གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། (ལྡི་ལི་མཐོ་སློབ།)
དེ་རིང་དྲ་གྲོགས་ཚོས་རྩོམ་ཡིག་འདིའི་མགོ་ནས་ཐིག་ཕྲེང་ཁ་ཤས་ཀློག་ཚེ་། ལྟས་ངན་འདི་ཡང་སྙིང་ཅི་ཞིག་བཤད་ཀྱིན་ཡོད་དམ་སྙམ་པའི་དོགས་པ་སློང་སྲིད་ལ་ཡང་ན་མཐོ་སློབ་ཀྱི་གསར་བུ་ཆ་མེད་དེ་དུས་ཚོད་ཀྱི་ཁོམ་པ་ཡོད་ཚད་ལ་གླེན་གཏམ་རྐྱང་རྐྱང་ཞིག་བཤད་ནས་འདུག་གིི་ཡོད་ས་རེད་སྙམ་པའི་ཚོར་སྣང་བྱུང་སྲིད་མོད། འོན་ཀྱང་དེང་རབས་ཚན་རིག་དང་ཚོང་འབྲེལ་གྱི་རླུང་རྟ་ཡར་ལ་དར་བཞིན་པའི་འཇིག་རྟེན་འདི་ནང་དུ་སྲོ་མ་ར་ཛ་ཞེས་པའི་རྩྭ་(cannabis or marijuana)འདི་ནི་མི་ཞིག་དང་ཡང་ན་ཚོགས་པ་ཞིག་གི་དཔལ་འབྱོར་གསོག་སྒྲུབ་དང་ཨ་སྒོར་ཐེར་འབུམ་མང་པོའི་མ་རྩ་འཕེལ་རྒྱས་གཏོང་རྒྱུ་ཡི་མེད་དུ་མེད་རུང་བའི་མན་ངག་དང་མགྱོགས་ལམ་ལྟ་བུ་ཞིག་ལ་འགྱུར་འདུག འདིར་རྩ་འདི་སྐོར་འདི་ལྟ་བུའི་དོ་སྣང་ཟབ་གནན་དང་བརྩོན་སེམས་ཆེན་པོའི་རྒྱུས་ལོན་བྱེད་དགོས་པའི་རྒྱུ་མཚན་ཡང་འཛམ་གླིང་གྱི་ཚོང་འབྲེལ་(འདིེར་ཚོང་འབྲེལ་ཞེས་པ་ནག་ཚོང་ལ་གོ།)ཁོ་ན་ཙམ་གྱི་རིན་ཐང་ལ་བལྟས་ནས་མ་ཡིན་པར་ད་ལྟ་ང་ཚོ་བཙན་བྱོལ་གྱི་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་ནང་དུ་ཚོང་ལས་ཆུང་ཆུང་འདྲ་གཉེར་ནས་སྡོད་མཁན་གྱི་བོད་རིགས་དར་མ་དང་ན་གཞོན། ད་དུང་མཐོ་སློབ་ནང་སློབ་གཉེར་བྱེད་བཞིན་པའི་བོད་རིགས་གཞོན་སྐྱེས་གསར་བུ་གསར་མོ་གང་མང་ཞིག་གིས་རྩྭ་དུག་དེ་བཟི་ཁ་དང་ཚོར་ཤུགས་ཁོ་ན་ཙམ་ལ་མགོ་བོ་འཐོམ་ནས་དེའི་གནོད་སྐྱོོན་དང་མཇུག་འབྲས་སྐོར་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པས་ཉེ་སྔོན་ཁོ་བས་དུས་ཚོད་
ནམ་ཁོམ་ལ་རྩྭ་འདི་སྐོར་སློབ་སྦྱོང་དང་རྒྱུས་ལོན་བྱས་པའི་ཟིན་བྲིས་ཐོར་བུ་ཞིག་འདིར་གལ་པོ་ཆེ་ལ་ནན་གཏན་གྱི་ཚུལ་དུ་འདིར་བཀོད་རྒྱུ་ཡིན།
སྲོ་མ་ར་ཛའི་བྱུང་རབས་དང་ཁྱབ་ཚད་བཤད་པ།
ཉེ་ལམ་སྲོ་མ་ར་ཛ་ཞེས་པའི་རྩ་དེའི་སྐོར་དཔེ་དེབ་དང་དྲ་རྒྱ་ཁག་འདྲ་མིན་ནས་རྒྱུས་ལོན་བྱས་པ་བརྒྱུད་རྩྭ་འདི་ནི་སྤྱིེར་བཏང་གི་རྩ་དཀྱུས་མ་ལྟ་བུ་ཞིག་མ་ཡིན་པར་འདིར་རྒྱ་གར་གནའ་རབས་ཀྱི་ལོ་རྒྱུས་བང་འཛོད་ཁྲོད་དུ་གོ་ས་གལ་ཆེན་ཞིག་འཛིན་ཡོད་ལ་ལྷག་པར་དུ་ལྷ་དབང་ཕྱུག་གི་རྗེས་འབྲངས་པ་དང་གྲུབ་ཐོབ་ཚོས་རྩྭ་འདི་ནི་ལྷ་དབང་ཕྱུག་གི་བྱིན་བརླབས་དང་བདུད་བརྩི་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ནས་འོ་མ་དང་མཉམ་དུ་ཤིང་འབྲས་ཨལ་མོལ་(Almonds) དང་རྒྱ་སེ་མེ་ཏོག་གི་ཉིང་བཅུད་སོགས་སྲེས་ནས་སྦང་(bhang) ཞེས་པ་དེ་བཏུང་སྲོལ་ཡོད། ད་ལྟ་བོད་ཡིག་གི་ཚོག་མཛོད་ཁག་མང་པོ་ཞིག་གི་ནང་རྩྭ་འདིའི་སྐོར་ལ་གནས་ཚུལ་རྒྱས་པ་གང་ཡང་བཀོད་མི་འདུག་ནའང་ཚིག་མཛོད་ཁག་ཅིག་གི་ནང་“སོ་མ་ར་ཛ་”དང་ཡང་ཁག་ཅིག་གི་ནང་ “སྲོ་མ་ར་ཛ་”ཞེས་བྲིས་འདུག་པས་འདིར་ཁོ་བོས་སྲོ་མ་ར་ཛ་ཞེས་བྲིས་ཡོད། རྒྱ་གར་གྱི་གྲུབ་ཆེན་དང་རྣལ་འབྱོར་བ་ཚོས་རྩ་དེ་གང་ཙམ་ཕྱེ་མར་འཐག་ནས་དུ་བ་རྔུབ་བྱེད་ཀྱི་གང་ཟག་ནང་བླུགས་ཏེ་ལྕི་ལམ་(chillum)ཞེས་པ་དེ་འཐེན་སྲོལ་ཡོད་པ་དང་། ཁོ་ཚོས་ལྕི་ལམ་འཐེན་པའི་སྐབས་ “རྩྭ་དེ་དང་ལྷ་མོ་གང་གཱ་གཉིས་འཇིག་རྟེན་མགོན་པོ་ལྷ་དབང་ཕྱུག་གི་རལ་པའི་གསེང་ན་གནས་ཡོད་”ཅེས་ཆོས་ཀྱི་དབྱངས་རྟ་སྙན་པོ་ཞིག་འདོན་སྲོལ་ཡོད་ཅིང་ཁོ་ཚོའི་དེ་ལྟར་འཐེན་དགོས་པའི་རྒྱུ་མཚན་ཡང་སྒོམ་སྒྲུབ་ཉམས་ལེན་བྱེད་པའི་སྐབས་སུ་སེམས་ཞི་བར་གནས་ཐུབ་པའི་དགེ་མཚན་དང་ཆོས་ཀྱི་མགུར་
དབྱངས་ངག་འཇམ་པོའི་ཐོག་ནས་འདོན་ཐུབ་པའི་ཆེད་དུ་ཡིན་འདུག ད་ལྟ་བོད་པའི་རྩྭ་དེར་སྲོ་མ་ར་ཛ་ཞེས་པའི་ཐ་སྙད་འདོགས་སྟངས་ཀྱི་ཐད་ནས་བལྟས་ན་གནའ་བོའི་རྒྱ་གར་གྱི་ཧིན་རྡུའི་དཔེ་ཆའི་(Rig veda)ནང་དུའང་རྩྭ་དེར་སྲོ་མ་(soma)ཞེས་པའི་བརྡ་རྙིང་ཞིག་བེད་སྤྱོད་བྱས་འདུག་པས་ཕན་ཚུན་ཅུང་ཙམ་གཅིག་མཚུངས་སུ་སྣང་ན་ཡང་བོད་ལ་རྩྭ་འདི་འདི་ཙམ་གྱི་དར་ཁྱབ་ཕྱིན་མེད་པ་འདྲ། སྲོ་མ་ར་ཛ་ཡག་ཤོས་གྲས་སམ་རྩྭ་མོ་དེ་ལ་ཀ་ལི་(kali) ཞེས་ཟེར་ཞིང་སྔོན་མ་དབྱིན་ཇིའི་མངའ་འོག་ལ་ཡོད་པའི་རྒྱལ་ཁབ་འབར་མ་དང་ཕི་ལི་པཡན་(Philippines) ད་དུང་བེང་ཀོག་སོགས་ལ་ཁྱབ་སྤེལ་ཕྱིན་ཡོད་ཅིང་འཛམ་གླིང་ནང་རྩྭ་འདི་ཐོན་ཁུངས་ཀྱི་རྒྱལ་ཁབ་ཆེ་གྲས་ཨབ་གྷ་ནི་སི་ཐན་དང་ཨ་རི། ཁེ་ན་ཊ། རྒྱ་གར། རྒྱ་ནག མེག་སི་ཁོོ། འབར་མ། འཇར་མ་ནི། ཧོ་ལེན་ཊ་དང་ཇ་མེ་ཀ་སོགས་ཤུགས་ཆེན་པོ་ཁྱབ་བརྡལ་ཕྱིན་ཡོད་པ་རེད།
ཚན་རིག་གི་འགྲེལ་བཤད་དང་ནུས་ཤུགས།
སྐྱེས་དངོས་རིག་པའི་གཞུང་ལུགས་ནང་རྩྭ་འདི་མེ་ཏོག་གི་ཁོངས་སུ་གཏོགས་ཅིང་ལོ་རྒྱུས་ནང་འཛམ་གླིང་གི་ཚན་རིག་པ་གྲགས་ཆེན་དང་སྨན་པ་སྐད་གྲགས་ཅན་ཚོས་རྩྭ་འདི་ཉིད་ཕོ་སྐྲན་བྱུང་བའི་ནད་པ་དང་ཁ་ལག་ཡག་པོ་བཟའ་མི་ཐུབ་མཁན། མིག་གི་ནུས་ཤུགས་ཉམས་པའི་ནད་པ། ད་དུང་རེག་དུག་གི་ན་ཚ་ཡོད་པའི་མི་དང་ཟུག་གཟེར་སེལ་ཐབས་ལ་བདེ་སྤྱོད་བྱེད་ཀྱིན་ཡོད། སྨན་རྫས་རིག་པའི་གཞུང་ལུགས་ནང་རྩྭ་འདིར་འདུས་རྫས་ ༡༤༨ ཙམ་ཡོད་པའི་(Tetrahydrocannabinol) THC ཞེས་པའི་བཟི་སྨན་དེ་ཡོད་པས་ཁྱེད་རང་རྩྭ་འདི་འཐེན་པའི་སྐབས་ལུས་སེམས་ཀྱི་བདེ་ཚོར་འཕེལ་ཞིང་གཟུགས་པོར་ངལ་གསོ་ཡག་པོ་ཐེབས་པ་དང་ཟ་མ་ཡག་པོ་བཟའ་ཐུབ་པའི་དགེ་མཚན་ལྡན་འདུག ཡ་མཚན་དགོས་པའི་དོན་གཞན་ཞིག་ནི་རྩྭ་འདི་འཐེན་མཁན་གྱི་མི་ཁག་ཅིག་བགད་མོ་དབང་མེད་དུ་ཤོར་བ་དང་དེ་ཉིད་ལོངས་སྤྱོད་བྱེད་མཁན་གྱི་མི་རྣམས་དྲན་པ་རིམ་བཞིན་ཉམས་དམས་སུ་ཕྱིན་པ་དང་ཁ་མྱུར་དུ་སྐམ་པ། མིག་རྩ་དམར་པོར་འགྱུར་བ། འཁྲུལ་སྣང་ཅན་གྱི་སྨྱོ་ནད་(paranoia) དང་སེམས་འཚབ་ལངས་རྒྱུ་མང་བའི་སྐྱོན་སོགས་མཆིས། ཉེ་སྔོན་ཨ་རི་གཞུང་གི་སྨན་རྫས་ཞིབ་འཇུག་ཚན་པའི་བརྟག་དཔྱད་བྱས་པ་བརྒྱུད་ལོ་གཅིག་ལ་ཉུང་མཐར་རྩྭ་འདི་འཛམ་གླིང་ནང་བེད་སྤྱོད་བྱེད་མཁན་གྱི་ལོ་ན་བཅོ་བརྒྱད་སོན་པའི་གཞོན་སྐྱེས་ས་ཡ་ ༡༦༢ ཙམ་ཡོད་པ་དང་ཉིན་གཅིག་ལ་བེད་སྤྱོད་བྱེད་མཁན་ས་ཡ་༢༢.