ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
ཕྱི་ལོ་༢༠༡༤ ཟླ་༨ ཚེས་༢༧ ཉིན་ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ཏུ་ཚོགས་པའི་བོད་མིའི་སྒྲིག་འཛུགས་ཀྱིས་བསྡུ་བསྐོང་དང་ཡུ་རོབ་དམིགས་བསལ་དོན་གཅོད་ལས་ཁུངས་ནས་གྲ་སྒྲིག་གནང་ཐོག ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་གི་ཨི་སི་ལི་(HAMBURG HOTEL GRAND ELYSEE)མགྲོན་ཁང་དུ། ཐུན་མོང་གི་གཞི་རྟེན་འཚོལ་བ། ཞེས་པའི་བོད་རྒྱའི་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༡༥ ནས་ཆུ་ཚོད་གཅིག་ཙམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་འབྲེལ་ལམ་དང་བོད་རྒྱའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་སྐོར་གྱི་བཀའ་སློབ་སྩལ་གྲུབ་རྗེས། ཚོགས་འདུ་དངོས་གཞི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དབུ་འཛུགས་ཀྱིས་ཐོག་མར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་ཐོག་ཁ་ཞེ་གཉིས་མེད་ཀྱི་བསྐྱོད་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་འབྲེལ་ཨེམ་(M)ལྔའི་ཐོག་གསུང་དོན།
ཨེམ་དང་པོ་དེ་ (Mistake) རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་དེ་ནོར་བ་རེད། དེ་ནས་ཨེམ་གཉིས་པ་ (Mistrust) ཡིད་ཆེས་བརླག་སྟེ་ད་ལྟ་ཡང་དོགས་ཟོན་བྱེད་རྒྱུ་དེ་དཀའ་ངལ་ཆེ་ཤོས་རེད། དེའི་ཐོག་རྒྱ་ནག་གཞུང་གིས་ཨེམ་གསུམ་པ་ (Misunderstanding) གོ་ནོར་ཐེབས་ཀྱི་འདུག དཔེར་ན། རྒྱ་ནག་གཞུང་གིས་ང་ཚོར་བོད་ཆེན་པོ་དགོས་ཀྱི་ཡོད་པ་དང་། ཚད་མཐོའི་རང་སྐྱོང་དགོས་ཀྱི་ཡོད་པ། རྒྱ་མི་རིགས་བོད་ནས་ཕྱིར་འབུད་བྱེད་རྒྱུ་ཡིན་ལུགས་སོགས་ཤོད་བཞིན་ཡོད། དེའི་ཐབས་ལམ་དེ་ཨེམ་བཞི་པ་ (Middle way ) དབུ་མའི་ལམ་རེད། དེ་རིང་ཚོགས་འདུ་འདིར་ཕེབས་མཁན་ཚོར་འགན་ཞིག་ཡོད་པ་དེ་ནི་ཨེམ་ལྔ་པ་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ (Mutual Understanding & mutual Trust) བསྐྱར་གསོ་བྱེད་དགོས་རྒྱུ་དེ་རེད།
དེ་ལྟར་བྱས་ཚེ་ང་ཚོའི་དབར་གོ་ནོར་ཐེབས་པ་དང་ཡིད་ཆེས་བརླག་པ་དེར་གདོང་ལེན་བྱེད་ཐུབ་ཀྱི་ཡོད། སྔ་མོའི་ལོ་རྒྱུས་ཐོག་ཧན་མི་རིགས་དང་བོད་མིའི་དབར་དོགས་པ་བཟའ་བ་དང་ཡིད་ཆེས་མེད་པ་ལྟ་བུ་རྩ་བ་ནས་མེད། དཔེར་ན། ལྷ་སའི་ཇོ་ཁང་ནང་གི་ཇོ་བོའི་སྐུ་བརྙན་དེ་རྒྱ་བཟའ་ཀོང་ཇོས་གདན་ཞུས་གནང་བ་ཞིག་ཡིན་ནའང་ང་ཚོས་དེ་རྩ་ཆེ་ཤོས་ཤིག་ལ་རྩི་བཞིན་ཡོད། ད་ཆ་ཇོ་ཁང་ནི་བཙོན་ཁང་ལྟ་བུར་གྱུར་ཡོད་པ་དེ་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་རེད། དེའི་རྐྱེན་པས་བོད་པར་དོགས་ཟོན་བྱས་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད།
ཇོ་ཁང་སྔ་མོའི་ལོ་རྒྱུས་ལྟར་དགོན་པ་རྩ་ཆེན་ཡིན་པ་དེ་ང་ཚོས་བསྐྱར་གསོ་བྱས་ན། རྒྱ་རིགས་དང་བོད་རིགས་ནང་པ་སུ་ཞིག་ཡིན་རུང་ཚང་མས་དད་གུས་བྱེད་སའི་བསྟི་གནས་ཆགས་ཀྱི་རེད། རྒྱ་ནག་གི་རྩ་ཁྲིམས་ནང་བོད་རིགས་ཡོངས་ལ་རང་སྐྱོང་ཐོབ་ཀྱི་ཡོད་པའི་གནས་བབ་གསལ་པོ་འཁོད་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་བོད་རིགས་སྤྱི་ཡོངས་མི་རིགས་གཅིག་ཡིན་པ་དང་དཀའ་ངལ་གཅིག་ཡིན་པ་རྒྱ་ནག་གི་དུས་དེབ་(china’s Tibet) ནང་ངོས་འཛིན་བྱས་ཡོད། སྲིད་བྱུས་གཏན་འབེབས་བྱེད་སྐབས་ཀྱང་དེ་ལྟ་ངོས་འཛིན་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༠༨ རྗེས་(Work forum)ཞེས་ཚོགས་པའི་ནང་ཁམས་དང་ཨ་མདོ་ཁུལ་གྱི་དཀའ་ངལ་གཅིག་ཡིན་པ་དང་ཐབས་ལམ་གཅིག་མཚུངས་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད། ང་ཚོར་དཀའ་ངལ་ཞིག་ཡོད་ན་ཐབས་ལམ་དེས་དཀའ་ངལ་ཆ་ཚང་སེལ་ཐུབ་པ་ཆགས་ཀྱི་ཡོད། དཔེར་ན། རང་ལུས་མེར་སྲེག་གཏོང་རྒྱུ་དེ་ཨ་མདོ་ཁུལ་དུ་མང་བ་བྱུང་ཡོད། ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་ལ་ཞི་བའི་གྱེན་ལངས་བྱུང་ཡོད། དཀའ་ངལ་བོད་མི་སྤྱི་ཡོངས་ཀྱི་ཡིན་སྟབས་ཐབས་ལམ་དེ་ཚང་མར་ཁྱབ་པ་ཞིག་བྱུང་ན་ཡག་པོ་ཡོད་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།།
བོད་རྒྱ་གཉིས་བར་གྱི་ཐུན་མོང་གི་གཞི་རྟེན་འཚོལ་ལུགས་འདི་འདྲ་ལས་མེད་པ་དེས་སེམས་པ་འཁྱག་ལ་སྦྱར་སོང་། ད་ནི་གང་ལྟར་ང་ཚོར་རྒྱ་བསྟོད་དང་རྒྱ་བསྟུན་གྱི་རྣམ་འགྱུར་ཇེ་མང་ནས་ཇེ་མང་རེད་འདུག