ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༧ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཱན་དིའི་ཞི་བདེའི་ཐེབས་རྩ་ཁང་དུ་ Gandhi Peace Foundation ཨཱ་ཅཱརྱ་ཀིར་པ་ལཱ་ནི་མཆོག་གི་རྗེས་དྲན་གསུང་བཤད་ Acharya Kripalani Memorial Lecture གནང་དོན། ངོས་རང་དེ་རིང་གཱན་དིའི་ཞི་བདེའི་ཐེབས་རྩ་ཁང་དུ་ཐེངས་དང་པོར་བཅར་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤོབས་ཧ་ཅང་བྱུང་བ་མ་ཟད། མེས་པོ་དམ་པ་གཱན་དི་མཆོག་དང་ཞི་བདེའི་ཐེབས་རྩ་འདི་ལྟ་བུ་དང་ལྷན་འབྲེལ་ལམ་འཛུགས་ཐུབ་པར་ངོས་ལ་ཆེ་མཐོང་ཧ་ཅང་ཐོབ་བྱུང་། འདིར་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་སུ་བྷ་སི་ཀཤྱཔ་མཆོག་དང་ངོས་གཉིས་ལས་འབྲེལ་ཡོད་པ་ལྟ་བུ་འདུག
ངོས་རང་གཏམ་བཤད་གང་དུ་སྤེལ་ཡང་ཁོང་ལས་རིམ་གཙོ་སྐྱོང་བ་ཡིན་པའི་མཐོང་སྣང་བྱུང་། དེ་སྔ་གོ་བར་ལྷན་ཚོགས་ India Ideas Conclave 2015 སྐབས་ངོས་ཀྱིས་གཏམ་བཤད་སྤེལ་སྐབས་སུའང་ལས་རིམ་གཙོ་སྐྱོང་གནང་མཁན་ཁོང་རེད། འདིར་སླར་ཡང་ཁོང་ལས་རིམ་གཙོ་སྐྱོང་བ་ཡིན་འདུག སྤྱིར་ཁོང་རྒྱ་གར་གྱི་རྩ་ཁྲིམས་དང་ཆབ་སྲིད་ཐོག་ལ་མཁས་དབང་ཞིག་ཡིན་པ་མ་ཟད། བོད་ཀྱི་གནས་སྟངས་སྐོར་རྒྱུས་མངའ་གཏིང་ཟབ་ཡོད་མཁན་ཞིག་ཀྱང་རེད། དེ་སྔའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ས་གནས་འདིར་ཕེབས་ནས་གསུང་བཤད་གནང་མྱོང་ཡོད་འདུག ཁོང་ནི་བོད་བརྒྱུད་ནང་བསྟན་ཐོག་མཁས་དབང་ཡིན་པ་ཙམ་མ་ཟད། ཆབ་སྲིད་ཐོག་ལའང་མཁས་དབང་ཡིན་ཁར་ཁོང་གིས་ཧིན་སྐད་དང་ལེགས་སྦྱར་ཧ་ཅང་སྤུས་དག་པོ་སྐྱོན་གྱི་ཡོད། དེར་བརྟེན་དེ་རིང་ངོས་ཀྱིས་ཁྱེད་རྣམ་པའི་རེ་འདོད་བསྐོང་ཐུབ་ཨེ་ཡོང་བསམ་པ་དྲན་བྱུང་།