༥ ཙམ་ཡོད་འདུག འདི་སྔོན་ཨ་རི་ཚུད་པའི་རྒྱལ་ཁབ་ཡར་ཐོན་ཅན་ཀེ་ན་ཊ་དང་འཇར་མ་ནི། ཧོ་ལེན་ཊ། དབྱིན་ཡུལ་སོགས་ལ་རྩྭ་འདི་ཉིད་སྨན་རྫས་ཀྱི་ཚུལ་དུ་ཉོ་བཙོང་བྱེད་ཆོག་པ་མ་གཏོགས་གཞུང་ངོས་ནས་ཆོག་མཆན་སོགས་གང་ཡང་མེད་ལ་རྒྱ་གར་ལྟ་བུར་ཆ་བཞག་ན་ཡང་རྩྭ་འཐེན་མཁན་གྱི་གྲངས་འབོར་ཕལ་ཆེ་བ་ཞིག་མ་ན་ལི་དང་ཧི་མ་ལ་ཅལ་མངའ་སྡེ་ཁུལ་དང་གྲོང་འཁྱེར་སོགས་ལ་མང་བ་ཡོད།
གོང་ཚད་དང་གཞུང་གི་བཀག་སྡོམ།
སྤྱི་ལོ་ ༡༩༠༦ ལོར་ཨ་རི་གཞུང་གིས་རྩྭ་འདི་ཡིས་ཚོང་འབྲེལ་དང་ལོངས་སྤྱོད་བྱེད་མཁན་གྱི་གྲངས་འབོར་རིམ་བཞིན་འཕེལ་རྒྱས་འགྲོ་གིན་ཡོད་པའི་ཉེར་ལེན་ལ་བརྟེན་ནས་འདི་ཉིད་ཚོང་རྫས་བྱེད་མི་ཆོག་པའི་བཀའ་རྒྱ་ཕབ་ཡོད་ལ་དེ་ནས་རྒྱལ་ཁབ་ཇ་མེ་ཀ་(jamiaca) དང་(New Zealand) ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ནང་ལ་ཡང་རྩྭ་དེ་འཐེན་མི་ཆོག་པ་དང་ཉོ་བཙོང་བྱེད་མི་ཆོག་པའི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་བཟོད་བསྲན་བྱེད་དཀའ་བའི་སྨན་རྫས་འདི་ཉིད་ད་ལྟ་རྒྱལ་སྤྱི་ཡི་ཡུལ་གྲུ་ཕལ་ཆེ་བར་ནག་ཚོང་བརྒྱུད་ཨ་སྒོར་ཐེར་འབུམ་ ༣༦ ཙམ་གྱི་ཡུལ་ཐང་ཡོད་ལ། གྷ་རམ་གཅིག་ལ་ཨ་སྒོར་༡༠ ནས་༡༥ བར་དང་ཡོ་སྒོར་༢ ནས་༢༠ ཙམ་བྱེད་ཀྱིན་ཡོད། ཉིས་སྟོང་བཅིུས་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ “གོ་ལའི་བཟི་སྨན་གྱི་སྙན་ཐོ་”ཞེས་པ་འདི་ནང་སྲོ་མ་ར་ཛ་ནི་ཉིས་སྟོང་བཅུའི་ལོ་དུས་ནས་འཛམ་གླིང་ནང་ནག་ཚོང་ཆེ་ཤོས་ཤིག་གི་གྲས་དང་དེ་ལོངས་སུ་སྤྱོད་མཁན་གྱི་མི་རིགས་གྲངས་འབོར་ས་ཡ་༡༡༩ ནས་༢༢༤ བར་ཟིན་ཡོད་པའི་སྡོམ་ཚིག་བཀོད་ཡོད།
སྐྱོན་ཡོན་དང་གཞུང་གི་བཀག་སྡོམ་ལས་ཐར་བ།
རྒྱལ་ཁབ་གང་མང་ཞིག་གིས་རྩྭ་འདིར་དམ་དྲག་ཤུགས་ཆེན་པོ་བྱས་པའི་རྐྱེན་གྱིས་སྨན་པ་དང་ཞིབ་འཇུག་ཚན་པ་མང་པོ་ཞིག་ལ་འདི་ཉིད་མཁོ་སྤྲོད་དང་བརྟག་དཔྱད་བྱ་རྒྱུ་ཐད་ལ་དཀའ་ངལ་སྣ་མང་ཞིག་ཕྲད་ཡོད་པ་དང་རྩྭ་འདི་ཡི་ཕུགས་རྒྱང་རིང་པོའི་གནོད་འཚེ་སྐོར་ལ་མདོ་ཙམ་བཤད་ན་སྙིང་གི་ན་ཚ་ལངས་པ་དང་དབུགས་འབྱིན་རྔུབ་བྱ་རྒྱུའི་མ་ལག་རྣམས་སྐྱོན་ཤོར་བ། སེམས་ངལ་བྱུང་བ། མི་རྣམ་དཔྱོད་དང་ལུས་སེམས་ཤེས་གསུམ་ཉམས་རྒུད་ཕྱིན་པ། ད་དུང་སྨྱོ་ནད་ཕོག་པ་སོགས་ཀྱི་སྐྱོན་གང་མང་ཞིག་འདུག ཁོ་བོ་བོད་ཀྱི་སྨན་རྩིས་དང་གསོ་བ་རིག་པའི་གཞུང་ལུགས་འདི་ཙམ་མི་ཤེས་ཀྱང་འདི་སྔོན་ཉི་ཟླ་ལྕེ་ནག་ཚང་ལ་རྩྭ་འདི་སྐོར་སྐད་ཆ་དྲིས་དུས་ཁོང་གིས་རྩྭ་འདི་རླུང་ཁ་གནོན་པ་དང་སྙིང་རླུང་དང་ཟུག་གཅོག་ལ་གཉིད་ཡེར་བ་སོགས་ལ་ཕན་ཐོགས་ཡོད་པ་དང་མང་དྲགས་ན་བད་ཀན་འཕེལ་ཞིང་བློ་རྨོངས་པར་བྱེད་ཅེས་གསུངས་སོང་། ཁྱད་མཚར་བ་ཞིག་ལ་རྩྭ་འདི་འཐེན་མཁན་མི་རྣམས་དུས་རྒྱུན་ཧ་ཅང་རྒྱགས་པའི་རང་བཞིན་གྱི་ན་ཚ་(obesity) བྱུང་མཁན་ཉུང་ཉུང་རེད་འདུག
