གངས་ལྷ་མོ། (ཨོ་གླིང་།)
སླར་བོད་མི་ཆིག་སྒྲིལ་ཚོགས་པར་བཅར་ནས་ཚོགས་གཙོ་གཞོན་གཉིས་གཙོས་སྤུན་ཟླ་ཚང་མར་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་གི་ཚབ་མཚོན་བུད་མེད་ཕུལ་བྱུང་གསུམ་གྱི་སྐོར་བསྡུས་ཙམ་ཞུས་ཡོད། ད་ང་རང་དགའ་སའི་བཙན་བྱོལ་ནང་གི་ཨ་མ་ཕྲེང་རིང་རིན་ཆེན་སྒྲོལ་མ་དང་རིན་ཆེན་མཁའ་འགྲོ་གཉིས་ཀྱི་སྐོར་བསྡུས་ཙམ་རེ་ཞུ་འདོད།
༡ ༽ ཕྲེང་རིང་རིན་ཆེན་སྒྲོལ་མ་བོད་ནས་ཕེབས་ཅིང་། བོད་ཀྱི་བུ་མོ། ཞེས་པའི་དེབ་ཅིག་བྲིས་ཡོད་པའི་ནང་ལོ་རྒྱུས་ཞིབ་ཕྲ་ཡོད་པ་རེད། ཁོང་མོ་བཙན་བྱོལ་དུ་བོད་ཀྱི་སློབ་གྲྭ་ཐོག་མ་བཙུགས་པའི་ནང་ཨིན་དགེ་དང་། གོང་ས་མཆོག་གིས་བཀའ་ལྟར་སློབ་མ་གསོ་སྐྱོང་སོགས་ཀྱི་ཐད་ཡ་རབས་སྤྱོད་བཟང་སོགས་སློབ་འཁྲིད་གནང་སྟངས་བཅས་ལ་བསྟོད་རའང་བཏང་མྱོང་འདུག ཕྲེང་རིང་རིན་ཆེན་སྒྲོལ་མས་མ་སུ་རིར་རྒན་གསོ་ཁང་བཞི་གསར་འཛུགས་ཀྱིས་རྒན་རབས་རྣམས་ལ་བདག་སྐྱོང་མཛད། རྡེ་ར་རྡུན་ར་ཇ་པུར་རྒན་གསོ་ཁང་གཅིག་བཙུགས་ནས་དེར་ལོ་བཅུ་བཞི་ཙམ་ཕོགས་དོད་སྣེ་གཅིག་མེད་པར་ཞབས་ཞུ་བསྒྲུབས། དེ་མིན་སྤྱི་འཐུས་སྐབས་གཉིས་ལས་ཁུར་ཞུས་མྱོང་། ར་ཇི་པུར་བུད་མེད་མཉམ་ལས་གསར་འཛུགས་ཀྱིས་ཚོགས་གཙོའི་འགན་བཞེས། བུད་མེད་ཀྱི་ལས་དོན་དང་འབྲེལ་འཁེལ་ཐག་དང་ཚོང་ཁང་། འཚེམ་བཟོ་ཁང་དང་ལས་མི་སྡོད་ཁང་། སྨན་ཁང་དང་མགྲོན་ཁང་སོགས་མི་ཚང་བརྒྱ་སྐོར་ལ་འཚོ་གནས་ཕུགས་འཕེལ་འཛུགས་བསྐྲུན་ཐད་ཕྱག་རོགས་གནང། ༧གོང་ས་མཆོག་གི་བཀའ་ལྟར་དབུས་བུད་མེད་ལྷན་ཚོགས་རྡ་སར་བཙུགས་རྗེས། ཕྲེང་རིང་རིན་ཆེན་སྒྲོལ་མ་རྡེ་ར་རྡུན་གྱི་བདེ་སྐྱིད་གླིང་། ཧར་སྤ་སྤུར། དོན་འགྲུབ་གླིང་། ར་ཇི་པུར་བཅས་ལ་ས་གནས་བུད་མེད་ལྷན་ཚོགས་གསར་འཛུགས་ཡར་རྒྱས་ཆེད་མཐུན་སྦྱོར་དང་ཕན་རོགས་རྒྱ་ཆེ་གནང་བར་བཅར་བ་བཅས་བྱས་རྗེས་ཅན་གྱི་བུད་མེད་ཅིག་ཡིན།
