གངས་སེང་།
བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་རྣམས་སུ་ང་ཚོའི་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་འདིའི་ཁུངས་ངོ་མ་དེ་རྒྱ་གར་འཕགས་པའི་ཡུལ་ལ་གཏུགས་ཏེ་དེའི་གོང་དུ་བོད་ལ་ཡིག་རིགས་ཙམ་ཡང་མེད་པ་ཆེས་ཀླ་ཀློ་ཞིག་ངོས་འཛིན་བྱས་ཡོད། བོད་རྒྱལ་སྲོང་བཙན་གྱིས་ཐོན་མི་ཨ་ནུ་རྒྱ་གར་ལ་བཏང་ནས་ཐོན་མིས་མཁས་པ་ལི་བྱིན་ལ་བསྟེན་ནས་ཡི་གེ་བསླབ་པ་མཐར་སོང་བྱས་ཏེ་ཕྱིར་བོད་ལ་ལོག་རྗེས་བོད་ཡིག་གསར་བཟོ་བྱས་པར་བཤད་དེ་བོད་པའི་ཀླད་ཁོག་ནང་དུ་བསུབ་ཏུ་མེད་པའི་རྫུན་རིས་ཞིག་བྲིས་པ་དེ་གནམ་རི་སྲོང་བཙན་ཡན་གྱི་རྒྱལ་རབས་སུམ་ཅུ་སོ་གཉིས་རིང་གི་ཡབ་མེས་གོང་མ་རྣམས་ལ་བསམ་ཡུལ་ལས་འདས་པའི་སྨ་འབེབས་ཞིག་ཡིན་པ་སྨོས་མེད་རེད།
རྒྱུ་མཚན་ནི། སྲོང་བཙན་གོང་དུ་བོད་དུ་ཡིག་སྦྱོར་གྱི་ལམ་ནས་ཕན་ཚུན་ར་སྤྲོད་ཡོད་ཚུལ་གཡུང་དྲུང་བོན་ལུགས་འཛིན་པ་ཀུན་གྱི་ཞལ་གཅིག་མཐུན་དང། བན་ཕྱོགས་ཀྱི་མཁས་དབང་མང་པོའི་དགོངས་ཚུལ་ཡིན་པ་མ་ཟད་གནའ་དཔེ་དུ་མའི་ནང་དུ་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་བསྟན་ཡོད།
དེང་སང་ཡང་བོན་པོ་ཡིན་མིན་ལ་མ་ལྟོས་པའི་ལྟ་བ་དེའི་ཚུལ་གྲངས་ཚད་ལོ་རེ་བཞིན་དུ་ཇེ་མང་དུ་འགྲོ་བཞིན་ཡོད། འདིར་བོད་པས་མ་ཐ་ལོ་ངོ་སྟོང་ཕྲག་གཉིས་གསུམ་གོང་ནས་ཡིག་སྦྱོར་གྱི་བྱ་བ་ཡོད་ཟེར་བ་དེ། སྒྲ་སྦྱོར་གྱི་ཡི་གེ་དང་། དེ་ཡང་དབྱངས་གསལ་ལྡན་པ། དེའི་མཚོན་བྱེད་ཡི་གེའི་གཟུགས་རིས་བཅས་ཆ་ཚང་མ་ཞིག་ཡོད་པ་ལས་ཆོས་འདོན་བྱེད་ཙམ་ལས་སྲིད་ཕྱོགས་ལ་བེད་སྤྱོད་མི་ཐུབ་པ་དེ་འདྲ་མིན་པ་མ་ཟད། ཐ་གུ་ལ་མདུད་རྟགས་རྒྱག་པ་དང་བྱ་གཅན་སོགས་ཀྱི་གཟུགས་རིས་འབྲི་བ་ནི་དེ་བས་ཀྱང་མིན།