སྟོང་ལོ་བཅུ་གཉིས་ལོར་འཛམ་གླིང་ཚན་རིག་གཙུག་ལག་སློབ་གཉེར་ཁང་ཞིག་གི་བརྟག་དཔྱད་བྱས་པ་བརྒྱུད་གལ་ཏེ་ལོ་ན་ ༡༨ མ་སོན་པའི་མི་ཞིག་གིས་རྩྭ་དེ་འཐེན་པ་ཡིན་ན་གང་དེའི་ཀླད་པའི་ཚོར་ཤུགས་དང་དྲན་ཤེས། རྣམ་དཔྱོད་རྣམས་ལ་སྐྱོན་ཆེན་པོ་ཐེབས་པ་དང་ལོ་ན་༡༨ སོན་ཚར་བའི་མི་རྣམས་ལ་འདི་ཙམ་གྱི་སྐྱོན་ཆེན་པོ་ཡོང་གི་མེད་པའིི་འགྲེལ་བཤད་རྒྱག་འདུག དེང་སྐབས་འཛམ་གླིང་ནང་སྲོ་མ་ར་ཛ་འཐེན་མཁན་དང་ལོངས་སུ་སྤྱོད་མཁན་གྱི་གྲངས་འབོར་ཉིན་ནས་ཉིན་བསྟུད་མར་མང་དུ་འགྲོ་ཀྱིན་ཡོད་པའི་གནས་སྟངས་ལ་བརྟེན་ནས་སྤྱི་ལོ་༢༠༡༢ ལོའི་ཟླ་༡༢ པའི་ཚེས་ ༦ ཉིན་ལ་ཨ་རི་གཞུང་གིས་འདི་ཉིད་བེད་སྤྱོད་བྱ་རྒྱུ་ཐད་ཁྲིམས་མཐུན་གྱི་ཆོག་མཆན་སྤྲད་ཡོད་ལ་ཉིས་སྟོང་བཅུ་གསུམ་ལོར་(Colorado)གྲོང་འཁྱེར་ནང་དངོས་སུ་མི་ཚོགས་འཛོམས་སར་འཐེན་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་གཏན་འབེབས་བྱས་ཡོད། དེ་མིན་གཞན་ཀེ་ལི་ཕོ་ནི་ཡ་གྲོང་འཁྱེར་དང་ཧོ་ལེན་ཊ་(Netherland) གྱི་ཀོ་ཕེ་བཏུང་སའི་ཇ་ཁང་ཕལ་ཆེ་བའི་ནང་འདི་ཉིད་འཐེན་ཆོག་གིན་ཡོད།
འཛམ་གླིང་གི་མི་སྣ་གྲགས་ཅན་དང་སྲོ་མ་ར་ཛ།
ཉེ་ཆར་ལྷོ་ཨ་ཕི་རི་ཀའི་ཚན་རིག་ཞིབ་འཇུག་ཅེས་པའི་རིག་དེབ་ཅིག་གི་ནང་ཕྱི་རྒྱལ་གནའ་རྫས་ཞིབ་འཇུག་ཚོགས་པའི་འཛམ་གླིང་གི་ཟློས་གར་འཁྲབ་གཞུང་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཆེན་ཤེག་སི་ཕེར་གྱི་ཁྱིམ་གྱི་སྐྱེས་ཚལ་ཞིང་ཁའི་ནང་ནས་རྩྭ་འཐེན་བྱེད་ཀྱི་གང་ཟག་(smoking pipe) ཅིག་རྙེད་སོན་བྱུང་ཡོད་ཅིང་ཁོང་གིས་བྲིས་པའི་སྙན་ངག་མགོ་ནང་གི་འགྲུལ་བཞུད་(journey in my head)ཞེས་པ་དེར་རང་ཉིད་རྩྭ་འཐེན་པའི་ཚོར་སྣང་སྐོར་གང་ཙམ་གླེང་ཡོད་པ་དང་གཞན་ལོ་རྒྱུས་ནང་སྐད་གྲགས་ཅན་གྱི་གཞས་པ་(Bobmarley) དང་དབྱིན་ཇིའི་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་(Johy depp)ད་དུང་གཞོན་སྐྱེས་ཚོས་དགའ་མོས་ཆེན་པོ་བྱེད་སའི་གཞས་པ་(wiz khalifa) སོགས་ཀྱི་བེད་སྤྱོད་བྱེད་ཀྱིན་ཡོད། གོང་གི་སྐད་གྲགས་ཅན་གྱི་མི་སྣ་དེ་ཚོར་མཚོན་ན་དཔལ་འབྱོར་དང་རྒྱུ་ནོར་སོགས་ཀྱི་སེམས་ཁྲལ་གང་ཡང་མེད་མོད། འོན་ཀྱང་ད་ལྟ་གཞོན་སྐྱེས་མང་པོ་ཞིག་གིས་ཁོ་ཚོའི་འཚོ་བ་དང་མི་ཚེ་རོལ་སྟངས་གཅིག་པུར་མིག་དཔེ་བལྟས་ནས་དེ་དག་གི་ལས་ཟློས་བྱེད་བཞིན་པ་ནི་ངོ་མ་སློབ་གསོའི་ཆུ་ཚད་མ་འདང་བ་དང་བགོད་བྲོ་ཞིག་མ་ཡིན་ནམ།
མཇུག་གཏམ་ཐུང་ངུ།
འདི་སྔོན་མཐོ་སློབ་ཀྱི་ཡིག་རྒྱུགས་མཇུག་སྒྲིལ་ནས་ཁོ་བོ་ཟླ་གཅིག་རིང་དྷ་རམ་ས་ལར་བསྡད་པའི་རིང་(dharam kot) དང་སྦག་སུ་གཡས་གཡོན་དུ་རྩྭ་དང་ནག་པོ་འཐེན་མཁན་གྱི་བོད་རིགས་གཞོན་སྐྱེས་ཕོ་མོ་མང་ཙམ་ཞིག་ཐུག་པ་དང་ཁོ་བོ་ཡང་དུས་ཡུན་གང་ཙམ་རིང་རྩྭ་དེ་འཐེན་མྱོང་བའི་མི་ཞིག་ཡིན་པའི་ཆ་ནས་ཁོ་ཚོར་འདི་འཐེན་ན་ཕན་ཡོན་གང་འདུག་ཅེས་སྐད་ཆ་དྲིས་དུས་ཁོ་ཚོས་སྐྱོན་གང་ཡོད་མི་ཤེས་མོད། དངོས་གནས་སེམས་པ་སྐྱིད་པོ་བཟོས་ཀྱིན་འདུག་ཅེས་ལབ་སོང་། ཁོ་བོ་བསམ་ན་ང་ཚོས་བཟི་སྨན་དང་ཐ་མག