—-འཇམ་དབྱངས་དཀར་པོ།
སྐུ་ཞབས་ནེ་ཁོ་ལ་སི་ རྗོར་རྗི་ ཝིན་ཊོན་མཆོག་ནི་(Nicholas George Winton) འགྲོ་བ་མིའི་དོན་དངོས་ཀྱི་དཔའ་བོ་ཡིན། སྔོན་ཆད་ཁྱེད་ཀྱིས་ཁོང་གི་མིང་གོ་མྱོང་མེད། འཛམ་གླིང་དམག་ཆེན་གཉིས་པའི་སྔ་ནུབ་ལ་ཝིན་ཊོན་གྱིས་ཆེཀ་(Czech) ཀྱི་བྱིས་པ་སྐྱོབ་པའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། འཇར་མན་ན་ཟིས་ཀྱིས་ཆེཀ་ཁོ་སི་ལོ་ཝི་ཀེ་ཡ་(Czechoslovakia) ལ་བཙན་འཛུལ་བྱེད་སྐབས་སྲང་བར་ན་བདག་མེད་དུ་ལུས་པའི་བྱིས་པ་རྣམས་བསྐྱབ་སྟེ་དབྱིན་ཡུལ་དུ་འཁྲིད། ཁོས་འཛམ་གླིང་དམག་ཆེན་གཉིས་པའི་སྔ་གཞུག་ཏུ་བྱིས་པ་ ༦༦༩ བསྐྱབས་ཡོད་ཅིང་། མང་ཆེ་བ་ན་ཟིའི་དྲག་སྤྱོད་འོག་མནར་གཅོད་མྱོང་བའི་རྗེའུ་ཤིའི་(Jewish) བྱིས་པ་ཡིན། དབྱིན་ཇིའི་འགྲོ་བ་མིའི་བདེ་དོན་ལྷན་ཚོགས་ཀྱིས་བྱིས་པ་རྣམས་དབྱིན་ཡུལ་དུ་ལེན་ཐབས་དང་། སྡོད་ཁྱིམ་གོ་སྒྲིག་ཐད་རོགས་རམ་བྱས།
སྤྱི་ལོ་ ༢༠༡༥ ལོའི་སྤྱི་ཟླ་ ༥ ཚེས་ ༡༩ ཉིན་ཝིན་ཊོན་ལོ་ ༡༠༦ ལོན་པའི་འཁྲུངས་སྐར་སྲུང་བརྩི་བྱས་ནས་ཟླ་བ་གཅིག་ལྷག་གི་རྗེས་ཏེ། སྤྱི་ཟླ་ ༧ ཚེས་ ༡ ཉིན་དགོངས་པ་རྫོགས།
ཝིན་ཊོན་གྱིས་ཁོ་རང་ཧ་ཅང་ཐལ་ཆེ་བའི་དཔའ་བོ་ཞིག་ཡིན་པ་སུ་ལ་ཡང་བཤད་མེད། སྤྱི་ལོ་ ༡༩༨༨ ལོར་ཝིན་ཊོན་གྱི་ཆུང་མས་ཁང་འོག་ལག་སྣོད་ལས་རྙིང་ཧྲུལ་དུ་སོང་བའི་འབྲི་དེབ་ཁ་ཤས་རྙེད། འབྲི་དེབ་དེར་གོ་རིམ་ལྡན་པའི་ཐོག་ནས་བྱིས་པ་རྣམས་ཀྱི་མིང་བྲིས་ཡོད་པ་ལས་གཞན། དབྱིན་ཡུལ་དུ་བྱིས་པ་ཚོ་སྡོད་སའི་ཁ་བྱང་དང་། ཕ་ཚབ་མ་ཚབ་ཀྱི་མིང་ཡང་གང་ཐུབ་ཐུབ་ཅིག་བྲིས་ཡོད་འདུག་པས། དབྱིན་ཡུལ་གྱི་ཁ་བྱང་དེ་དག་བརྒྱུད་ནས་ཡིག་འབྲེལ་བྱས་པར་ཝིན་ཊོན་གྱི་བྱིས་པ་ ༨༠ རྙེད་ཡོད་འདུག
སྤྱི་ལོ་ ༢༠༡༤ ལོར་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བཀའ་དྲིན་མཚོན་བྱེད་དུ། ཆེཀ་སྲིད་འཛིན་མེ་ལོ་ཟི་ ཛི་མན་(Miloš Zeman) མཆོག་གིས་ཝིན་ཊོན་ལ་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་གཟེངས་རྟགས་《སེངྒེ་དཀར་མོ་》ཞེས་པ་དང་། སྲིད་འཛིན་སྐུ་ངོ་མས་ཕྱག་བྲིས་དང་མཚན་རྟགས་བཀོད་པའི་ཆེ་བསྟོད་ཡི་གེ་གནང་ཡོད་པར་མ་ཟད། ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཝིན་ཊོན་སྤྱི་ལོ་ ༢༠༠༨ ལོའི་ཞི་བདེ་གཟེངས་རྟགས་ཀྱི་འོས་མིར་ཡང་མིང་འདོན་བྱས།
སྤྱི་ལོ་ ༡༩༨༨ ལོ་དབྱིན་ཡུལ་གྱི་བརྙན་འཕྲིན་《དེ་མི་ཚེ་རེད་》ཅེས་པའི་ལས་རིམ་བརྒྱུད་ནས། ངོ་ལོ་ ༥༠ ཡར་སྔོན་ནས་རྗེའུ་ཤིའི་བྱིས་པ་ ༦༦༩ ཇི་ལྟར་བསྐྱབས་པའི་དངོས་གཏམ་ཐད་གཏོང་བྱས་པས། བརྙན་འཕྲིན་མདུན་གྱི་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས། ཝིན་ཊོན་མཆོག་སྤྱི་ལོ་ ༡༩༠༩ ཟླ་ ༥ ཚེས་ ༡༩ ལ་འཁྲུངས། ༢༠༡༥ ཟླ་ ༧ ཚེས་ ༡ འདས།
་་་་་་ ཁོས་འཛམ་གླིང་དམག་ཆེན་གཉིས་པའི་སྔ་གཞུག་ཏུ་བྱིས་པ་ ༦༦༩ བསྐྱབས་ཡོད་་་་་་་་་་་