རྒྱུ་མཚན་ནི། བན་ཕྱོགས་ཀྱི་ལོ་རྒྱུས་རྙིང་གྲལ་རྣམས་སུ་སྲོང་བཙན་གོང་གི་རྒྱལ་དུས་སུ་སྒྲུང་ལྡེའུ་བོན་གསུམ་རྒྱ་ཆེར་བྱུང་ཚུལ་བཤད་པ་འོག་ཏུ་གསལ། གཞུང་ལུགས་རྒྱ་ཆེར་དེ་འདྲ་ཞིག་ཐག་མདུད་དང་གཟུགས་རིས་ཀྱི་ལམ་ནས་གོ་བརྡ་སྤྲོད་ཐབས་མེད་པ་ཞིག་ཡིན།
ཐོན་མིས་བོད་ཡིག་བྱས་ཚུལ་གྱི་ཐོག་མའི་གླེང་གཞི་དཔེ་མཚོན་ཙམ་ཞིག་འདིར་བཀོད་ན། བཀའ་ཆེམས་ཁ་ཁོལ་མ་(གཏེར་མ། ཇོ་བོ་རྗེ་ཨ་ཏི་ཤ། གཏེར་བཏོན་ལོ། 1049 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས 105) ལས། “ཐོན་མི་སམ་བྷོ་ཊས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ནས་བྲམ་ཟེ་ལི་བྱིན་ཏི་ཀ་བྱ་བའི་ཡིག་མཁན་ཅིག་དང་མཇལ་ནས། བྲམ་ཟེ་དེ་ལ་ཁྱེད་ཀྱིས་ང་ལ་ཡི་གེ་སློབ་དང་ཅེས་ཞུས་ནས་གསེར་དེའི་ཕྱེད་ཕུལ་བས། བྲམ་ཟེ་ན་རེ། ངས་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་ཤེས་པས། བོད་ཕྲུག་ཁྱོད་ཡི་གེའི་ལུགས་གང་ལ་སློབ་ཟེར་ཏེ་བྲམ་ཟེས་བོད་ཕྲུག་ཁྲིད་ནས་རྒྱ་མཚོའི་འགྲམ་ན་རྡོ་རིངས་ཅིག་ལ་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་བཀྲ་ལམ་མེ་བ་བྲིས་བསྐོས་ཡོད་པ་དེ་བསྟན་པས། བོད་ཕྲུག་ན་རེ་ང་ཡི་གེ་འདི་སློབ་པོ་ཟེར་ནས་བོད་ཀྱི་ཡི་གེའི་ལུགས་འདི་བསླབས་སོ།” ཞེས་སོ།
བཤད་སྟངས་དེ་ལ་གཞིགས་ན་ཐོན་མིས་ཡིག་གཟུགས་གསར་རྩོམ་མི་དགོས་པ་ད་ལྟའི་བོད་ཡིག་འདི་རྒྱ་གར་གྱི་ཡིག་རིགས་ཞིག་ཡིན་པར་མངོན་སུམ་དུ་བསྟན་འདུག་པས། དེ་ལྟར་ན་བོད་མཁས་རྣམས་ཀྱིས་ཐོན་མིས་བོད་ཡིག་གསར་དུ་བྱས་ཚུལ་སྐོར་ཀྱི་ལོ་རྒྱུས་མི་མཐུན་པ་སྣ་ཚོགས་སུ་བཤད་དགོས་པའི་རྒྱུ་མཚན་རྩ་བ་ནས་མི་འདུག་སྙམ། འོན་ཀྱང་ཐོན་མིས་བོད་ཡིག་གསར་དུ་བྱས་ཚུལ་ལ་བཤད་སྟངས་སྣ་ཚོགས་མཆིས་ཏེ།