༢ ༽ རིན་ཆེན་མཁའ་འགྲོ་རྒྱ་གར་དུ་ཕེབས་རྗེས་མཐོ་སློབ་དུ་ཡོད་དུས་རྡོར་གླིང་ས་གནས་གཞོན་ནུ་རྒྱུན་ལས་དང་། མཐོ་སློབ་ཐོན་རྗེས་མ་སུ་རིར་དགེ་རྒན་བྱས་མྱོང་། དེ་རྗེས་དམག་སྒར་དུ་ཞུགས་ནས་བུ་མོའི་བརྒྱ་ཤོག་གི་དགེ་རྒན་དང་སློབ་སྟོན་པ་གནང་། བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་ཚོགས་གཙོ་དང་། ༡༩༨༧ ལོར་བཙུན་མའི་ལས་འཆར་གསར་འཛུགས་བསྐྱངས་ནས་དེའི་ངེས་སྟོན་པ་གནང་མུས། བཙུན་དགོན་སྒྲོལ་མ་གླིང་སློབ་གཉེར་ཁང་དང་ཤུགས་གསེབ་བཙོན་དགོན་གཉིས་གསར་བཞེངས་མཛད། བཙུན་མའི་ལས་འཆར་ཁོངས་བཙུན་མ་རྣམས་ཀྱི་ཆོས་བསླབ་པ་སློབ་གཉེར་ལ་རོགས་སྐྱོར་ཚད་ལྡན་གནང་། ༡༩༩༣ ལོར་བཀའ་བློན་འོས་འདེམས་བྱུང་། འོན་ཀྱང་དུས་མཚུངས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པར་བསྐོ་བཞག་གི་ཕྱག་ཡིག་གནང་དོན་ལྟར་མུ་མཐུད་དེ་གནང་། དེ་རྗེས་འཕྲོད་བསྟེན་བཀའ་བློན་དང་ནང་སྲིད་བཀའ་བློན་གནང་། ལས་རྒྱུན་རིང་ཤོས་ཤེས་རིག་བཀའ་བློན་གནང་རིང་སྒང་ཏོག་དང་རྡོ་རྗེ་གླིང་། སྤོག་ར་སྤོང་། ཅོང་ཏ་ར་སློབ་གྲྭ་བཅས་གསར་འཛུགས་བསྐྱངས། ༡༩༩༨ ལོར་ཁོང་མོར་རྒྱལ་སྤྱིའི་སྐྱབས་བཅོལ་བུད་མེད་དང་བྱིས་པའི་ལྷན་ཚོགས་ཀྱིས་ ( སྙིང་སྟོབས་ཀྱི་འབོད་སྒྲ ) ཞེས་པའི་གཟེངས་རྟགས་ཐོབ་མཁན་བོད་ཀྱི་བུད་མེད་ཐོག་མ་དེ་ཆགས་ཡོད།
དེ་མིན་དེང་ཕྱི་ནང་གང་སར་བོད་མོ་ཤེས་ཡོན་ཅན་དང་འཇོན་ཐང་ཅན། ལ་རྒྱ་དང་ལྷག་བསམ་ཅན་གང་འཚམ་ཡོད་ངེས་རེད་བསམ་གྱི་ཡོད། འདིར་བཀའ་ཟུར་རྒྱ་རི་སྒྲོལ་མའི་སྐོར་སྒེར་གྱི་ཤེས་རྟོགས་ཡོད་པའི་གནས་ཚུལ་དམིགས་བསལ་གཉིས་བཤད་འདོད་བྱུང་། དེ་སྔོན་རྒྱ་རི་སྒྲོལ་མ་ལགས་སྤྱི་འཐུས་ཡིན་དུས་སུ་སྦྲུམས་མའམ་ཕྲུ་གུ་ཡོད་དུས་ལས་འཇུག་གི་དཀའ་ངལ་བྱུང་། སྐབས་དེར་སྦྲུམས་མར་དགོས་ངེས་ཀྱི་ཁྲིམས་དང་སྒྲིག་གཞི་མེད་རྐྱེན་སྦྲུམས་མའི་ལུས་ཀྱི་གནས་སྟངས་དངོས་དེ་ཤེས་བཞིན་དུ་གང་ཟག་ངོས་ནས་གནས་སྟངས་དེར་སྡུག་རུས་རྒྱག་རྒྱུ་ལས་ཁྲིམས་དང་སྒྲིག་གཞི་ཡིས་དམིགས་བསལ་གྱིས་དེར་འགན་སྲུང་མེད་པའི་དུས་ཤིག་བྱུང་ཡོད་པ་རེད་འདུག