འོན་ཀྱང་གུས་བརྩི་ཆེན་པོས་ཐོག་ནས་ངོས་ཀྱིས་བོད་ཀྱི་གནད་དོན་དང་རྒྱ་གར་དབུ་ཁྲིད། ཅེས་པའི་བརྗོད་གཞིའི་ཐོག་ཚིག་འགའ་ཤས་ཞུ་རྒྱུ་ཡིན། ངོས་རང་དེ་སྔ་ཕྱི་ལོ་ ༡༩༨༦།༨༧།༨༨ ལོར་རྡོར་གླིང་ཡེ་ཤུའི་མཐོ་སློབ་ཏུ་བསྐྱོད་སྐབས་གོར་ཁ་ལེན་ཌི་འཐབ་རྩོད་སྐབས་འཁེལ་ཡོད་སྟབས་ཟིང་འཁྲུག་ཧ་ཅང་ཆེ་བའི་དུས་སྐབས་ཤིག་ཡིན། དེ་རྗེས་ངོས་རང་ལྡི་ལི་མཐོ་སློབ་ཏུ་སློབ་སྦྱོང་ཆེད་སླེབས་སྐབས་ད་ཆ་གོར་ཁ་ལེན་ཌིའི་རྙོག་གྲ་ནས་ཐར་བྱུང་བསམས་པ་དྲན་བྱུང་། འོན་ཀྱང་ཕྱི་ལོ་ ༡༩༨༨།༨༩།༩༠ སྐབས་ཝི་པི་སིངྒ་ V.P.Singh མན་ཌལ་ཀམ་མི་ཤེན་ Mandal Commission རྙོག་གྲ་འཁེལ་ཡོད་སྟབས་རྙིག་གྲའི་སྒང་ལ་འཁེལ་བ་རེད། སྐབས་དེར་ངོས་རང་ཉིད་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་བོད་དོན་ཐོག་ལས་འགུལ་ཤུགས་ཆེ་སྤེལ་མཁན་ཞིག་ཡིན། ང་ཚོས་རྒྱ་གར་གྱི་སྒོ་ཆེན་ India Gate ཡོད་ས་དང་རྒྱ་ནག་གཞུང་ཚབ་ཁང་སོགས་སུ་བོད་དོན་ལས་འགུལ་མང་པོ་སྤེལ་མྱོང་ཡོད། དེར་བརྟེན་ང་ཚོ་ཅཱནཀྱཱ་ཉེན་རྟོག་ལས་ཁུངས་ Chanakya Police Station དང་འབྲེལ་བ་ཆེན་པོ་བྱུང་ཡོད། ཉེན་རྟོག་པས་རིམ་བཞིན་ངོས་རང་ངོ་ཤེས་ཆགས་ནས་བཙོན་ཁང་དུ་ནང་ཚགས་གནང་མྱོང་ཡོད། བོད་མི་ཚོས་རྒྱ་གར་འཕགས་པའི་ཡུལ་འདི་གཙིགས་ཆེ་ཤོས་སུ་འཛིན་བཞིན་ཡོད། ཕྱོགས་གཅིག་ནས་རྒྱ་གར་ནི་བོད་མི་སྐྱབས་བཅོལ་བ་མང་ཤོས་གནས་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱང་རྒྱ་གར་ནང་གཞིས་ཆགས་ཡོད། ལྷག་པར་དུ་དེང་སྐབས་རྒྱ་གར་སྲིད་བློན་མོ་དི་མཆོག་གིས་རྒྱ་གར་ནང་འཛུགས་སྐྲུན་དགོས་པའི་ལས་འགུལ་ Make in India སྤེལ་བཞིན་པ་དང་མཚུངས་པར། བོད་མིའི་འཐབ་རྩོད་འདི་རྒྱ་གར་ནང་འཛུགས་སྐྲུན་བྱུང་བ་ཞིག་ཡིན། ཞེས་བརྗོད་ཆོག
དེར་བརྟེན་ང་ཚོའི་ལས་འགུལ་དེར་ཁྱེད་རྣམ་པས་རྒྱབ་སྐྱོར་གནང་དགོས་པ་དེ་ཆོས་ཕྱོགས་དང་ཆབ་སྲིད། ཁོར་ཡུག