ཨ་རག་སོགས་གང་ཞིག་ལོངས་སྤྱོད་བྱེད་ནཡང་དང་པོ་འདི་ཡི་ཕན་ཡོན་ལས་མཇུག་འབྲས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ཞིག་ཡིན་པས་ད་ལྟ་དྷ་ས་ཙམ་ཞིག་མ་ཡིན་པར་བོད་རིགས་གནས་སྡོད་བྱེད་སའི་ཕྱི་རྒྱལ་དང་བོད། རྒྱ་གར་སོགས་གང་ཡིན་རུང་རྩྭ་འདི་འཐེན་ན་སྐྱོན་གང་ཡོད་མེད་ཀྱི་སློབ་གསོ་གཏང་རྒྱུ་གལ་ཆེན་ཞིག་ཆགས་འདུག་པ་དང་ལྷག་པར་དུ་བོད་པའི་སྤྱི་ཚོགས་འདིར་འཕྲོད་བསྟེན་ལས་ཁུངས་ནས་བརྩིས་པའི་ད་ལྟ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་(NGO) ཁག་ཅིག་ཚང་ཁ་ཤིག་ཤིག་བྱེད་ནས་ཡོད་ནཡང་འདི་སྔོན་རེག་དུག་གི་ན་ཚ་དང་གློ་ནད་ཙམ་གྱི་ཐད་ལ་ཟབ་སྦྱོང་ཐན་ཐུན་རེ་སྤྲད་པ་མ་གཏོགས་རྩྭ་འདི་སྐོར་གྱི་སྐྱོན་ཡོན་ཐད་སློབ་གསོ་སྤྲོད་མཁན་ད་བར་མ་མཐོང་བས་དེ་རིང་ཁོ་བོས་སྲོ་མ་ར་ཛ་སྐོར་ཞིབ་འཇུག་བྱས་པ་ཡིན་ཟེར་ན་ཚིག་མཐོ་དྲགས་མོད། འོན་ཀྱང་འབྱུང་འགྱུར་ལ་སེམས་འཚབ་ཆེན་པོས་བསམ་བློ་གཏོང་མཁན་གྱི་མི་ཞིག་ཆ་ནས་ཁ་སྔོན་ཉིན་གཉིས་གསུམ་ཙམ་གྱི་རིང་དཔེ་དེབ་འདྲ་མིན་དང་དྲ་རྒྱ་སྐོར་ཞིག་ནས་རྩྭ་འདི་སྐོར་རྒྱུས་ལོན་བྱས་པའི་ཟིན་བྲིས་ཐོར་བུ་དེ་འདིར་བཀོད་ཡོད།
(འགྲེལ་བཤད།)
པར་དང་པོ། འཛམ་གླིང་གི་གཞས་པ་སྐད་གྲགས་ཅན་སྦོབ་མར་ལེ།
པར་གཉིས་པ། རྩྭ་འདི་ཡིས་གནོད་སྐྱོན་ཐེབས་སའི་གཟུགས་པོ་ཕྱི་ནང་གི་ཆ་ཤས་ཁག་ཅིག
པར་གསུམ་པ། ལྷ་དབང་ཕྱུག་རྗེས་འབྲངས་པ་ཞིག་གིས་ལྕི་ལམ་འཐེན་བཞིན་པའི་ཚུལ།
རྩོམ་ཡིག་ཡག་པོ་བྲིས་འདུག ཨ་རི་དང་ཝེ་ཏི་ནམ་བར་གྱི་དམག་འཁྲུག་དེ་ཡང་ཡང་སྙིང་སོ་མ་ར་ཛའི་འཕྲོག་རྩོད་རེད་ཟེར་ནས་མི་མང་བོ་ཞིག་གིས་ཟེར།
འོ་་ཡག་པོ་བྲིས་འདུག
གང་ཟག་རྙེད་
ལྕི་ལམ་འཐེན་
འདི་འདྲ་ཐ་སྙད་གྲགས་ཆུང་བ་མང་བོ་ཞིག་ལ་བསམ་བློ་མ་བཏང་ན་གོ་བ་མི་རྙེད་པའི་དགའ་ངལ་བྱུང་།
གང་ལྟར་ཐེངས་གཉིས་ལ་ཀློག་ནས་ངེས་སུ་བཅུག་པ་ཡིན།
ཡག་པོ་བྲིས་འདུག
བཀའ་དྲིན་ཆེ་ཞུ།
གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་སྲོ་མ་ར་ཛ་ཡི་སྐོར་འཚོལ་སྒྲུབ་རྟོག་དཔྱོད་ཞིབ་པར་མཛད་པར་ཡིད་སྤྲོ། སྔོན་ལོ་ངོ་སུམ་ཅུ་བཞི་བཅུའི་སྔོན་དུ། རྩྭ་འདི་གསང་བའི་ཐོག་འདེབས་མཁན་ཨ་རི་ཧ་ཝ་ཡི་ཞེས་པའི་ཞིང་ཆེན་དུ་ཡོད་ཀྱང་། ཕྱིས་སུ་གཞུང་གི་རྩ་ཁྲིམས་དམ་དྲགས་པས་མེད་པར་སོང་འདུག དེའི་དུས་མི་ཞིག་བོད་དུ་གནས་བསྐོར་དུ་སོང་ནས། རྩྭ་དེ་སྣང་མེད་དུ་སྐྱེ་ཡི་ཡོད་པ་དོན་དུ་རྩྭ་དེའི་སྤར་ཡིན་པ་ལ་ཁང་པའི་སྤར་ཡིན་པའི་ཟོལ་གྱིས་གྲོགས་པོ་དག་ལ་བོད་ལ་སྐྱེས་པའི་རྩྭ་དེའི་སྤར་བསྐུར་འདུག་ཅེས་ཐོས། ཀུ་ལུ་མ་ན་ལཱི་སོགས་སུ་རྩྭ་འཁྱམས་ཞེས་བདག་མེད་དུ་སྐྱེ་བ་དང་། ཕྱི་རྒྱལ་པ་འགས་ཁང་པ་གཡར་ནས་རྩ་འདི་ལ་ཐ་མཁ་ལྟ་བུ་བཟོ་བ་འདུག་ཅེས་ཁོ་བོ་ལུང་པ་དེར་༡༩༩༩༢་ལོར་