དེ་རྗེས་བཀའ་ཟུར་རྒྱ་རི་སྒྲོལ་མའི་གནས་སྟངས་དེས་སྦྲུམས་མའི་གནད་དོན་དེ་ཕྱིར་གསལ་པོ་མངོན་ཐུབ་པ་བྱུང་རྐྱེན་གྱིས་དེ་རྗེས་ཁྲིམས་སྒྲིག་ནང་སྦྲུམས་མ་རྣམས་ལ་དུས་བསྟུན་ངལ་གསོའི་དུས་ཚོད་གཏན་འབེབས་བྱུང་བའི་ལོ་རྒྱུས་ཀྱི་གོ་རིམ་ཞིག་བརྒྱུད་མྱོང་པའི་བུད་མེད་ཀྱི་གནས་སྟངས་དང་འབྲེལ་བའི་དཔེ་མཚོན་དམིགས་བསལ་བ་གཅིག་དེ་རེད།
དེ་རྗེས་ཕྱི་ལོ་ ༡༩༦༤ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེས་བཀའ་བཀོད་ཡོད་པའི་སྒོ་ནས་སྤྱི་འཐུས་གྲོས་ཚོགས་སུ་བུད་མེད་གཉིས་ཀྱི་ས་མིག་དམིགས་གཏན་བྱས་པའི་གནས་སྟངས་དེ་བྱུང་ཡོད་པ་རེད། ངས་འདི་ནས་གོང་གསལ་གྱི་གནས་ཚུལ་དེ་གཉིས་བགྲང་ནས་བོད་པའི་སྤྱི་ཚོགས་སུ་དངོས་ཡོད་ཀྱི་གནས་སྟངས་དེ་གཉིས་ལ་ཐག་གཅོད་བྱུང་བ་དང་དེའང་ཇུས་ནང་ཡོད་མཁན་གྱི་ངོས་ནས་གནས་སྟངས་དེ་དག་གསལ་ཁ་མ་བཟོས་པའམ་ཐོབ་ཐང་འདྲ་མཉམ་མ་གླེང་བ་ཡིན་ན། ཕྱོགས་གཞན་མང་པོ་ནས་དེར་སྣང་མེད་བཏང་བའམ་སྣང་མེད་ཤོར་སྲིད་པ་ནི་མངོན་སུམ་ཡིན་ཞེས་བཤད་འདོད་པ་ཡིན།
གཞན་དེའི་སྐོར་དཔེ་མཚོན་རེ་བཤད་ན། ཐོག་མར་ཕོ་མོ་གཉིས་ཀའི་བསམ་བློའི་ནང་འགྲོ་བ་མི་ཞིག་ཡིན་ཕྱིན། སྐྱེ་བོ་སུ་ཞིག་ཡིན་ཡང་རྗེས་འཇུག་ཏུ་གསོ་སྐྱོང་བྱེད་སྟངས་དང་དེ་གནས་སའི་ཁོར་ཡུག ཤེས་རིག་སློབ་སྦྱོང་གི་སྤུས་ཚད་བཅས་ཀྱིས་མི་གཤིས་ལ་འགྱུར་བར་རག་གཙོ་བོར་ལུས་པ་ལས། དེར་ཕོ་མོའི་དབྱེ་བ་བསྐོལ་ནས་མཐོ་དམན་དང་། ལེགས་ཉེས་འབྱེད་རྒྱུ་མེད་པའི་རྨང་གཞིའི་ཤེས་བྱ་དེ་ཚང་མའི་ཀླད་པར་ཡོད་པ་ཞིག་བྱ་དགོས་ཀྱི་འདུག་ཟེར་ནས་ཞུ་འདོད། དོན་དངོས་ཐོག་ང་ཚོས་བཤད་བཞིན་པའི་བརྗོད་གཞི་དེ་ནི་ཕོ་མོ་འདྲ་མཉམ་སྐོར་(Gender