ས་བབ་སོགས་གང་ཅིའི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པ་གལ་ཆེ་ཆགས་ཡོད་སྐོར་རིམ་བཞིན་རྒྱས་སྤྲོས་བྱ་རྒྱུ་ཡིན། ང་ཚོས་ལྡི་ལིར་བོད་དོན་ལས་འགུལ་སྤེལ་སྐབས་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་འཐོན་རྒྱུ་ཏོག་ཙམ་དཀོན་པོ་ཡིན། འོན་ཀྱང་དེང་སྐབས་ཨ་རི་དང་ཡུ་རོབ། རྒྱ་གར་སོགས་ནང་ངོས་རང་བསྐྱོད་སྐབས་བོད་དོན་ཐོག་དོ་སྣང་དང་རྒྱུས་མངའ་ཆེ་བ་ཡོད་པ་མ་ཟད། དེ་སྔ་ལས་རྒྱབ་སྐྱོར་ཤུགས་ཆེ་བ་ཡོད་པ་ཧ་ཅང་གསལ་པོ་འདུག ལྷག་པར་དུ་བསྟི་གནས་ཁང་འདི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཆགས་ཡོད། དེ་བཞིན་ང་ཚོར་རྒྱབ་སྐྱོར་གནང་མཁན་རྒྱ་གར་བའི་ཁྲོད་དེང་སྐབས་འབུམ་རམ་པ་ཊི་ཁ་ Dr. N. K. Trikha ལགས་དང་ཨར་ཀེ་ཀིར་མེ་ RK. Kirmey ལགས། དེ་བཞིན་གཱན་དིའི་ལྟ་གྲུབ་ཉམས་བཞེས་གནང་མཁན་ཚད་ལྡན་ཡིན་པ་སྐུ་ཞབས་སུ་རེནྡྲ་སིངྒ་ལགས་བཅས་ཁྱེད་རྣམ་པ་ཚང་མས་འབད་བརྩོན་ལ་བརྟེན་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་དགོས་པ་དེ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་པའི་ར་སྤྲོད་གནང་ཡོད། འདི་ལྟར་ངོས་ཀྱིས་བརྗོད་དགོས་པ་འདི་བརྗོད་གཞི་དང་འབྲེལ་བ་ཡོད།
དེ་ཡང་སྐབས་ཤིག་ལ་སྐུ་ཞབས་ཇ་ཡཱ་པྲ་ཀཱཤ་ན་ར་ཡན་མཆོག་ལ་བོད་ཀྱི་གནད་དོན་ད་ཆ་རྩ་ཡལ་དུ་ཕྱིན་ཟིན་ནམ། ཞེས་དྲིས་པར་ཁོང་གིས་བོད་ཀྱི་གནད་དོན་དེ་རྩ་བ་ཉིད་ནས་རྩ་ཡལ་དུ་ཕྱིན་མེད། ཅེས་ངོས་ཀྱིས་ཐེངས་མ་སྟོང་ཕྲག་གཅིག་ནན་བརྗོད་བྱ་རྒྱུ་ཡིན། གང་ཡིན་བརྗོད་ན་བོད་མིའི་སྙིང་སྟོབས་མེད་པ་ཆགས་རྒྱུ་མ་རེད། ཅེས་ལན་འདེབས་གནང་ཡོད། འོན་ཀྱང་ཕྱི་ལོ་ ༡༩༦༠།༧༠།༨༠ སྐབས་སུ་བོད་ཀྱི་གནད་དོན་དེ་ཙམ་དྲིལ་བསྒྲགས་བྱུང་ཐུབ་མེད། སྐབས་དེ་དག་ཏུ་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་མ་མཛད་པའམ་ཡང་ན་ཆིབས་སྒྱུར་དེ་ཙམ་མང་པོ་བསྐྱངས་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། དེ་ནས་ཕྱི་ལོ་ ༡༩༩༠ ནང་བོད་དོན་དྲིལ་བསྒྲགས་རིམ་བཞིན་ཆེ་རུ་ཕྱིན་ཡོད། ཕྱི་ལོ་ ༡༩༨༧།༨༨ ལོར་བོད་ནང་ཞི་རྒོལ་གྱེན་ལངས་ཤུགས་ཆེ་བྱུང་རྗེས། ཕྱི་ལོ་ ༡༩༨༩ ལོར་བོད་ནང་དུ་རྒྱ་ནག་གཞུང་གིས་དྲག་པོའི་དམག་ཁྲིམས་ཀྱི་སྲིད་བྱུས་ Martial Law ལག་བསྟར་བྱས་པ་རེད། སྐབས་དེར་ངོས་རང་ལྡི་ལིར་སློབ་སྦྱོང་བྱེད་བཞིན་ཡོད་སྟབས་ཉིན་ལྟར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་དུ་འགྲོ་ཡི་ཡོད། ད་ལྟའི་འཆར་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་ལ་དོ་སྣང་ཡག་ཐག་ཆོད་ཡོད། ཉེ་ལམ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་མི་ ༣༠༠ མ་ཟིན་ཙམ་གྱིས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གོ་ཧ་ཊིར་བོད་དོན་ཚོགས་འདུ་རྒྱས་འཛོམས་བྱུང་ཡོད།
སྐབས་དེར་གསར་འགོད་པ་ཚོས་དོ་སྣང་ཧ་ཅང་གནང་གི་འདུག གང་ཡིན་བརྗོད་ན་ཨ་སམ་དང་རྒྱ་གར་བྱང་ཤར་གྱི་ཡུལ་མི་ཚོས་ཡར་ཀླུང་གཙང་པོའི་ཆུ་ཤུགས་ཆུང་དུ་འགྲོ་བཞིན་ཡོད་པ་ཤེས་ཚོར་བྱུང་བ་དང་། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་བརྒྱབ་ཡོད་པ་ཁས་ལེན་བྱས་ཡོད་པ་ཙམ་དུ་མ་ཟད། ད་དུང་མུ་མཐུད་ཆུ་རགས་རྒྱག་བཞིན་ཡོད། སྐབས་དེར་ངོས་ཀྱི་སྣུམ་འཁོར་གཏོང་མཁན་ཁ་ལོ་པ་རྒྱ་གར་བྱང་ཤར་ཁུལ་གྱི་མི་རིགས་ཡིན་པ་ཁོང་ནས་ཀྱང་ཡར་ཀླུང་གཙང་པོ་ཨ་སམ་གྱི་སྲོག་རྩ་ལྟ་བུ་ཡིན། ཞེས་བརྗོད་བྱུང་། དེ་དངོས་གནས་ཡིན་པ་ཙམ་མ་ཟད། བྷང་ལ་དེ་ཤི་ལའང་དེ་མཚུངས་གལ་ཆེན་པོ་ཆགས་ཡོད། གལ་ཏེ་ཡར་ཀླུང་གཙང་པོའི་ཆུ་ཤུགས་ཆུང་དུ་སོང་བ་ཡིན་ན་ཨ་སམ་དང་བྷང་ལ་དེ་ཤི་སོགས་ནང་མི་གྲངས་ས་ཡ་མང་པོའི་འཚོ་གནས་ལ་ཐད་ཀར་གནོད་སྐྱོན་ཚབས་ཆེ་བཟོ་ངེས་རེད། དེ་ཡང་གོང་དུ་བརྗོད་པའི་ས་ཁུལ་དེ་གཉིས་ལྟ་བུར་མཚོན་ན་འཚོ་བའི་རྟེན་གཞི་གཙོ་བོ་ཉ་འཛིན་རྒྱུ་དེ་རེད། ཉ་ལ་བརྟེན་ནས་འཚོ་དགོས། ཉ་དེ་དག་ཡར་ཀླུང་གཙང་པོ་ནས་ཡོང་བཞིན་ཡོད། ཕྱོགས་མཚུངས་སོ་ནམ་ཞིང་ལས་ཐོག་ཉེ་བར་མཁོ་བ་ནི་ཆུ་ཡིན། དེ་དག་སྲོག་རྩ་ལྟ་བུ་ཡིན།
