀྱི་ཡོད། གང་ཡིན་ཟེར་ན། གསར་འགོད་པ་ནི། མང་གཙོའི་ཀ་བ་བཞི་པ་དེ་རེད། དེར་བརྟེན། འགན་ཁྲི་ངེས་ཅན་ཞིག་ཡོད་པ་ནི་སྨྲོས་མེད་རེད། ཕྱི་དྲིལ་བཀའ་བློན་གྱི་གསུང་བབ་ལ་བལྟས་ན། རྩ་དོན་དང་འབྲེལ་བའི་གནད་དོན་ཐད། སྐུ་ངོ་སེང་གེ་ནོར་འཛོལ་ཤོར་བའི་ཚོར་སྣང་ཞིག་ཡོང་གི་འདུག གལ་ཏེ། དེ་ལྟ་བུའི་གནད་དོན་ཡོད་ན། བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས། འོས་བསྡུའི་སྔོན་ལ། ངེས་པར་དུ་གསལ་བཤད་གནང་དགོས། དེ་མིན། ཕྱིས་སུ་གསལ་བཤད་གནང་ན། ཅང་ཕན་མི་སྲིད་ཏོ།