སླེབས་པ་ན། གྲོགས་པོས་གནས་ཚུལ་དུ་བཤད་པ་ཐོས། རྩྭ་འདི་མིག་གིས་མཐོང་སྨྱོང་བ་ཞིག་མ་བྱུང་། གཅིག་ཆ་ན། རྩྭ་འདི་ཡིན་ངེས། ལོ་ངོ་༥༠ལྷག་ཙམ་སྔོན་དུ། ཝཱ་རཱ་ཎ་སཱི་ལེགས་སྦྱར་སློབ་གྲྭའི་དཔེ་མཛོད་དུ་ལས་བྱེད་ཡིན་སྐབས་ཧོ་ལི་ཞེས་པའི་དུས་སྟོན་སྐབས་ལས་བྱེད་པ་དག་ལ་རྫ་ཕོར་གང་རེ་ཡ་མཚན་པའི་སྒོ་ནས་འཐུང་དུ་བཅུག་ཀྱང་། ང་ལ་ནི་རོ་བཅུད་ཡོད་པ་ཞིག་ཅང་མ་བྱུང་།
སོ་མ་ར་ཛ། ཞེས་པ་ཡི་གེ་དག་པར་འབྲི་ན། སོ་མ་ར་ས། ཞེས་ཡིན་དགོས། སོ་མ་ ཞེས་པ་ལྷ་ལ་འབུལ་རྒྱུ་ཡིན་པ་ཞིག་ཅེས་ཞས་ཀྱེ་ཞེས་པའི་མཁས་པས་བོད་ཨིན་ཚིག་མཛོད་དུ་བྲིས། སོ་མ་ར་ས། ཞེས་པའི་ཚིག་དོན། ཟླ་བའི་རོ་བཅུད་ཟེར། ཨིན་སྐད་དུ། hemp བྲིས་སོ།
སོ་མ་ར་ཛ་དང་གསོ་མ་གཉིས་དོན་གཅིག་མིང་གི་རྣམས་གྲངས་རེད། ངེད་ཀྱི་ཕ་ཡུལ་ན་གསོ་མ་ཞིང་ཁར་འདེབས་ཀྱིན་ཡོད། འོན་ཀྱང་རྩི་ལེན་ཤེས་ཀྱི་ཡོད་པ་མ་རེད། དེའི་ཕྱིར་མི་གཅིག་གིས་ཀྱང་བཟི་བ་དང་མྱོས་པའི་ཆེད་དུ་སྤྱོད་མཁན་མེད། སྔོན་ཆད་གསོ་མའི་ཤུན་པས་ཐག་པ་བཟོ་བ་དང་། གསོ་མའི་འབྲས་བུ། ནས། གསར་མ། སྲན་མ་སོགས་བརྔོས་ནས་བསྲེས་ཏེ་རྩམ་པ་འཐག་གྱིན་ཡོད། འདི་ནི་ཤིན་ཏུ་ཞིམ་པའི་རྩམ་པ་ཞིག་ཡིན། དེང་དུས་ཨ་རིའི་མངའ་སྡེ་ཁ་ཤས་སུ་ཁྲིམས་དང་མཐུན་པའི་སྒོ་ནས་འཕྲོད་བརྟེན་གྱི་ཆེད་དུ་སྤྱོད་ཆོག་པ་ལགས།།
གསར་མ། ཟར་མ་ཞེས་བཅོས་རོགས།།
གཡག་ཕྱུག་ལགས་ཀྱིས་འབད་པར་དོན་ཆེན་པོ་འབྱུང་ངེས།
རྟ་བདུན་དབང་བོ་ལགས
སོ་མ་ར་ཛ་དང་གསོ་མ་གཉིས་དོན་གཅིག་མིང་གི་རྣམས་གྲངས་རེད་མི་འདུག
ང་འདི་གཉིས་ལ་རྒྱུས་ཡོད།
ངའི་སློབ་ཕྲུག་ཚོའི་ཁྲོད་ན་འདི་འཐེན་མཁན་ཡོད་པས་ང་རང་འདི་ལ་ཆེད་དུ་ལྟ་བར་སོང་བ་ཡིན།
ཀུ་ལུ་མ་ན་ལཱི་ན་སོ་མ་ར་ཛ་འདི་འདུག
ཚོང་བ་ཚོས་ལྐོག་ཏུ་བཏུས་པ་དང་པོ་ལི་སི་ཡིས་བཟུང་ནས་བརྡུངས་པ་དང་འཕྲོག་པ་སོགས་མཐོང་མྱོང་།
གསོ་མ་ཟོས་ན་ར་བཟི་བ་བདེན། ང་ཡང་ཆུང་དུས་གསོ་མ་ཟས་ནས་བཟི་མྱོང་བ་དང་། གསོ་ཤིན་གྱིས་སྐུད་པ་འཁལ་བ་དང་གསོ་ཤིང་འཐེན་ན་མིད་པ་སྐྲངས་པ་ལ་ཕན།
སོ་མ་ར་ཛ་དང་གསོ་མ་གཉིས་ཀྱི་བྱེད་ལས་ཅུང་འདྲ་ཡང་ངོ་པོ་རྦད་དེ་ཐག་རིང་བོ་རེད་ལགས།
དགེ་འདུན་རྒྱ་མཚོ་ལགས། ངའི་གྲོགས་པོ་ཨ་རི་བ་ཞིག་རེབ་ཀོང་དུ་སོང་ནས་གསོ་མ་མཐོང་དུས་ཁོ་ཧ་ལས་འདུག དེ་ནས་ཁོང་གིས་བརྟགས་དཔྱད་བྱས་དུས་གསོ་མ་དང་སོ་མ་ར་ཛ་གཅིག་པ་རེད་ཅེས་ཟེར་བྱུང་། ཨ་རི་བ་ཁོང་ནི་ཕྱི་ལུགས་སྨན་པ་མཁས་པ་ཡིན་པ་དང་བོད་སྨན་ལའང་དོ་སྣང་ཆེན་པོ་ཡོད་སྟབས་རེབ་ཀོང་སོགས་ལ་བསྐྱོད་དེ་བོད་སྨན་ལ་ཞིབ་འཇུག་བྱས་པ་རེད། ད་ལྟ་ཡང་ཁོང་རང་རེབ་ཀོང་ན་འདུག ངས་ཀྱང་ཀུ་ལུ་མ་ན་ལཱི་ནས་གསོ་མ་མཐོང་མྱོང་། རི་སྐྱེས་ཡིན་སྟབས་བོངས་ཚོད་ཆུང་བ་མ་གཏོགས་གཞན་ཁྱད་མི་འདུག་བསམ་བྱུང་། ཡིན་ནའང་རིགས་མ་འདྲ་བ་ཁ་ཤས་ཡོད་ཟེར་བཞིན་འདུག །
རིགས་མ་འདྲ་བ་ཁ་ཤས་ཡོད་ན་ངས་མི་ཤེས།
ངས་རང་གིས་མཐོང་བའི་སོ་མ་ར་ཛ་དང་།