equality ) ཡིན་པ་ལས། བུད་མེད་རིང་ལུགས་པ་( Feminism)མིན་པ་དེའང་ཤེས་དགོས་པ་རེད། (འཛམ་བུ་གླིང་འདིར་གཡུལ་ཆེན་ཐེངས་གསུམ་བྱུང་ཚར་བ་དེ་ཚོས་བུད་མེད་ཀྱིས་བླངས་བཞག་པ་གཅིག་ཀྱང་མེད། དེ་ནི་ཞོར་འཕྲོས་ཙམ་ཡིན། ) དཔེ་མཚོན་བཀོད་ན། ཆུང་དུས་རང་རིགས་ཀྱི་ལམ་ལུགས་དང་གོམས་གཤིས་ཁག་ཅིག་གིས་ཕོ་མོ་གཉིས་ཀྱི་གནས་སྟངས་ལ་དབྱེ་འབྱེད་བྱེད་སྟངས་ཀྱི་ལུགས་ཤིག་ཆག་པར་བརྟེན། བུད་མེད་ཅིག་གིས་ཕོའི་བྱེད་ལས་འདྲ་བྱེད་ན་དེ་མ་འགྲིག་པའམ་དམའ་སར་ཕབ་ཐབས་བྱེད་སྟངས། གལ་ཏེ་ཕོ་ཞིག་གིས་བུད་མེད་ཀྱི་རྣམ་འགྱུར་དང་བྱེད་ལས་ལ་བྱང་བའམ་འབད་ན་དེའང་ཡ་མཚན་དངོས་བྱུང་ལྟ་བུའི་ཚུལ་གྱིས་དམའ་སར་ཕབ་ཅིང་ལུགས་མཐུན་མིན་ལུགས་འུར་བཤད་བྱེད་གང་ཐུབ་ཙམ་ལས། གཞན་འགྲོ་བ་མིའི་རིགས་ལ་གཅིག་མཚུངས་ཀྱི་ཤེས་རིག་གཙོས་བསླབ་བྱ་སློབ་གསོ་བྱེད་སྟངས་ཕྱོགས་ནི་ཧ་ཅང་ཚད་དམའ་པོ་རེད། དེའང་དམིགས་བསལ་དུ་བུད་མེད་རིགས་ལ་ང་ཚོའི་སྤྱི་ཚུགས་སུ་ཆོས་འཇིག་རྟེན་གཉིས་ཀས་མཐོང་ཆེན་པོ་སྤྲད་དགོས་ས་གཅིག་ལ་ངོས་འཛིན་གྱིས་མཐོང་སྤྲད་ཡོད་པའི་ཕྱོགས་དེའང་ཤེས་དགོས།
༧གོང་ས་མཆོག་གིས་བུད་མེད་ཚོར་རང་ཆས་སུ་བྱམས་དང་སྙིང་རྗེ་གཞན་ལས་ཆེ་ཚུལ། འཛམ་བུ་གླིང་འདིར་བཤད་བཞིན་པའི་ཞི་བདེ་དང་བརྩེ་བ་དགོས་ན་བུད་མེད་དབུ་འཁྲིད་མང་ཙམ་འབྱུང་ན་དགེ་མཚན་ཆེ་ཚུལ་གྱི་བཀའ་སློབ་གནང་མྱོང་བ་དང་། བོད་ཀྱི་དཔོན་པོས་བུད་མེད་ནི་གལ་འགངས་ཆེ་ལུགས་དང་ཕོ་མོ་གཉིས་འདྲ་མཉམ་དགོས་ལུགས་གསུངས། བོད་པའི་མཁས་པས་བུད་མེད་ནི་ཤེས་རབ་རང་བཞིན་མོ་ཞེས་ངོས་འཛིན་ཚུལ་བཅས་ཡོད་པ་རེད།