དེར་བརྟེན་གནད་དོན་དེ་དག་ཐོག་དོ་སྣང་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད། དེ་ནི་གཙོ་བོ་ང་ཚོ་བོད་མི་ཚོས་འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་བོད་ཀྱི་གནད་དོན་ཐོག་འབད་བརྩོན་གནང་བ་དེར་དེ་སྔ་ཕྱི་ལོ་ ༡༩༥༠།༦༠ ནང་དང་བསྡུར་བ་ཡིན་ན། དཔེར་ན་སྐབས་དེར་ཨཱ་ཅཱརྱ་ཀིར་པ་ལ་ནི་ Acharya Kripalani མཆོག་དང་། ཇ་ཡ་པྲ་ཀཱཤ་ན་རཱ་ཡན་ Jayaprakash Narayan མཆོག དེ་བཞིན་དིན་དཱ་ཡལ་ཨུ་པཱ་དྱ་མཆོག Pandit Deendayal Upadhyaya Ram Manohar Lohia དོ་སྣང་རཱམ་མ་ནོ་ཧར་ལོ་ཧི་ཡ་མཆོག དེ་བཞིན་པཎྜི་ཏ་ནེ་རུ་ Pandit Nehru མཆོག ཝལ་ལཱ་བྷ་ཡི་པ་ཊེལ་ Vallabhbhai Patel མཆོག་བཅས་ཚང་མས་བོད་དོན་རྒྱབ་སྐྱོར་གནང་ཡོད། ཁོང་རྣམ་པས་གང་གསུངས་པ་ལྟར་གནས་སྟངས་དེ་མཚུངས་བྱུང་ཡོད་པ་མ་ཟད། དེང་སྐབས་སུའང་དེ་མཚུངས་གནས་སྟངས་ཆགས་བཞིན་ཡོད། དཔེར་ན། ཨཱ་ཅཱརྱ་ཀིར་པ་ལ་ནི་མཆོག་གིས་རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་སྟབས་ད་ཆ་རྒྱ་དཀར་ནག་གཉིས་དབར་བར་ཞུགས་སུ་གནས་མཁན་མེད་པར་གྱུར་ཡོད། བོད་བཙན་འཛུལ་བྱས་རྗེས་རྒྱ་གར་གྱི་ས་མཚམས་སྒོ་ཁར་རྒྱ་མི་བསླེབ་རྒྱུ་རེད། ཅེས་གསུངས་པ་ལྟར་རྒྱ་མི་བསླེབས་ཡོད། དེ་ཙམ་མ་ཟད། རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་པ་དེར་ད་ཆ་རྒྱ་གར་གྱིས་གདོང་ལེན་བྱེད་དགོས། གལ་ཏེ་བོད་ནང་བྱུང་བ་དེ་མཚུངས་བལ་ཡུལ་ལ་བྱུང་བ་ཡིན་ན། ང་ཚོས་རྒྱ་ནག་ལ་དམག་རྒྱག་རྒྱུ་རེད། བཙན་འཛུལ་དེ་བོད་ནང་བྱུང་སྟབས་ང་ཚོས་འགོ་ཁྲིད་ཚོས་གང་ཡང་གནང་མེད། ཅེས་གསུང་མཁན་བྱུང་ཡོད། འོན་ཀྱང་ད་ལྟའི་བལ་ཡུལ་གནས་སྟངས་ལ་གཟིགས་པ་ཡིན་ན། རྒྱ་མི་བསླེབས་ཚར་བ་ལྟ་བུ་ཡིན་པ་མ་ཟད། བྷང་ལ་དེ་ཤི་དང་པ་ཀི་སི་ཐན་ནང་བསླེབས་ཟིན། དེ་མཚུངས་ཤྲི་ལངྐཱའི་ནང་བསླེབ་ཡོང་གི་རེད། གང་ཡིན་བརྗོད་ན། ཨཱ་ཅཱརྱ་ཀིར་པ་ལ་ནི་མཆོག་གིས་གསུངས་པ་ལྟར་བར་བཞུགས་བྱེད་མཁན་རྒྱལ་ཁབ་དེ་མེད་པ་ཆགས་སྐབས་རྒྱ་མི་ཁྱེད་རང་གི་སྒོ་ཁར་བསླེབས་ནས་དཀའ་ངལ་བཟོ་རྒྱུ་རེད།