འགའ་ཞིག་གིས་ཐོན་མིས་ལན་ཚ་ལ་དཔེ་བྱས་ནས་བོག་ཡིག་བཟོས་ཟེར། འགའ་ཞིག་གིས་ཝརྟུ་ལ་དཔེ་བླངས་ནས་བྱས་ཟེར། འགའ་ཞིག་གི་ནཱ་ག་རའི་ཡི་གེ་ལ་དཔེ་བླངས་ནས་བྱས་ཟེར། འགའ་ཞིག་གིས་ཁ་ཆེའི་ཡི་གེ་ལ་དཔེ་བླངས་ནས་བྱས་ཟེར། འགའ་ཞིག་གིས་གུཔྟའི་ཡི་གེ་ལ་བལྟས་ནས་བཟོས་ཟེར། འགའ་ཞིག་གིས་ཞང་ཞུང་ཡི་གེ་ལ་དཔེ་བླངས་ནས་བཟོས་ཟེར། འགའ་ཞིག་གིས་དེ་དག་ཐམས་ཅད་ནང་ནས་ལེགས་སྒྲུག་བྱས་ཟེར་བ་སོགས་ངེས་བརྟན་མེད་པའི་བཤད་སྲོལ་འདྲ་མིན་སྣ་ཚོགས་ཞིག་བྱུང་འདུག
ལོ་རྒྱུས་ཕལ་མོ་ཆེ་རྣམས་སུ་ཐོན་མིས་བོད་ཡིག་ཇི་ལྟར་བཟོས་ཚུལ་བཤད་པ་ནི། རྒྱ་གར་གྱི་དབྱངས་ཡིག་བཅུ་དྲུག་ནང་ནས་བོད་ཡིག་གི་དབྱངས་བཞི་བླངས་པ་དང་། རྒྱ་ཡིག་གསལ་བྱེད་སོ་བཞི་ལས་ཉེར་གསུམ་འདམ་སྒྲིག་བྱས། སྲོག་ཡིག་ཨ་གསལ་བྱེད་ཀྱི་མཐར་སྦྱར་བས་མཐའ་སྡོམ་དབྱངས་གསལ་ཉེར་བརྒྱད་གྲུབ་ཀྱང་། དེས་བོད་སྐད་སྦྱོར་སྡེབ་ལ་མ་འདང་། དེའི་སྟེང་ཡི་གེ་དྲུག་མ་རྙེད་ཐོན་མི་ཐུགས་མུག་ནས་བསྡད་སྐབས། ཁ་ཅིག་གིས་རྒན་མོ་ཞིག་གི་ངག་ནས་བསླབས་ཟེར། ཁ་ཅིག་གིས་ཉམས་སྣང་ལ་མི་ནག་རྟ་ནག་ཞོན་པ་ཞིག་གིས་བསླབས་ཟེར། ཁ་ཅིག་གིས་རྒན་པོ་ཕྱག་མཁར་ཐོགས་པ་ཞིག་གིས་བསླབས་ཟེར།
གང་ལྟར་ཡང་འདིར་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་བཤད་པ་ལྟར་བཀོད་ན། དེ་ཉིད་(རྩོམ་པ་པོ། ཉང་ཉི་མ་འོད་ཟེར། དུས་རབས་12། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས། 159)ལས། “སམ་བྷོ་ཌ་ཡིས་རྒྱ་གར་གྱི་ཡི་གེ་བཞི་བཅུ་རྩ་དྲུག་ལ་སྤྲོས་པས། བོད་ཡིག་ཉི་ཤུ་རྩ་བཞི་ལས་མ་རྙེད་ནས་སྨྲ་བ་བསྡེབས་སུ་མ་འདོད་ནས་སྐད་མ་ཁུགས་ཏེ་ཁོང་དབུ་འཐོམས་ཏེ་ཉལ་ནས་འདུག་པ་མནལ་དུ་སོང་བ་དང་མནལ་སད་པའི་ཚེ་རང་གི་རྩ་ན་སྐྱེས་བུ་རྒད་པོ་ཕྱག་མཁར་ཐོགས་པ་ཞིག་འདུག་ནས་ཁྱོད་གང་ནས་འོངས། གར་འགྲོ། ཅི་བྱེད་པ་ཡིན། རིགས་གང་ཡིན། ངའི་སྒོ་བསྡམས་པ་ལ་གང་ནས་ཐར་ཞེས་སྨྲས་པས། རྒད་པོ་དེ་ན་རེ། ཆོས་ཉིད་གཤིས་ལ་གོང་འོག་མེད། ཡང་དག་དོན་ལ་བྱ་བྱེད་མེད། ནམ་མཁའ་[ལམ་དུ་]བྱས་པ་ལ། སྒོ་ཆ་བསྡམས་པ་ག་ལ་ཐུབ། ཟེར་རོ།
