ལྷ་རྒོད།
སྤྱི་དོན་ཁ་ལ་འཁྱེར་ཞིང་ཕྱོགས་རིས་ཀྱི་དུག་ཆུ་ཡིས་མྱོས་ཟིན་པའི་དེང་གི་དུས་འདིར་ངས་ཁྱེད་ཅག་དང་ལྷན་དུའམ། ཡང་ན་ཁྱེད་ཅག་གི་ཁོར་ཡུག་ཏུ་སྲིད་སྐྱོང་མི་གླེང་ལ། སྤྱི་འཐུས་མི་རྩོད། ངོ་མ་ང་ཞེ་མེར་ལངས་སོང་ལ་ཡིད་ཐང་ཆད་སོང་། ངས་ཁྱེད་ཅག་གི་རང་མདོག་ངོ་མ་དག་གསལ་པོར་མཐོང་སོང་བས་དེ་སྔའི་ཡིད་ཆེས་དང་རེ་བ་ཡོད་ཚད་ད་ལྟ་ཡོངས་སུ་བོར་སོང་། ད་དུང་ཆེས་ཡ་ང་བ་དང་ཡིད་མུག་དགོས་པའི་སྐྱོ་གར་ནི་༸གོང་ས་ཡིད་བཞིན་ནོར་བུ་སྐུ་འཚོ་བཞུགས་མེད་པའི་དུས་ངན་དེའི་ནང་དུ་འཁྲབ་རྒྱུ་ཡིན་པའི་སྔ་ལྟས་གསལ་པོ་ད་ལྟ་ནས་མཐོང་ཡོང་བ་འདི་རེད།
དེང་སྐབས་ཁྱེད་ཅག་གི་ཁ་དང་ལག་པ་ལ་རང་དབང་དང་མང་གཙོ། ལོ་རྒྱུས་དང་ལས་དབང་། ཤེས་རིག་དང་དཔལ་ཡོན། དྲང་ཚུགས་དང་ལྷག་བསམ། འཇོན་ཐང་དང་སྙིང་སྟོབས་ཁོ་ན་ལས་མི་འདུག་མོད། དེ་དག་ནི་རྫུན་མའི་རྒྱབ་ཏུ་རྫུན་མ་ལངས་པ། རྐུན་མའི་རྒྱབ་རྩར་ཇག་པ་ལངས་ཡོང་བ་ཙམ་ལས། དོན་དངོས་ཐོག་ནས་བཤད་ན། ཁྱེད་ཅག་གི་སེམས་སུ་ཡོད་པ་ནི་ཕྱོགས་རིས་དང་ཞེན་ཁོག སྒྲོ་འདོགས་དང་སྐུར་འདེབས། ཕྲག་དོག་དང་འགྲན་སེམས། སྐྱག་རྫུན་དང་ཧམ་བཤད་ཁོ་ནར་ཟད།
མདོར་ན་བོད་མི་རིགས་ལ་དགོས་ངེས་ཀྱི་ལེགས་ཆར་ས་རྡུལ་ཕྲ་མོ་ཙམ་ཞིག་ཡོད་པར་ནམ་ཡང་ཡིད་ཆེས་མི་ནུས་པའི་གནས་སུ་བསྐྱལ་སོང་། ད་དུང་དམར་སེར་གོས་ཀྱིས་བསྟིམས་པའི་གྲྭ་གཟུགས་དང་། མཐོན་པོའི་ཁྲི་ཐོག་འགྱིངས་པའི་སྤྲུལ་གཟུགས། ཐོབ་དང་གོ་གནས་ཅན་གྱི་དཔོན་གཟུགས། གཡོ་སྒྱུ་ཁྲམ་གསུམ་གྱི་གར་ལ་མཁས་པའི་སྤྱི་མིའི་མིང་ཅན་པ་དང་གཟུགས་ཅན་པ་ཁྱེད་ཅག་ནི་མི་རིགས་ཀྱི་དགྲ་བོའམ། ཡང་ན་མི་རིགས་མདུན་སྐྱོད་ཀྱི་བཀག་རྡོ་ངོ་མ་དེ་ཡིན་འདུག་པ་ཙམ་དུ་མ་ཟད། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ལའང་གནོད་ཚབས་ཆེ་བའི་སྤྱི་ཚོགས་ཀྱི་ཞབས་འདྲེན་ངོ་མ་དེའང་ཡིན།
ཡིན་ནའང་ཁྱོད་ཚོས་ངོ་གདོང་ལྕགས་འབག་མཐུག་པོ་དེའི་འོག་ནས་གཞན་སྐྱོན་ལས་རང་སྐྱོན་ནམ་ཡང་མཐོང་མི་སྲིད་ལ། ད་དུང་རང་ཉིད་ནི་འཇིག་རྟེན་བྱེད་པོ་ཡིན་པའི་རློམ་སེམས་དང་ང་རྒྱལ་གྱིས་སོ་སོའི་སྒོ་གསུམ་གྱི་བྱ་སྤྱོད་ཡིན་ཕྱིན་དག་པ་རབ་འབྱམས་འབའ་ཞིག་ཏུ་འཛིན་གྱིན་ཡོད།