དེང་སྐབས་ལ་དགས་དང་ཨ་རུ་ནཱ་ཅལ་སོགས་རྒྱ་གར་གྱི་ས་མཚམས་སུ་རྒྱ་མིའི་དམག་མིས་བཙན་འཛུལ་བྱས་པའི་གནས་ཚུལ་མང་པོ་གོ་ཐོས་བྱུང་། དཔེར་ན་ཕྱི་ལོ་ ༢༠༡༢ ལོར་རྒྱ་མིའི་དམག་མིས་ཁྲིམས་འགལ་ཐོག་ནས་རྒྱ་གར་ས་མཚམས་སུ་ཐེངས་ ༢༠༠།༣༠༠། ལྷག་འཛུལ་ཡོད་པའི་གནས་ཚུལ་བྱུང་ཡོད། ལྷག་པར་བོད་ནང་དུ་རྒྱ་ནག་གཞུང་གིས་བརྒྱབ་དང་རྒྱག་བཞིན་པའི་གཞུང་ལམ་དེ་དག་དམག་མིའི་གཞུང་ལམ་གྱི་གནས་ཚད་ཡིན་པར་བརྟེན་བོད་ཀྱི་རང་བྱུང་ཐོན་སྐྱེད་དེ་དག་བཤུ་གཞོག་གཏོང་ཆེད་འཁྲུལ་ཆས་ཧ་ཅང་ལྕི་མོའི་རིགས་ལས་སླ་པོའི་ཐོག་ནས་འོར་འདྲེན་བྱེད་ཐུབ་པ་ཙམ་དུ་མ་ཟད། འཁྲུལ་ཆས་དེ་དག་གིས་བོད་ཀྱི་གཏེར་ཁ་གང་བྱུང་སྔོག་བཤེར་བྱས་ནས་གཏེར་དངོས་རྣམས་རྒྱ་ནག་ཏུ་འོར་འདྲེན་བྱས་པ་དང་། ལྷག་པར་གཞུང་ལམ་སྤུས་དག་དེ་དག་ཐོག་དམག་མིའི་སྣུམ་འཁོར་རྣམས་རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་དེ་དག་གི་ས་མཚམས་བར་ཧ་ཅང་སྟབས་བདེ་པོའི་ཐོག་ནས་ཡོང་ཐུབ་རྒྱུ་རེད། ལྷག་པར་རྒྱ་ནག་གཞུང་གིས་རྒྱ་ནག་ནས་བོད་ཀྱི་གྲོང་ཁྱེར་ཆེ་ཁག་གཞིས་ཀ་ཙེ་བར་མེ་འཁོར་འབབ་ཚུགས་གསར་འཛུགས་བྱ་རྒྱུ་མ་ཟད། བལ་ཡུལ་དང་སྒང་ཏོག་བར་མེ་འཁོར་འབབ་ཚུགས་གསར་རྒྱག་གི་འཆར་གཞི་འདིང་བཞིན་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་མཚམས་བར་མེ་འཁོར་འཛུགས་ཐུབ་པ་ཡིན་ན་གནས་སྟངས་གང་འདྲ་ཞིག་ཡོང་རྒྱུ་རེད། བོད་ནང་དུ་མཚོན་ན་རྒྱ་ནག་གཞུང་གིས་གནམ་ཐང་ ༣༠ བརྒྱབ་ཟིན་པ་མ་ཟད། གནམ་དམག་འབབ་ཚུགས་ཀྱི་གནམ་ཐང་ཆེ་ཁག་ ༦ བརྒྱབ་ཟིན། དེ་ཁྲོད་ཁག་གཅིག་རྒྱ་གར་གྱི་ཨ་རུ་ནཱ་ཅལ་ས་མཚམས་དང་ཐག་ཉེ་པོ་ཡོད།