དེ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་རིག་ནས་ཡང་ཡང་དུ་དྲིས་པས་རྒན་པོ་ན་རེ། ང་ཞང་ཞུང་མི་ཡུལ་ནས་འོངས། ཟ་ཧོར་གྱི་ཡུལ་དུ་འགྲོ་ཟེར། ཐག་ཇི་ཙམ་ཡོད་བྱས་པས་ཅི་ཆ་ཡོད་ཟེར། འཚོ་རྒྱགས་ཅི་ཡོད་བྱས་པས་ཇ་ཡོད་ཟེར། རིགས་ནི་འ་ཞའི་ཡིན་ཟེར། མི་སྣང་བར་སོང་ངོ་། དེར་སམ་བྷོ་ཌས་བསམས་པས་རིགས་འ་ཞ་ཡིན་ཟེར་བས་འ་རྙེད། ཞང་ཞུང་ནས་ཡོངས་ཟེར་བས་ཞ་རྙེད། ཟ་ཧོར་ཡུལ་དུ་འགྲོ་ཟེར་བས་ཟ་རྙེད། ཐག་ཇི་ཙམ་བྱས་པས་ཅི་ཆ་ཡོད་ཟེར་བས་ཅ་དང་ཆ་རྙེད་དོ། རྒྱགས་ཅི་ཡོད་བྱས་པས་ཇ་ཡོད་ཟེར་བས་ཇ་རྙེད།” ཅེས་བཤད་དོ།
དེ་ནི་ཕལ་ཆེར་རྣམ་དཔྱོད་གང་ཡང་མེད་པའི་སྐྱེ་བོ་ཞིག་གིས་གང་དྲན་བྱུང་རྒྱལ་དུ་སྨས་པ་དེར་བཀོད་པར་གསལ་ཏེ། ཐོན་མི་མཁས་པ་ཆེན་པོ་ཞེས་གླེང་བཞིན་དུ་ཁོང་གིས་དེའི་གོང་དུ་ཞང་ཞུང་དང་ཟ་ཧོར་འ་ཞ་ཇ་སོགས་དྲན་མ་མྱངས་པ་དང་། རྒན་པོ་དེའི་སྐད་ཆ་ལ་ཉན་ཏེ་གཞི་ནས་དེ་ཚོ་བློ་ལ་ཤར་བ་དང་དུས་མཉམ་དུ་ཡིག་དྲུག་ངེས་པ་ནི་བསྟོད་ར་སྨད་རར་སོང་བ་ལྟ་བུ་ཅི་འདྲའི་ཡ་མཚན་ཞིག་རེད། དེ་འདྲའི་མིང་གོ་བ་ཙམ་གྱིས་ཡིག་འབྲུ་བློ་ལ་ཤར་ཐུབ་ན་རྒྱ་ཡིག་ལ་དཔེ་ལེན་དགོས་དོན་མི་འདུག་སྟེ། ཀ་བ་ཞེས་པའི་སྒྲ་ཐོས་པས་ཀ་དང་བ་བཟོ་ཆོག་ལ། ཁང་པ་ཞེས་པའི་སྒྲ་ཐོས་པས་ཁ་དང་པ། ཐོན་མི་ཨ་ནུ་ཞེས་ཐོས་པས་ཐ་དང་མ་ཨ་ན་སོགས་བཟོ་ཆོག་པ་ཅིའི་ཕྱིར་མི་འགྲུབ། མ་གཞི་ཐོན་མིས་ཡི་གེ་ཉེར་བཞི་བཟོས་ཚར་ནས་དེས་མི་འདང་བར་དེའི་སྟེང་ཡི་གེ་དྲུག་དགོས་པ་ཤེས་བཞིན་དུ་ཡི་གེ་དྲུག་དེ་གང་དང་གང་ཡིན་ཅིའི་ཕྱིར་མི་ངེས། དེའི་གོང་དུ་བོད་ལ་ཡི་གེ་མེད་པའི་དབང་དུ་བཏང་ན་ཡང་ཡི་གེའི་་སྒྲ་གདངས་ཚང་མ་ཡོད་པ་དཔེར་ན་ཞ་དང་འ་ཡི་སྒྲ་གདངས་ཡིག་གཟུགས་ལ་མ་ལྟོས་ནས་ཡོད་པ་བཞིན་ནོ།