ང་ཚོའི་སྤྱི་ཚུགས་སུ་དཔེར་ན་བུད་མེད་ཀྱི་ས་གནས་འགོ་འཛིན་ཐོན་མཁན་དང་དགེ་རྒན་ཉུང་བའི་དཀའ་ངལ་བྱུང་བ་ལྟ་བུ་རེད། དེ་ཡིན་དུས་བུད་མེད་ཅིག་སྤྱི་ཚོགས་ཀྱི་དབང་ཆའི་སྡེངས་ཆར་ལང་ཡོང་དུས་བུད་མེད་སྤྱི་ཡོངས་ཀྱིས་དེར་རྒྱབ་སྐྱོར་མི་བྱེད་པར་སྔགས་པ་རེའི་སྒེར་གྱི་ལུགས་རེ་འཛིན་ཏེ་སོ་སོའི་ཌ་མ་རུ་རེ་དཀྲོལ་རྡུང་བྱེད་ནས་སྡོད་པ་ལས། བུད་མེད་སྤྱིའི་དངོས་ཡོད་གནས་སྟངས་ལ་བརྟེན་ནས་ཚང་མས་མཉམ་རུབ་ཀྱིས་བུད་མེད་ཀྱི་དམིགས་དཔེ་བཟང་པོ་དང་། བུད་མེད་སྤྱི་ཡོངས་ལ་དགོས་ངེས་ཀྱི་ཁེ་ཕན་དང་བུད་མེད་སྤྱི་ཡོངས་ལ་དགོས་པའི་འདྲ་མཉམ་གྱི་ཐོབ་ཐང་ལ་འབད་བརྩོན་མི་བྱེད་པ་དེས་བུད་མེད་སྤྱི་ཡོངས་ཀྱི་བསམ་བློའི་སྤུས་ཚད་མ་རྨིན་པའི་ཕྱོགས་གཅིག་མཚོན་ཡོད་པ་རེད་སྙམ།
ང་ཚོའི་སྤྱི་ཚོགས་སུ་བུད་མེད་ཕུལ་བྱུང་མའང་བུད་མེད་བཟང་མོ་རེ་ཕྱིར་མངོན་ཡོང་དུས། ཁ་མང་པོས་བུད་མེད་དེའི་ཕྱི་ཚུལ་ནས་གཙོ་བཟུང་གིས་གླེང་འདོད་ཆེན་པོ་བྱེད་པ་ལས། བུད་མེད་དེས་ལོ་མང་རིང་ཧུར་བརྩོན་བྱས་པའི་བརྒྱུད་རིམ། བུད་མེད་དེས་བྱ་བ་བཟང་པོ་ཇི་ཙམ་བསྒྲུབས་ཡོད་མེད། བུད་མེད་དེས་སྤྱི་ཚོགས་འདི་དང་། བོད་པའི་ཁྱིམ་ཚང་དང་ཁྱིམ་མིའི་ནང་བདག་མོ་དང་བཟའ་ཟླ་མོ། ཨ་མ་དང་མནའ་མ། དམིགས་བསལ་དུ་དབུ་འཁྲིད་མ་བཅས་ཀྱི་ངོ་བོ་མང་པོ་ཡོད་པ་དེའི་ནང་ནས་ངོ་བོ་རེ་ཡིས་ཀྱང་ང་ཚོའི་མི་རིགས་སྤྱི་ཡོངས་ལ་བདེ་སྐྱིད་སྐྲུན་ཐབས་བྱས་དང་བྱེད་བཞིན་པར་སྣང་ཆུང་གི་ལྟ་བའམ་ལུགས་སྲོལ་ངན་པ་ཞིག་ཡོད་པ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད།
དེ་ནས་སྐྱེས་པ་ཕོ་ཞིག་གིས་བྱས་རྗེས་བཞག་སོང་ན་དེ་ལ་འུར་བསྟོད་རྫོགས་མཐའ་མེད་པ་ཞིག་བྱེད་སྲིད་པ་ལས། བུད་མེད་ཅིག་གིས་བྱས་རྗེས་བཞག་སོང་ན་དེ་ལ་བསྟོད་རྒྱུའི་ཚབ་ཏུ་དམོད་ར་གཏོང་རྒྱུའམ་མཐོང་ཆུང་གཙོ་བཟུང་བྱེད་པ་དེ་ད་དུང་ཡང་སྤྱི་ཚོགས་ཀྱི་ཟ་དང་ཟུར་ནས་ལྷག་ཡོད་པའི་རུལ་སྲུངས་ཀྱི་ཕྱོགས་རེད་ཟེར་རྒྱུ་ཡིན།
