ལྷག་པ་ཚེ་རིང་།
འོས་བསྡུ་ཟིན་ལ་ཉེ། ངས་ད་དུང་ཡང་བློ་བཟང་སེང་གེའི་ལས་དོན་གྲུབ་འབྲས་བཙལ་ནས་རྙེད་མེད། མ་རྙེད་པའི་གནད་འགག་གང་རེད། ངས་བཙལ་མ་ཤེས་པ་ཡིན་ནམ། དེ་ཡང་མ་རེད། བློ་བཟང་སེང་གེ་ཁོ་རང་གིས་ལོ་བཞི་དང་ཕྱེད་ཀའི་གྲུབ་འབྲས་འདི་ཡིན་ཟེར་ས་གཙོ་བོ་ནི། སྤྱི་ཚོགས་ལྷིང་འཇགས་བྱུང་ཡོད། རྨང་གཞི་གསར་པ་བསྐྲུན་ཡོད། ཨ་སྒོར་ས་ཡ་དྲུག་རག་ཡོད། ཟེར་བ་འདི་གསུམ་རེད། འདི་གསུམ་གྲུབ་འབྲས་སུ་ག་ཚད་བསྒྲགས་ནའང་། མང་ཚོགས་ཀྱིས་གྲུབ་འབྲས་ཤིག་མ་རེད་ཅེས་ངོས་ལེན་བྱེད་ཀྱིན་ཡོད་པ་མ་རེད། ང་རང་ཡང་དེ་གསུམ་གྲུབ་འབྲས་སུ་ཁས་ལེན་མ་ཐུབ་མཁན་གྱི་གྲས་ཡིན།
བློ་བཟང་སེང་གེས་ལོ་བཞི་དང་ཕྱེད་ཀའི་རིང་ལ་དབང་ཆ་སྒེར་སྤྱོད་དང་རྫིག་ཉམས་བྱེད་པ་གཙོ་འདོན་བྱེད་ཀྱིན་ཡོད་སྟབས། གངས་སྐྱིད་ཀྱི་ལས་བྱེད་ཚོས་ཁོང་ལ་མིང་གསར་པ་ཞིག་བཏགས་ཡོད། དེ་ནི། ༼སྐུ་དྲག་གསར་པ༽་ཞེས་པ་འདི་རེད། ལོ་བཞི་ལྷག་རིང་གི་གྲུབ་འབྲས་ཀྱི་ཆ་ཤས་གལ་ཆེ་བ་གཅིག་ནི། སྐུ་དྲག་གསར་པ་ཞེས་པའི་མིང་གནས་འདིས་ཕྱོགས་བསྡོམས་བྱས་ཡོད་པ་རེད་ སྤྱི་སེམས་ལྡན་པའི་གཞུང་ཞབས་རྒན་རབས་པ་ཚོས། ད་ལྟའི་གནས་སྟངས་ཛ་དྲག་ཆགས་ཡོད། བཀའ་ཤག་འདིའི་སྐབས་ལ་སྒྲིག་འཛུགས་ཀྱི་མདོག་ཤོར་སོང་ཞེས་ཐུགས་ཁྲལ་གནང་དགོས་པ་ཞིག་ཆགས་ཡོད།
སྤྱི་ཚོགས་ལྷིང་འཇགས་བྱུང་ཡོད། རྨང་གཞི་གསར་པ་བསྐྲུན་ཡོད། ཨ་སྒོར་ས་ཡ་དྲུག་རག་ཡོད། བཤད་སྟངས་འདི་ཚོ་གྲུབ་འབྲས་རེད་དམ་མ་རེད། འོས་ཤོག་གི་ཆེད་དུ་གཏམ་བཤད་བྱས་པ་ཁག་བསྡུར་ནས་ཡོང་དུས། བློ་བཟང་སེང་གེ་རང་གིས་ཀྱང་རང་གི་གྲུབ་འབྲས་ཤིག་ཡིན་པར་ར་སྤྲོད་གསལ་པོ་བྱེད་ཐུབ་ཀྱི་མི་འདུག བགྲོ་གླེང་རེ་རེ་བྱས་ཡོང་དུས། གྲུབ་འབྲས་ཡིན་ལབ་པ་མང་པོ་ཞིག་རྩོད་གཞི་ཅན་ཆགས་འགྲོ་གི་འདུག གསར་འགྱུར་བརྒྱུད་ལམ་ཁག་གིས་དྲི་བ་རེ་བཏང་ཡོང་དུས། གྲུབ་འབྲས་སུ་བསྒྲགས་པ་དག་ལ་གས་ཁ་ཤོར་འགྲོ་གི་འདུག