ཐོན་མིས་ཡི་གེ་གསར་དུ་བྱས་ཟེར་བ་དེ་ཡིག་གཟུགས་གསར་དུ་བཟོས་པ་ལ་གོ་བ་མ་གཏོགས་ཡི་གེའི་སྒྲ་གདངས་བཟོས་པ་ཅི་ལ་གོ། ཐོན་མིས་ཞང་ཞུང་དང་ཟ་ཧོར་ཞེས་པའི་སྒྲ་ཐོས་པ་ལ་བརྟེན་ནས་ཞ་གཟུགས་དང་ཟ་གཟུགས་གང་འདྲ་བྱེད་དེ་བློ་ལ་ཤར་ཐུབ། དེ་འདྲའི་སྒྲུང་གཏམ་དེ་ལ་གཞིགས་ན་ཐོན་མིས་ཡི་གེ་བཟོས་ཟེར་བ་དེ་ཡིག་གཟུགས་བྱས་པ་ལ་མི་གོ་བ་སྒྲ་གདངས་བཟོས་པ་རང་བཞིན་གྱིས་གོ་ནུས་སོ། དོན་དངོས་ཐོག་རྣམ་འཔྱོད་ཀྱི་བློ་གྲོས་མངའ་བའི་བན་དྷེའི་མཁས་དབང་མང་དག་ཅིག་གིས་བོད་ཡིག་ནི་ལོ་ངོ་སྟོང་ཕྲག་ཉིས་གསུམ་གོང་ནས་ཡོད་པའི་དགོངས་ཚུལ་དང་ཞལ་བཞེས་གནང་ཡོད་པས་རྣམ་དཔྱོད་ཅན་གྱི་གཞོན་རིགས་རྣམས་མཁས་དབང་དེ་དག་གིས་རྗེས་སུ་འབྲེང་བར་སྨོས་ཅི་དགོས། །
དེར་མ་ཟད་ཐོན་མིའི་གོང་དུ་བོད་ལ་ཡི་གེ་མེད་པར་འདོད་ན་བན་བོན་གཉིས་ཀའི་ལུང་རིགས་བརྒྱ་ཕྲག་གིས་གནོད་པ་ཡོད་དེ། ལུང་གིས་གནོད་པ་ནི། སྲོང་བཙན་དགུང་ལོ་ཆུང་ངུའི་སྐབས་རིག་པའི་གནས་ལྔ་ལ་མཁས་པའི་ཚུལ་དང་། བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་དུས་སུ་ཁམས་བརྒྱད་ལས་སོགས་བོན་པོའི་ཆོས་མང་པོ་ཞིག་ཞང་ཞུང་ནས་བོད་དུ་བསྒྱུར་བའི་ཚུལ་བཤད་པ་ནི། རྒྱལ་རབས་གསལ་བའི་མེ་ལོང་(རྩོམ་པ་པོ། ས་སྐྱ་བསོན་ནམས་རྒྱལ་མཚན། འཁྲུངས་ལོ། 1312 མི་རིགས་དཔེ་སྐྲུན་ཁང་། ཤོས་ངོས། 57)ལས། “རྒྱལ་བློན་འདི་(སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་)གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིངས་སུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད།” ཅེས་དང་། ཤོག་ངོས། 