མདོར་ན། ད་ཐེངས་བཀའ་ཟུར་རྒྱ་རི་སྒྲོལ་མ་སྲིད་སྐྱོང་ལང་བ་ཙམ་གྱིས་བློ་གཟུར་བོར་གནས་མཁན་སྐྱ་སེར་ཕོ་མོ་རྒན་གཞན་ཡོངས་ཀྱིས་སེམས་ཁོངས་རུས་པའི་གསེང་ནས་ཁོང་མོར་བརྩི་བཀུར་ཞུ་དགོས་པ་ཞིག་ཆག་ཡོད་ལ། དེ་མིན་བོད་པའི་སྤྱི་ཚོགས་སུའང་བུད་མེད་ཁོང་མོ་འདྲ་བ་ཞིག་གིས་དེ་སྔོན་གྱི་ལོ་རྒྱུས་ནང་གཞན་དང་གཅིག་མཚུངས་ཀྱིས་ཧུར་བརྩོན་བྱས་པའི་རྗེས་ཤུལ། གཞན་དང་མི་འདྲ་བའི་སྒོ་ནས་སོ་སོའི་མི་རིགས་འདིར་བཅང་པའི་ལ་རྒྱ་དེ་མཇུག་སྐྱོང་མཐའ་བསྐྱེལ་བྱས་ཡོད་པ་བཅས་ལའང་གོང་བཀུར་དགོས་པ་ཞིག་ཆག་ཡོད། ད་ལྟའི་ཆར་འོས་མི་ཚོས་ལས་ཐོག་བཀའ་ཤག་གི་བཟང་པོའི་བྱེད་སྒོ་ཁག་མཇུག་སྐྱོང་སྒོ་ནས་སྒྲིག་འཛུགས་ཚགས་ཚུབ་གཏོང་རྒྱུ་དང་། རྒྱལ་སྤྱིར་བོད་དོན་བསྒྲགས་ནས་བོད་དོན་ལ་རོགས་འདེགས་ཡོང་ཐབས་བཅས་སྔ་མཚུངས་ཀྱི་གནས་སྟངས་འོག་གནས་རྒྱུ་གཙོ་བོ་ཡིན་པ་ལས། དབུ་རང་གཉིས་ཀའི་ལངས་ཕྱོགས་སྐོར་ཐབས་ཤེས་དམིགས་བསལ་བའམ་ནུས་ཅན་ཁྱད་དུ་འཕགས་པ་འདྲ་གསར་བཏོན་བྱེད་རྒྱུ་མེད་པ་དེ་གསལ་པོ་རེད་བསམ་གྱི་འདུག འོས་མི་ཚང་མའི་རྒྱབ་ལྗོངས་སྤྱི་མཚུངས་ཀྱི་གནས་སྟངས་འོག་ང་ཚོས་འདིར༧གོང་ས་མཆོག་ཞལ་ཞུགས་ཀྱི་བསྐལ་བཟང་དུས་འདིར་ནུབ་ཕྱོགས་པའི་ཤེས་བྱ་སློབ་སྦྱོང་ཐོབ་མྱོང་བའི་གཞོན་དར་ཞིག་གིས་དབུ་འཁྲིད་ཀྱི་འགན་འཁྱེར་བའི་སྒོ་བསྐལ་བྱུང་བ་རེད་ལ། དེ་བཞིན་མ་འོངས་པར་བུད་མེད་ཅིག་གིས་ཆེས་མཐོའི་དབུ་འཁྲིད་ཀྱི་སྡེངས་ཆར་སླེབས་ཐུབ་པ་འབྱུང་ན་མཐོ་བླ་མ་ཐུགས་བསྙེས་པའི་རྒྱུ་རུ་འགྲོ་རྒྱུ་དང་། བོད་མི་དམངས་ངོས་ནས་ཀྱང་དེར་སྤོབས་པ་དང་སེམས་ཤུགས་སྐྱེ་བའི་རྒྱུ་རུ་ངེས་པས་ཚང་མས་བསམ་བློ་རེ་གཏོང་ཐུབ་པའི་རེ་བ་བཅང་ཡོད་ལགས།
དེ་ནས་ཚང་མར་བཀྲིས་བདེ་ལེགས་ཞུ།