མདོར་བསྡུས་ན་ངས་ཁྱེད་ཅག་ལ་སྙིང་ཉེ་བའི་སྒོ་ནས་ཅི་ཡང་སྨྲ་མི་འདོད་ལ་གང་ཡང་འབྲི་མི་འདོད། དེ་མིན་བདག་དང་ལྟ་སྤྱོད་མཐུན་པའི་གྲོགས་པོ་གྲོགས་མོ་རྣམས་དང་ལྷན་དུ་ཁ་མཚར་ཀུ་རེ་དང་། ཁ་རྩོད་ཚིག་རྩོད། གཞན་ཡང་ཕྱོགས་སུ་ལྷུང་ཞིང་རིས་སུ་མ་བོར་བའི་ཁོར་ཡུག་དང་། རང་སེམས་དང་མཐུན་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ལྷན་ཅིག་ཏུ་རོལ་འདོད་པ་དེ་ཁོ་ནའོ།།
དྲང་གཏམ་ཟེར་ན་དེ་རེད་།
གོང་ས་མཆོག་སྐུ་འཚོ་ཞུགས་སྐབས་ལ་ཕར་འཐེན་ཚུར་བདེན་འདི་འདྲ་འདུག་ན་གོང་ས་མཆོག་མ་ཞུགས་ཉིན་ནས་བོད་མི་ནང་ཁུལ་གསོད་རེས་བྱ་རྒྱུ་ཡིན་པ་གཏན་འཁེལ་ཚར་བ་རེད་རྒྱ་མིའི་མདུན་ལ་ངོ་ཡང་ཚ་།
ཡ་ཁོ་རེ་ཉོན་དང་ལྷ་རྒོད། འཇིག་རྟེན་ཁམས་ལ་སྐྱེས་ན་འཇིག་རྟེན་གྱི་གནས་ལུགས་ཤེས་དགོས་ལ། འཇིག་རྟེན་གྱི་འཐབ་རྩོད་འཁྲུག་ལོང་དག་ཀྱང་ཡོད་པར་རྟོགས་ལོས་དགོས། ཉིད་ཀྱིས་མོལ་བ་ལྟར། ཕྲག་དོག་དང་འགྲན་སེམས། ཞེན་ཁོག་དང་ཧམ་རྫུན། སྒྲོ་འདོགས་དང་སྐུར་འདེབས་སོགས་ནི་ཇི་སྲིད་མིའི་རྒྱུད་ཀྱི་ཉེས་སྤྱོད་མ་སྤངས་བར་དུ་ཡོད་ཡོད་ཡིན་ཅིང་། དེ་དག་ཡོད་ཚེ་སྐྱག་རྫུན་དང་ཕྱོགས་འཐེན་གྱི་འཐབ་རྩོད་རྣམས་ཀྱང་རང་ལ་ཐུག་གི་བར་དུ་ཡོད་ཡོད་རེད། སྲིད་པ་ཆགས་ནས་བཟུང་མིའི་རིགས་དང་། འགྲོ་བ་གཞན་གྱི་རིགས། མཐའ་ན་འབུ་སྲིན་གྱི་རིགས། དེ་དག་ཀུན་ལ་སྤྱི་སྙོམ་གྱིས་ཆག་འཇིག་དང་དར་རྒུད་སྣ་ཚོགས་བྱུང་སྟེ། རིན་ཐང་ཅན་གྱི་རིག་གནས་དང་། གྲགས་པ་ཅན་གྱི་མི་རིགས་མང་བོ་ཞིག་མིང་གི་ལྷག་མ་ཙམ་དུ་གྱུར་མྱངས་ཡོད་ལ། རིན་ཐང་དང་ཆེ་མཐོང་དབེན་པ་ཅི་མང་ཞིག་ད་ལྟ་ད་དུང་ཡང་ལྷག་ནས་ཡོད། དེའི་ཕྱིར། འཇིག་རྟེན་ན་འདི་ཡོད་དང་དེ་མི་འབྱུང་ཞེས་སུས་ཀྱང་རྒྱ་མི་ཐེབས་ལ་འགོག་ཏུ་མེད་པ་གནས་ལུགས་ཤིག་ཏུ་འཁུམས་ཡོད་ན། བྱ་བ་ག་གེ་མོ་ཞིག་དང་། གང་ཟག་ཆེ་གེ་མོ་ཞིག་ལ་བརྟེན་ནས་ཧ་ཅང་ཧང་སངས་ཤིང་ཧོན་འཐོར་ཏེ། སྙིང་རླུང་སྟོད་ལ་མ་འཚང་རོགས་ཞུ་ཞུ་ཞུ།
རྒན་ལགས་ལ་ཐུགས་ཁག་མིན་འདུག་སྐབས་རེ་རང་ཉིད་ལའང་དེ་འདྲའི་མྱོང་ཚོར་ཤུགས་ཆེན་པོ་ཡོང་གི་འདུག་་་་་་་་ཡང་བསམ་བློ་རྒྱ་ཆེ་ཙམ་དང་གུ་ཡངས་ས་ནས་བཏང་ན་ང་ཚོའི་སྤྱི་ཚོགས་དེའི་ནང་ཚང་མ་དེ་འདྲ་མིན་པར་ཤེས་ཡོན་དང་ལྷག་བསམ་གྱི་ཕྱུགས་པ་་་་་རྒྱལ་གཞེན་དང་སྙིང་སྟོབས་ཆེ་བ་་་་་་དྲང་བདེན་དང་ཤར་བསྐྱོད་ལ་འབད་མཁན་་་་་་་་མི་རིགས་དང་རིག་གཞུང་ལ་དགའ་བཞེན་་་་་་་བླ་སློབ་དབར་གྱི་དམ་ཚིག་སྲུང་མཁན་སོགས་ཀྱང་མང་པོ་ཡོད་པས་དེ་འདྲའི་ཡིད་གཞུམ་མ་གནང་རོག་གནང།