མཐའ་མ་དེར། ལོ་བཞི་དང་ཕྱེད་ཀའི་རྗེས་འདིར། བློ་བཟང་སེང་གེས་འོས་ཤོག་ཁོ་ནའི་ཆེད་དུ་མངོན་མངོན་རྗེན་རྗེན་ལ་རང་ཉིད་འུད་བསྟོད་དང་། རྫུན་དང་ཧམ་པ་བཤད་ནས་མང་ཚོགས་ལ་མགོ་སྐོར་བཏང་སོང་། དེ་ཡང་མང་ཚོགས་ཀྱི་མདུན་དུ་གསལ་གསལ་ཏག་ཏག་བྱས་ནས་འཁྲབ་སོང་། རྒྱལ་གཅེས་པ་གཉིས་ཀྱིས་ལུས་སྲོག་མེར་སྲེག་བཏང་བའི་དུས་སྐབས་དེར་ཡང་འོས་ཤོག་གི་ཧམ་པས་བཟི་སྟེ་རོ་ཐོག་ནས་རྟ་རྒྱུག་སོང་། ལོ་ངོ་བཞི་ལྷག་གི་གྲུབ་འབྲས་སུ་བཏགས་པ་དེ་ཚོ་ཁུངས་སྐྱེལ་བྱེད་མ་ཐུབ་པའི་གནས་སྟངས་འོག་ནས། བློ་བཟང་སེང་གེའི་ཚོས་གཞི་འགྱུར་སོང་། རང་མདོག་ཤོར་སོང་། རང་གཤིས་ལྷང་ལ་བུད་སོང་། མདོར་བསྡུས་ན། བློ་བཟང་སེང་གེར་མཚོན་ན། ད་རང་ཉིད་ཀྱི་རྒྱལ་ཐབས་ཉི་ཚེ་བ་དེ་ཚོ་བེད་སྤྱོད་རྫོགས་སོང་བ་འདྲ།རང་ཉིད་ལའང་ཡིད་ཆེས་དང་གདེང་ཚོད་མེད་པ་ཆགས་འདུག
བཀའ་བློན་ཁྲི་པ་དང་སྲིད་སྐྱོང་གི་ལས་ཀ་ལོ་བཞི་ལྷག་ལ་གནང་བ་རེད། དེ་རིང་། མང་ཚོགས་ལ་གྲུབ་འབྲས་འདི་ཡིན་ཟེར་བའི་རང་རྐྱ་ཐུབ་པ་ཞིག་སྟོན་ཐུབ་ཀྱི་མེད། ཟླ་བ་བཞིའི་རིང་ལ་ཁ་ན་ན་མིད་པ་འགག་བར་བཤད་པའི་གྲུབ་འབྲས་དེ་ཚོའི་ཚོས་གཞི་འགྱུར་སོང་། མང་ཚོགས་ལ་མཚོན་ན། བློ་བཟང་སེང་གེས་ད་ལྟ་བར་དུ་ལས་དོན་ཡག་པོ་ཞིག་སྒྲུབ་ཀྱིན་ཡོད་ཤག་བྱས་ཡོད་ནའང་། ད་ཆ་ཁོང་སུ་རེད། ག་རེ་རེད། ག་རེ་བྱས་པ་རེད། གང་ལ་འགྲོ་མཁན་རེད་འདུག་གམ། ད་ནི་ཡིད་ཆེས་ཡག་མི་འདུག་ཟེར་ནས་རྒྱུས་མེད་ཀྱི་མི་ཞིག་ཆགས་སོང་བའི་རྣམ་པ་བསྟན་སོང་། བློ་བཟང་སེང་གེར་ལྟ་སྟངས་ཡོངས་སུ་འགྱུར་ཚར་སོང་། བློ་བཟང་སེང་གེས་རང་ཉིད་རང་གིས་ཕམ་བཅུག་སོང་། སྒྲིག་འཛུགས་ལས་རང་ཉིད་གལ་ཆེ་བར་བརྩི་བ་ཐལ་ཆ་ཆེ་དྲགས་ནས། མང་ཚོགས་ཀྱི་་སེམས་ཀྱི་གོ་གནས་དེ་ནས་ཟགས་སོང་།