དེར་བརྟེན་ཕྱི་ལོ་ ༡༩༥༠།༡༩༦༠ ནང་རྒྱ་གར་དབུ་ཁྲིད་ཚོས་ལུང་བསྟན་གནང་བ་དེ་དག་དེང་སྐབས་མངོན་སུམ་དུ་ཡོང་བཞིན་ཡོད། དེ་ཡང་རྒྱ་གར་གྲོས་ཚོགས་ནང་འཐུས་མི་གཅིག་གིས་ཨཱ་ཅཱརྱ་ཀིར་པ་ལ་ནི་མཆོག་ལ་བོད་ལ་དཀའ་ངལ་འཕྲད་བཞིན་ཡོད་སྟབས་ཁྱེད་ཀྱིས་གནད་དོན་འདིའི་སྐོར་གླེང་བཞིན་ཡོད་དམ། ཅེས་དྲི་བ་བཏང་བར་ཁོང་གིས་དེའི་ལན་དུ། བོད་ནང་དཀའ་ངལ་འཕྲད་མིན་དེ་གནད་དོན་གཞན་ཞིག་རེད། བོད་མི་ཚོས་མངོན་འདོད་དེ་རང་སྐྱོང་གི་གཞུང་ཞིག་འདོད་བཞིན་ཡོད། བོད་མི་ཚོར་རང་ཐག་རང་གཅོད་བྱ་རྒྱུའི་ཐོབ་ཐང་ཡོད། བོད་མི་ཚོས་རང་གི་གཞུང་དེ་རང་གིས་བསྐྱངས་ཐུབ་པ་བྱུང་ན་ཕྱི་ནས་གཞུང་ཡག་པོ་ཇི་འདྲ་ཞིག་འཛུགས་ཐབས་བྱས་ཀྱང་དེས་ནམ་ཡང་ཚབ་བྱེད་མི་ཐུབ། དེར་བརྟེན་བོད་ས་བཙན་འཛུལ་བྱས་པ་དེས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། དེང་སྐབས་སུའང་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་ཙམ་དུ་མ་ཟད།
ཕྱོགས་ཚང་མར་ཤུགས་རྐྱེན་ཐེབས་ཡོད། དཔེར་ན་རྒྱ་གར་དང་ཡུ་རོབ་ནང་དེ་སྔ་དང་བསྡུར་བ་ཡིན་ན་ཚ་དྲོད་རྒྱས་ཚད་ཆེ་རུ་ཕྱིན་ཡོད་པ་དེ་ཚན་རིག་པ་ལྟར་ན་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་བྱུང་བར་བརྟེན་ནས་ཡིན་ཚུལ་དཔང་རྟགས་གསལ་བཤད་ཁུངས་བསྐྱལ་གནང་ཐུབ་ཀྱི་ཡོད། བོད་ཀྱི་ཁོར་ཡུག་དེ་ཨེ་ཤི་ཡ་ས་ཁུལ་ཡོངས་ལ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ནང་རང་བྱུང་གཏེར་རིགས་ལྕགས་ Iron དང་ཟངས། Copper ཚ་ལ་དཀར་པོ་ Borex ཡུ་རེ་ནི་ཡམ་Uranium སོགས་གཏེར་ཁའི་རིགས་མི་འདྲ་བ་ ༡༢༣ ལྷག་ཡོད་པ་དེ་དག་རྒྱ་ནག་ཏུ་འོར་འདྲེན་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་ཐོག་ཆུ་རགས་བརྒྱབ་དང་རྒྱག་བཞིན་པ་ནི། ཁྱེད་རྣམ་པས་མཁྱེན་གསལ་ལྟར་བོད་ནས་བྱུང་བའི་ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་དཔེར་ན། ཡར་ཀླུང་གཙང་པོ་དང་། རྨ་བྱ་ཁ་བབ། སེངྒེ་ཁ་བབ། རྟ་མཆོག་ཁ་བབ། གླང་ཆེན་ཁ་བབ། དེ་བཞིན་སལ་ཝིན་དང་མེ་ཀོང། ཨི་ར་ཝ་ཌི། རྒྱ་མོ་དངུལ་ཆུ། སོགས་རྒྱ་གར་དང་རྒྱ་ནག