་་་་་་་་་་་ དེ་བཞིན་མ་འོངས་པར་བུད་མེད་ཅིག་གིས་ཆེས་མཐོའི་དབུ་འཁྲིད་ཀྱི་སྡེངས་ཆར་སླེབས་ཐུབ་པ་འབྱུང་ན་མཐོ་བླ་མ་ཐུགས་བསྙེས་པའི་རྒྱུ་རུ་འགྲོ་རྒྱུ་དང་། བོད་མི་དམངས་ངོས་ནས་ཀྱང་དེར་སྤོབས་པ་དང་སེམས་ཤུགས་སྐྱེ་བའི་རྒྱུ་རུ་ངེས་པས་ཚང་མས་བསམ་བློ་རེ་གཏོང་ཐུབ་པའི་རེ་བ་བཅང་ཡོད་ལགས། ་་་་་་་་་་་་
གནས་ལུགས་གག་ཡང་མཐོང་མ་སོང་།
སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བ་ཡོད་པ་ཅང་མཐོང་མ་སོང་ལ་གཞུང་ཞབས་བྱས་རྗེས་ཅན་གྱི་ལོ་རྒྱུས་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ།
ལགས་རེད། བཙན་བྱོལ་ནང་ལ། ༸རྒྱལ་ཡུམ་ཆེན་མོ་མཆོག་དང་། ཨ་མ་ཕྲེང་རེང་རིན་ཆེན་སྒྲོལ་མ་དང་། ༸སྐུའི་གཅེན་མོ་དང་། ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་དང་། ༸སྐུའི་གཅུང་པོ་མངའ་རི་རིན་པོ་ཆེའི་གསང་ཡུམ་ཨ་མ་རིན་ཆེན་མཁའ་འགྲོ་དང་། ད་ལྟའི་སྲིད་སྐྱོང་བཞེསང་བཞིན་པ་བཀའ་ཟུར་རྒྱ་རི་སྒྲོལ་མ་སོགས་ནི་གླེང་རིན་ཆོག་བུད་མེད་ནང་ལ་བརྩི་བཀུར་ཞུ་འོས་དང་། རྒྱལ་གཅེས་དཔའ་མོ་དང་། ལས་བྱེད་བྱས་རྗེས་ཅན་ཤ་སྟགས་རེད་དོ། །ད་དུང་ཨ་མ་དང་། ཨ་ཅག བུ་མོ་་་་་་་་ སོགས་ཀྱི་ལོ་རྒྱུས་་་་་་་་་་་་
ཆོས་ཕྱོགས་ནས་ཆ་ནས། བྱེས་འབྱོར་བུད་མེད་ནང་གི་མཁའ་འགྲོ་མའམ། མཁའ་འགྲོ་མ་ལྟ་བུའི་བུད་མེད་ཅིག་ནི། བཙན་བྱོལ་དུ་འཁྱུག་ཙམ་ཕེབས་པའི་བསམ་ལྡིང་རྡོ་རྗེ་ཕག་མོ། འཇམ་དབྱངས་མཁྱེན་བརྩེ་བློ་གྲོས་ཀྱི་གསང་ཡུམ་ཚེ་རིང་ཆོས་སྒྲོན་ལགས་དང་། བདག་གི་རྩ་བའི་བླ་མ་དིལ་མགོ་མཁྱེན་བརྩེ་རིན་པོ་མཆོག་གི་གསང་ཡུམ་མཆོག་དང་། བདུད་འཇོམས་རིན་པོ་ཆེ་དང་། བྱ་བྲལ་རིན་པོ་ཆེ་རྣམ་གཉིས་ཀྱི་གསང་ཡུམ་རྣམ་གཉིས་དང་། ས་སྐྱ་༸གོང་མ་རིན་པོ་ཆེ་སྒྲོལ་མ་ཕོ་བྲང་དང་། ཕུན་ཚོགས་རྣམ་གཉིས་ཀྱི་གསང་ཡུམ་རྣམ་གཉིས་དང་། དེ་མིན་མཁའ་འགྲོ་མ་དང་། རྣལ་འབྱོར་མ་དང། དགེ་བཤེས་མ་དང་། དགེ་རྒན་མ་སོགས་་་་་་ མང་པོ་་་་་ཡོད་ཆོག་གོ།