བློ་བཟང་སེང་གེས་འོས་ཤོག་གི་ཆེད་དུ་འཛེམས་ཟོན་སྤངས་པའི་བྱ་སྤྱོད་དེ་མངོན་མངོན་རྗེན་རྗེན་བྱས་མེད་ན། ཡང་ན། ནང་འགལ་ཅན་གྱི་གཏམ་བཤད་ཉུང་ཙམ་སྤེལ་ཡོད་ན། དེ་བས་ཀྱང་། རྒྱལ་གཅེས་དཔའ་བོ་གཉིས་ཀྱི་རོ་ཐོག་དེ་ནས་གཞས་བཏང་མེད་ན། རོ་ཊོག་དེ་ནས་གར་འཁྲབ་མེད་ན། རོ་ཐོག་དེ་ནས་རྟ་རྒྱུག་མེད་ན། གཞི་རྩའི་ཚོས་གཞི་ཙམ་ནི་ལྷག་སྲིད་པ་རེད། ཡིན་ནའང་། ད་ནི་མང་ཚོགས་ཀྱི་མིག་ལམ་ནས་ཁོའི་བཟོ་ལྟ་ཡོངས་སུ་ཤོར་འོང་། གནང་རྒྱུ་འདི་ལས་མེད་ན། ཧ་བ་ཌི་ནས་ཁྲིམས་ཀྱི་མཁས་དབང་ཐེངས་བརྒྱ་ལ་ཐོན་པ་ཡིན་ནའང་། ཧ་ལས་རྒྱུ་ཅི་མི་འདུག ཧང་སངས་རྒྱུ་ཅི་མི་འདུག
སྤྱིར་བཏང་དམངས་གཙོའི་ཡན་ལག་ཚང་བའི་རྒྱལ་ཁབ་དང་སྤྱི་ཚོགས་ཤིག་ཡིན་ན། བློ་བཟང་སེང་གེ་ལགས་ནས་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་གི་སྐུ་དྲིན་ཡང་མངོན་སུམ་འཛེམ་མེད་ཀྱིས་ཧམ་འཕྲོག་བྱས་ནས་མི་དམངས་མགོ་སྐོར་གཏོང་ཐབས་བྱེད་པ་འདི་ལྟ་བུ་ནི་ཁྲིམས་ལ་གཏུགས་དགོས་པ་ཞིག་ཡིན། དེ་ལྟར་མ་བྱུང་ན་ཡང་། གནས་སྐབས་ཁོང་སྲིད་སྐྱོང་གི་འོས་འགྲན་ལ་ཞུགས་པ་མཚམས་བཞག་ནས། ༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་ལ་ཁོང་ཚོའི་སྐུ་དྲིན་ཧམ་འཕྲོག་བྱས་པ་དང་། མི་དམངས་ལ་ཁོང་ཚོ་མགོ་སྐོར་གཏོང་ཐབས་བྱས་པ་བཅས་ལ་ཐུགས་བདེན་དགོངས་དག་ཞུ་དགོས་པ་མ་ཟད། མ་འོངས་པར་དེ་ལྟར་མི་བྱེད་པའི་དམ་བཅའ་ཕུལ་ནས་ཡང་སྐྱར་འོས་འགྲན་ལ་ཞུགས་དགོས་པ་ཡིན། བློ་སེང་ལགས་ཀྱིས་དེ་ལྟར་བྱེད་པ་ཕར་ཞོགཁོང་གིས་ད་དུང་རྫུན་རྐུབ་རྙིང་པ་རྡོལ་གྱིན་རྡོལ་གྱིན་རྫུན་གསར་པ་སྒྲིག་གིན་སྒྲིག་གིན་འགྲོ་གི་ཡོད།བློ་སེང་གིས་རྫུན་སྒྲིག་བྱེད་པ་ནི་རྫུན་སྒྲིག་ཙམ་མིན། དེའི་ཕུགས་ན་མི་དམངས་ལ་མཐོང་ཆུང་ཡོད། མི་དམངས་ཀྱི་ཤེས་ཚད་ལ་མཐོང་འཇོག་ཧ་ཅང་དམའ་བའི་རྟགས་ཤིག་ཡོད། ཁོང་གིས་རང་གི་འདོད་མོས་ལྟར་མི་དམངས་ལ་མགོ་སྐོར་བཏང་ཆོག་ཡོད་བསམ་གྱི་ཡོད། དེ་མིན་ན་༧དགེ་བཤེས་མའི་ལམ་སྲོལ་དེ་ཁོང་རང་གི་སྟེང་ལ་ཇི་ལྟར་སྦྱོར་རམ། རྡ་རམ་ས་ལའི་གཞུང་ལམ་གྱི་རྫུན་སྒྲུང་དེ་ཇི་ལྟར་བསྒྲིགས་སམ།