པ་ཀི་སི་ཐན། ཐེ་ལེན་ཌི། ལའོ་སི། ཀེམ་བྷོ་ཌི་ཡ། ཝི་ཏི་ནམ་སོགས་ནང་དུ་རྒྱུག་བཞིན་ཡོད། ཕྱོགས་གཅིག་ནས་གོ་ལའི་ཚ་དྲོད་རྒྱས་པར་བརྟེན་བོད་ནང་གི་འཁྱགས་རོམ་དེ་དག་མྱུར་ཚད་ཆེན་པོའི་ཐོག་ནས་བཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྐབས་དེར་རྒྱ་གར་གྲོས་ཚོགས་འོག་མའི་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བྷ་སི་ཀཤྱཔ་ Dr. Subhash C. Kashyap མཆོག་གིས་ལས་རིམ་གཙོ་སྐྱོང་གནང་བ་དང་། སྡིངས་ཆའི་ཐོག་གཙུག་ལག་སློབ་དཔོན་སྐུ་ཞབས་ཨཱ་ནནྡཱ་ཀུ་མཱར་ Prof. Anand Kumar མཆོག དེ་བཞིན་ཨཱ་ཅཱརྱ་ཀིར་པ་ལཱ་ནི་མཆོག་གི་རྗེས་དྲན་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་པ་ཡ་རེ་མོ་ཧན་ཏྲི་པ་ཊི་ Shri Pyare Mohan Tripati མཆོག བཅས་མཉམ་བཞུགས་གནང་འདུག །
http://tibettimes.net/%E0%BD%A2%E0%BE%A9%E0%BD%BC%E0%BD%98%E0%BC%8B%E0%BD%94%E0%BC%8B%E0%BD%94%E0%BD%BC%E0%BD%A0%E0%BD%B2%E0%BC%8B%E0%BD%90%E0%BD%B4%E0%BD%93%E0%BC%8B%E0%BD%9A%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%A0/
རྩོམ་ཡིག་གཅིག་བྲིས་པ་དེ་ཀློག་མཁན་མི་གཅིག་ཙམ་མ་ཟད། དེ་ཀློག་མཁན་རྒྱལ་སྤྱིའི་མི་མང་ཡོད་པ་རེད། བོད་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་དུ་འགྲོ་གི་ཡོད་སྟབས། རྩོམ་གྱི་ནུས་པ་ཆེན་པོ་རེད་དམ་གྲིའི་ནུས་པ་ཆེ་བ་རེད་ཅེས་བསམ་ཚུལ་ཡོང་གི་ཡོད་པ་རེད། ནུས་པ་ཆེ་ཤོས་དེ་སྨྱུ་གུ་ཡིན་པ་བཟོ་དགོས་པ་རྩོམ་པ་པོ་ཚང་མར་འོས་འགན་ཡོད་རེད། ཅེས་གསུངས་སོང་། ་་་་་་་་་་
་་་་་་་་་ རྒན་རབ་པ་བཀྲ་ཤིས་ཚེ་རིང་གིས་བོད་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས དེ་བཞིན་བཀའ་ཤག་ལྷན་རྒྱས་ཀྱིས་རྩོམ་པ་པོ་ཚོར་རྡོག་རོལ་དང་འབུར་འཇོམ་བྱས་སོང་པའི་སྐད་ཆ་ཞིག་བཤད་ཡོད་བཟོ་འདུག ཡང་ཁོང་གིས་བཤད་པ་དེ་དྲ་ལམ་ཁག་ནང་མ་གཏོང་རོགས་ཟེར་ནས་བཤད་སོང་ཟེར། ་་་་་་་ ཟེར།