ཕ་ཡུལ་གྱི་གསོ་མ་གཉིས་བསྡུར་ནས་བཤད་ཀྱིན་ཡོད།
གསོ་མ་ལ་འབྲས་བུ་ས་བོན་ཞིག་ཡོད་པ་བསྔོས་ནས་ཟས་ན་ཆོག
ངས་མཐོང་བའི་སོ་མ་ར་ཛ་ནི་ལྡུམ་བུའི་རིགས་ཞིག་ཡིན་པ་དང་སྔོ་རགས་ལག་མཐིལ་ནས་ཕུར་ནས་ཤོག་ཁུག་ལ་བླུགས་ནས་ས་ཏོ་ཚོས་ཀྱང་འཐེན་པ་དངོས་སུ་མཏོང་བྱུང་། པོ་ལི་སི་ཡིས་འཕྲོག་པ་ཡང་དེ་དང་གཅིག་པ་རེད་འདུག
གལ་ཏེ་རིགས་གཞན་པ་ཡོད་ན་ངས་མི་ཤེས། གཅིག་བྱས་ན་རྟ་བདུན་ཁྱོད་བདེན་ན་ཐང་། ད་དུང་དཔྱད་དགོས། མཆན་པ་གཞན་དག་གིས་ཅི་ཟེར་ལ་ཉན་དགོས་།
ཨ་ལེའི། རྒྱ་གར་གྲུབ་ཐུབ་ཚོས་སྲོ་མ་ར་ཛ་འཐེན་གྱི་ཡོན་ན་། ན་རོ་པ་སོགས་གྲུབ་ཐོབ་དེ་ཚོས་ཡང་འཐེན་མེད་དམ། སྐུ་རྩེད་ཡིན་། cocaine ཟེར་བ་འདི་དང་སྲོ་མ་ར་ཛ་གཉིས་ཕ་ཡུལ་གཅིག་པ་ཡིན་ནམ་མིན་ལན་ཞིག་གནང་རོག་མཁྱེན་ལྡན་ཚོ་ བཀའ་དྲིན་ཆེ།
གྲོགས་པོ་ཚོས་དགོངས་ཚུལ་ཡག་པོ་གསུངས་འདུག་པར་ངོ་མ་བཀའ་དྲིན་ཆེ། ད་དུང་དོན་གལ་ཆེན་ཞིག་ནི་སྲོ་མ་ར་ཛ་ནང་གི་འབྲུ་འདི་ང་ཚོས་དུས་རྒྱུན་ཉི་མའི་མེ་ཏོག་གི་འབྲུ་ཟས་པ་ནང་བཞིན་ཟ་ཆོག་གི་ཡོད་པ་འདྲ།
ངས་རྩྭ་འདི་སྐོར་དཔེ་དེབ་ཁ་ཤས་ནས་(Hemp) ཞེས་པའི་དབྱིན་ཚིག་དེ་གང་མང་ཐོན་པས་དང་པོ་གང་ཡིན་མི་ཤེས། ད་ལྟ་རྒན་ལ་དྭགས་བློ་བཟང་འཇམ་དཔལ་གྱིས་བཤད་པ་བདེན་འདུག ད་ཕལ་ཆེར་(Hemp)ཞེས་པའི་དེ་ལ་སོ་མ་ར་ས་ཞེས་འབོད་ཀྱི་ཡོད་ས་རེད།
སྲོ་མ་ར་ཛ་ནང་གི་འབྲུ་དེ་ཟ་ཆོག་ན་ཆོག་དང་མི་ཆོག་ན་མི་ཆོག་གསུངས་ཤོག་མ་གཏོགས། འདྲ་འདྲ་དེ་ཚོ་མ་གསུངས་རོགས། ཟ་ཆོག་པའི་རིགས་ཤིག་ཡིན་ན་ངས་ནི་ཟ་ཐག་ཆོད་ཡིན། དེ་དུས་འདྲ་མི་འདྲ་བྱུང་སོང་ན་འགན་དེ་ཁྱོད་ཀྱིས་འཁུར་དགོས་རེད། །
གསང་སྔགས་ཀྱི་གཞུང་ལུགས་ནང་་་སྨན་ཆང་་་ཞེས་པ་བདུད་བརྩི་སྨན་གྱི་མཆོད་པ་ཞིག་ཡོད་རེད། དེ་ལའང་་་་ར་ས་ཡ་ན་ལྔ་སྟོང་སྦྱར་བའི་སྨན་་་་ཟེར་ནས་ཤིན་ཏུ་རྩ་ཆེན་བརྩི་སྲོལ་འདུག།
དྲ་གྲོགས་བོན་ལགས། འབྲུ་འདི་ཟས་ན་སྐྱོན་གང་ཡང་མེད་ཀི། སྲོ་མ་ར་ཛའི་འབྲུ་འདི་ནས་ཟ་སྣུམ་ཡང་བཏོན་ཐུབ་ཀྱི་ཡོད།
དགོངས་དག་ཀུ་རེ་ཞུས་པ་ཡིན། ཁྱེད་ཀྱིས་ཞིབ་འཇུག་ཡག་པོ་གནང་འདུག། ཚིག་འདིས་ང་ལ་བློ་བསྐྱེད་ཡག་པོ་རགས་སོང། ༼ཉེ་ལམ་སྲོ་མ་ར་ཛ་ཞེས་པའི་རྩ་དེའི་སྐོར་དཔེ་དེབ་དང་དྲ་རྒྱ་ཁག་འདྲ་མིན་ནས་རྒྱུས་ལོན་བྱས་པ་བརྒྱུད་རྩྭ་འདི་ནི་སྤྱིེར་བཏང་གི་རྩ་དཀྱུས་མ་ལྟ་བུ་ཞིག་མ་ཡིན་པར་འདིར་རྒྱ་གར་གནའ་རབས་ཀྱི་ལོ་རྒྱུས་བང་འཛོད་ཁྲོད་དུ་གོ་ས་གལ་ཆེན་ཞིག་འཛིན་ཡོད་ལ་ལྷག་པར་དུ་ལྷ་དབང་ཕྱུག་གི་རྗེས་འབྲངས་པ་དང་གྲུབ་ཐོབ་ཚོས་རྩྭ་འདི་ནི་ལྷ་དབང་ཕྱུག་གི་བྱིན་བརླབས་དང་བདུད་བརྩི་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ནས་འོ་མ་དང་མཉམ་དུ་ཤིང་འབྲས་ཨལ་མོལ་(Almonds) དང་རྒྱ་སེ་མེ་ཏོག་གི་ཉིང་བཅུད་སོགས་སྲེས་ནས་སྦང་(bhang) ཞེས་པ་དེ་བཏུང་སྲོལ་ཡོད༽ བཀའ་དྲིན་ཆེ། །
གཞོན་སྐྱེས་མང་པོར་ཕན་ཐོགས་པའི་རེ་བ་ཡོད་