64)ལས། “དེར་རྒྱལ་བུ་དེ་ནར་ལོན་དུས། བཟོ་དང། རྩིས་དང་། སྒྱུ་རྩལ་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པས། བློན་པོ་རྣམས་ན་རེ། འོ་ཅག་ཚོའི་རྗེ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཏེ། ཐུགས་ཤིན་ཏུ་སྒམ་མོ་ཟེར་བས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། དེ་ནས་རྒྱལ་པོ་དེ་དགུང་ལོ་བཅུ་གསུམ་ལོན་དུས། ཡབ་འདས་ཏེ། རྒྱལ་སར་བྱོན་པ་ཡིན་ནོ།” ཞེས་གསུངས་པ་དེ་དག་གིས་ཀྱང་ཐོན་མི་རྒྱ་གར་ལ་མ་ཕྱིེན་སྔོན་དུ་བོད་ལ་ཡི་གེ་ཡོད་པ་གྲུབ་སྟེ། ཡིག་རྨོངས་ཅན་གྱིས་རིག་གནས་ལ་མི་མཁས་པ་དང་རིག་གནས་ལ་མཁས་ན་ཡི་གེ་ལ་བརྟེན་དགོས་པ་དོན་དངོས་ཡིན་པ་མ་ཟད། ཁམས་བརྒྱད་བོད་སྐད་དུ་བསྒྱུར་ན་ཡི་གེའི་ལམ་ནས་འགྲོ་དགོས་པ་མ་བརྟགས་ཀྱང་ཤེས་ནུས་སོ།
སྲོང་བཙན་རང་ལོ་བཅུ་དྲུག་ལ་བལ་བཟའ་བླངས་སྐབས་བཀའ་ཤོག་གི་སྒྲོམ་བུ་བསྐུར་བའི་ལོ་རྒྱུས་ཡོད་དེ། བཀའ་ཆེམས་ཀ་ཁོལ་མ་(ཤོག་ངོས། 134)ལས། “ཡང་བློན་པོ་མགར་ན་རེ། རྒྱལ་པོ་ལགས། འཕྲིན་རེ་ལ་ཕར་འགྲོ་བྱས་ན་ལྷ་ཅིག་སྤྱན་འདྲོངས་པའི་དུས་མི་ཡོང་། བལ་བོད་གཉིས་ལམ་ཐག་རིང་ནས་དེ་འདྲ་མི་འགྲུབ་ནས། དངུལ་གྱི་སྒྲོམ་བུ་དེ་རྒྱལ་པོའི་ཕྱག་ཏུ་གཏད་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་བསྐུར་བའི་བཀའ་ཤོག་དེ་ལ་གཟིགས་པས།” ཞེས་སོ།
གལ་སྲིད་སྲོང་བཙན་ཡིག་རྨོངས་ཅན་ཡིན་ན་བཀའ་ཤོག་བྲིས་པར་བཤད་པ་ཅིའི་ཕྱིར་མི་འགལ། དེ་བལ་ཡིག་ལ་བྲིས་པར་བཤད་དོ། ཞེ་ན། དེ་ནི་བློ་རྣལ་དུ་བབས་པའི་སྐད་ཆ་ཞིག་མིན་ཏེ་དེའི་སྔོན་སྲོང་བཙན་གྱིས་བལ་ཡིག་སྦྱངས་པའི་ལོ་རྒྱུས་མེད་པ་དེ་རེད། སྤྲུལ་པའི་སྐུ་མཆོག་ལ་སོགས་པ་སྨྲ་ན་བོད་ཡིག་མི་ཤེས་པའི་རྒྱུ་མཚན་མེད་པ་དང་། རྗེས་སུ་ཐོན་མིར་དགེ་རྒན་བསྟེན་ནས་ལོ་གསུམ་བཞིར་ཡི་གེ་སྦྱངས་པར་བཤད་པ་འགལ་བའི་ཁུག་ཆེན་མ་ཡིན་ནམ།
