བཙོན་མཁར་མཐོ་ཞིང་བཙོན་སྲུང་གདུག་རྩུབ་ཆེ།།
བཙོན་ཁང་གྲང་ཞིང་མུན་ནག་འཇིགས་སུ་རུང་།།
ཉིན་མཚན་མེད་པར་སྡུག་སྐད་བར་མེད་འབྱིན།།
འཆི་བ་ཞེས་བྱའི་བདེ་སྐྱིད་ཐོབ་རེ་ཆེ།།
འབྲུག་སྟོང་དུས་གཅིག་ལྡིར་བའི་སྒྲ་ཆེན་གྱིས།།
བཙོན་མཁར་སྒོ་ཆེན་ཧར་གྱིས་ཕྱེས་པ་ན།།
སྲོག་ཁྲིམས་བཅད་པའི་བཙོན་མ་ཁྱུ་གཅིག་ཐོན།།
ལ་ལ་འཇིགས་ཤིང་ལ་ལས་ཤུགས་རིང་འབྱིན།།
ལ་ལ་ངུ་ཞིང་ལ་ལས་གད་མོ་དགོད།།
བདག་ནི་མགོ་བོ་དགྱེ་ཞིང་བྲང་ཁོག་ལྡིར།།
གཤེད་མའི་ལག་གི་རལ་གྲིར་འོ་ཡང་བྱས།།
ཆགས་སྡང་ཚེར་མས་ཁེངས་པའི་འཇིག་རྟེན་འདིར།།
བདེན་དོན་རྐང་རྗེན་སྤོ་བའི་ཡུལ་མེད་པས།།
ད་ནི་འཆི་བ་ཞེས་བྱའི་འོད་ཟེར་གྱི།།
འཇིག་རྟེན་དེ་ལ་འགྲོ་བར་བདག་རེ་དགའ།།
གཡས་དང་གཡོན་དུ་མགོ་བོ་ས་རུ་འགྲིལ།།
བེམ་རོ་དག་ནི་ལྗིད་ཀྱིས་ཁྲག་ཞགས་བརྫིས།།
བདག་གི་སེམས་ནས་བདེ་ཆེན་རོལ་མོའི་སྒྲས།།
གཤེད་མའི་རལ་གྲིའི་སོ་ཡང་འདར་བར་བྱས།།
ནམ་མཁའ་ཚལ་བར་གཤགས་པའི་སྐར་མདའ་དང་།།
མགོ་ལུས་སོ་སོར་ཕྲལ་བའི་རལ་གྲི་གཉིས།།
དུས་གཅིག་བདག་གི་གཟི་བརྗིད་ལུས་པོ་འདིར།།
བདེ་དགའ་ཟད་མི་ཤེས་པའི་ཀློང་དུ་བབས།།
གཟའ་སྐར་ཐམས་ཅད་འོད་ཀྱི་གོང་བུར་བཟླུམས།།
བར་སྣང་ཆེན་པོ་ཐིག་ལེ་གཅིག་ཏུ་བརྒྱུས།།
སྒྲ་སྐད་མ་ལུས་མེ་རུ་འབར་བའི་འོད།།
བདག་གི་རྣམ་ཤེས་གདུང་བའི་ངོས་སུ་འཁྱུག།
ཨེ་མ་སྲིད་པའི་ཁང་བཟང་ཆེན་པོའི་ནང་།།
དགའ་སྐྱོའི་གར་གྱིས་མྱོས་པའི་འགྲོ་དྲུག་དག།
སྐྱེ་འཆིའི་གདོང་འབག་རེས་སུ་གྱོན་པ་ལས།།
མཛེས་སྡུག་བདེན་པའི་དག་ཞིང་བསྙེག་ན་ལེགས།།
སྒྲ་འོད་ཟེར་གསུམ་སྲོག་གི་ཟུངས་སུ་སྨིན།།
སྐུ་དང་ཐིག་ལེའི་དགའ་བྲོད་དབྱངས་སུ་བརྒྱུས།།
ད་ནི་འཆི་བའི་གྲོང་གི་སྙན་ངག་ཀྱང་།།
བྲག་བཞིན་བརྩིགས་ཀྱང་མཚོ་ལྟར་ལྟེམས་སེ་འཁྱིལ།།
ཁ་བ་དག་ཀྱང་འཇའ་འོད་ཀློང་དུ་འབབ།།
དྲི་ཞིམ་རླུང་བས་མེ་ཏོག་ཆར་དུ་འབེབ།།
རི་བོ་དགོད་ཅིང་ཆུ་བོ་འཛུམ་པ་ཡིས།།
སྙིང་གི་ཕྱེད་ཀ་སད་ཅིང་ཕྱེད་ཀ་གཉིད།།
བཅོས་མའི་འཇིག་རྟེན་སྐྱ་བོའི་ཕྱི་རོལ་དེར།།
མ་བཅོས་མཛེས་སྡུག་འཆི་བའི་ཡུལ་ལྗོངས་ཤིག།
ཉིན་མཚན་མེད་པར་ངེད་ཅག་བསྒུགས་ཡོད་པས།།
ད་ནི་སྟ་གོན་མཛོད་ཅིག་སྙིང་གི་གྲོགས།།
གདོད་མའི་སེམས་ལ་བག་ཆགས་འཐུག་པའི་སྐྱེན།
དགྲ་མེད་དགྲར་འཛིན་སྟོགས་པའི་བཏག་པ་ཙམ།
དོན་ལ་མ་གྲུབས་བདེན་མེད་རྒྱུ་མའི་གཤེས།
བདེ་སྡུག་རྫུན་རིས་རི་མོ་འཇའ་དང་མཚུངས།
དཀར་འོད་སྣང་བར་འཐུམ་ན་ཡ་མཚན་ཞིག།
ནག་ཁུང་སྟོང་བར་འཐུམ་ན་སྐྲག་འཇིག་ཞིག།
དབྱེར་མེད་འཆི་ལམ་སྙེག་པའི་སྒོ་དྲུང་དུ།
འདི་དག་འདི་དམྱལ་མེད་པའི་ང་རྒྱལ་སྩོལ།།
ཤི་རྗེས་དམྱལ་བ་བྱ་བའི་འཇིགས་རུང་ཡུལ།
བཤག་གཏུབ་བཙོ་སྲེག་དྲག་པོའི་ལས་སྦྱོར་གྱིས།
མི་བཟོད་འཇིགས་རུང་མནར་སྤྱོད་གཏོང་ཟེར་བ།
འུག་པའི་གཏམ་གྱིས་བྱིས་པ་ངུ་འགོགས་ལས།
དངོས་དོན་གཏམ་གྱི་བདེན་དཔང་གང་ཡང་མེད།
བཟང་ངན་ལས་ཀྱི་སྐྱེ་བ་སྔ་ཕྱི་དག
ཆེ་བ་གེ་མོས་གསུངས་ཞེས་ལུང་འདྲེན་གྱི།
རང་སེམས་རང་གིས་གསོ་བའི་ཡིད་ཆེས་ཙམ།