སོ་མ་ར་ཛའི་འབྲས་བུ་ཟ་ཆོག་པ་རེད། སོ་མ་ར་ཛའི་འབྲས་བུ་རློན་པ་བཙིར་ན་ཁུ་བ་དཀར་བོ་་ཡོད། བྲོ་བ་འོ་མ་དང་འདྲ། འོན་ཀྱང་སོ་མ་ར་ཛ་འབྲས་བུ་ཡོད་མེད་རིགས་གཉིས་ཡོད། སོ་མ་ར་ཛ། དབྱིན་སྐད་དུ། ཡོངས་གྲགས་ལ་ marijuana ཟེར། གཞན་ཡང་ Cannabis ཟེར། བོད་སྐད་དུ་གསོ་མ་ཡང་ཟེར། །
# 14 BONPO Says:
September 21st, 2013 at 8:30 AM
གསང་སྔགས་ཀྱི་གཞུང་ལུགས་ནང་་་སྨན་ཆང་་་ཞེས་པ་བདུད་བརྩི་སྨན་གྱི་མཆོད་པ་ཞིག་ཡོད་རེད། དེ་ལའང་་་་ར་ས་ཡ་ན་ལྔ་སྟོང་སྦྱར་བའི་སྨན་་་་ཟེར་ནས་ཤིན་ཏུ་རྩ་ཆེན་བརྩི་སྲོལ་འདུག
ཟེར།
བོན་པོ་ལགས་ནས་
རྩྭ་འདི་སྐོར་ཡང་ངོ་སྤྲོད་ཅིག་གནང་ཐུབ་ན་ཡག་པོ་འདུག
བོད་ཀྱི་སོ་མ་ར་ཙ་ལ་ཕོ་སོ་དང་མོ་སོ་གཉིས་ཡོད། ཕོ་སོ་ལ་འབྲས་བུ་མེད། མོ་སོ་ལ་འབྲས་བུ་ཡོད། འབྲས་བུ་ནས་དང་ཟེར་མ་སོགས་བསྲེས་ནས་རྩམ་པ་འཐག་ན། ཟན་བུ་ཟེར་བ་དེ་རེད། བོད་ཀྱི་རྩམ་པའི་ནང་གི་ཞིམ་ཤོས་དེ་རེད། འོན་ཀྱང་བྱིས་པ་ཚོས་འབྲས་བུ་ལ་འོ་མའི་བྲོ་བ་ཡོད་པས་རྗེན་པར་ཟ། ཟ་རྒྱ་མང་ན་སོ་སྨྱོན་ཆགས་ནས་ཉིན་ཤས་རིང་ར་བཟི་ཆགས་འགྲོ་གི་རེད། དེ་ན་ཨ་མདོ་ཁུལ་ན་ཡོད་པའི་སོ་མ་ར་ཙ་བཤད་པ་ཡིན།
ཨ་རི་དང་རྒྱ་གར་བྱང་ཕྱོགས་ཀི་ལི་མུ་ན་ལེ་སོགས་ན་ཡོད་པ་དེ་ཡང་བོད་ཀྱི་སོ་མ་ར་ཙ་དང་གཅིག་པ་རེད། འོན་ཀྱང་ཐོན་བསྐྱེད་བྱེད་མཁན་རྣམས་ཀྱི་དགོས་མཁོ་མ་འདྲ་བའི་དབང་གིས་འདེབས་སྟངས་དང་འདེབས་ས་མ་གཅིག་པས། གཟུགས་པོ་རིང་ཐུང་མི་འདྲ་བ་ཙམ་རེད། བོད་ནས་སོ་མ་ར་ཙ་འདེབས་དུས་གཞུང་རྟ་སྟེང་གི་ཤུན་པའི་ཐོན་ཁུངས་དང་འབྲས་བུ་ལ་དམིགས་ནས་འདེབས་བཞིན་པས། རླན་གཤེར་ཆེ་ས་འདེབས་ཀྱི་ཡོད་པ་རེད། གཟུགས་ཚད་རིང་པོ་སྐྱེས་ཡི་རེད། ཨ་རི་དང་རྒྱ་གར་བྱང་ཕྱོགས་ན་ཡོད་པ་དེ་ཚོ་ལོ་མ་ལ་དམིགས་ནས་འདེབས་བཞིན་པ་རེད། བརླན་བཤེར་ཡོད་པར་འདེབས་ཀྱི་ཡོད་པ་མ་རེད། ཡང་བརླན་བཤེར་རྩ་ནས་མེད་སར་འདེབས་པ་མིན། གང་ལྟར་རི་ཁུལ་སོགས་ནས་སྐྱེས་བཞིན་པ་རེད།
ཨ་རི་ན་སོ་མ་ར་ཛའི་ཞིང་ཀ་བཏབ་ན་ཁྲིམས་འགལ་ཡིན་པས། མི་ཁ་ཤས་ཀྱི་རྫ་མ་ནང་ལ་བཏབ་ནས་ཁང་པ་འོག་ཐོག་ནང་སྦས་ནས་ཐོན་བསྐྱེད་བྱེད་མཁན་འདུག
དེ་མིན་རྒྱ་གར་ལྷོ་ཕྱོགས་དང་། ཝེ་ཏི་ནམ་སོགས་ལྷོ་ཨེ་ཤི་ཡ་ཕྱོགས་ཀྱི་སོ་མ་ར་ཙ་དེ་གཞན་ཞིག་རེད། གཞུང་རྟ་སྟེང་ལངས་ནས་སྐྱེ་མི་ཐུབ། རྫོང་ཤིན་ཏུ་འཐུག་པོ་བྱས་ནས་སྐྱེས། དེ་བས་ན་ཞིང་པ་རྣམས་ཀྱིས་ལྕགས་དྲ་སོགས་ལ་བསྙེས་ནས་ཐོན་བསྐྱེད་བྱེད། འདིའི་ཤུན་པས་དེང་སང་གི་འབྲུ་རིགས་བླུགས་སའི་སྒྱེ་མོ་བཟོ་གི་ཡོད་པ་རེད། འོན་ཀྱང་འདི་ལ་ཉལ་ཐའི་ཐོན་ཁུངས་ཡོད་མེད་རྩད་མ་ཆོད། མུ་མཐུད་སྐྱེས་དངོས་སྐོར་ལ་ཡིན་ད།
དྲ་གྲོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།
ད་ཉི་མ་མང་པོ་ཞིག་མཉམ་ཞུགས་བྱེད་ཡག་རག་མ་སོང་དགོངས་འགལ་མེད་པར་མཁྱེན།
སྐུ་ངོ་དགེ་འདུན་རྒྱ་མཚོ་ལགས།
རྗེས་སུ་ག་ལེར་ཞུ་ཆོག་པ་ཞུ། དེང་སང་བྲེལ་བ་ཏོག་ཙམ་ཡོད། དགོངས་འགལ་མེད་པ་ཞུ།