དམ་པའི་ཆོས་ཐོག་མར་བོད་ལ་བྱུང་ཚུལ་བཤད་པའི་སྐབས་སུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་གནམ་ནས་བབས་དུས་རྒྱལ་པོས་གཟིགས་པས་གླེག་བམ་དེ་བོན་དང་ཆོས་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བར་མནོ་ཚུལ་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་བཤད་དེ། དེ་ཉིད་(ཤོས་ངོས། 151)ལས། “ནམ་མཁའ་ནས་ཚུར་ལ་ཉི་མའི་ཟེར་དང་འགྲོགས་ནས་འོད་ཟེར་སྣ་ལྔའི་སྣ་ལ། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་ཞིག་ཐོག་བབས་སུ་བྱོན་པ་ལས། དེ་རྒྱལ་པོས་ཁ་ཕྱེས་ནས་གཟིགས་པས་གླེགས་བམ་ཞིག་འདུག་སྟེ། དེ་ཆོས་དང་བོན་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བ་ཞིག་འདུག་སྟེ།” ཞེས་སོ། གལ་སྲིད་སྐབས་དེར་བོད་ལ་ཡི་གེ་མེད་ན་རྒྱལ་པོས་གླེགས་བམ་དེ་ལ་བོན་དང་ཆོས་གང་ཡིན་གྱི་དཔྱད་པ་མི་ཞུགས་པར་བླུན་པོ་ཡིན་ཡང་རྟོགས་ནུས་པ་དང་། སྐབས་དེར་བོད་ལ་ཡི་གེ་འབྲི་སྲོལ་ཡོད་པ་དེ་ག་རང་ནས་ཤེས་ཐུབ།
ཡང་དེ་ཉིད་(ཤོག་ངོས། 152)ལས། “བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ།” ཞེས་བཤད་པས་གནའ་སྔ་མོ་ནས་བོད་ཡིག་ཐོན་མིས་གསར་བཟོ་བྱས་ཚུལ་ལ་དགག་པ་བྱེད་མཁན་ཡང་ཡོད་པར་བཤད་པ་མ་ཟད་ཆོས་འབྱུང་འདིའི་རྩོམ་པ་པོས་ཀྱང་བོད་ཡིག་ཐོན་མིའི་གོང་དུ་གྲུབ་པར་ཡི་རངས་ཡོད་པ་ཤུགས་ལ་བསྟན་ཏོ། གནམ་རི་སྲོང་བཙན་ཡན་རྒྱལ་རབས་སོ་གཉིས་རིང་སྒྲུང་ལྡེའུ་བོན་གསུམ་དར་ཚུལ་ལོ་རྒྱུས་རྣམས་སུ་ཤིན་ཏུ་གསལ་བ་ནི། བཀའ་ཆེམས་ཀ་ཁོལ་མ་(ཤོག་ངོས། 6)ལས། “ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན། བསླབ་པ་གསུམ་ལ་འཇུག་པ་གོ་བར་བྱ་བའི་ཕྱིར་གཡུ་རུང་(གཡུང་དྲུང་)གི་བོན་བསྟན”། ཞེས་གསུངས་སོ།
དེ་འདྲའི་སྒྲུང་ལྡེའུ་བོན་གསུམ་ནི་ཚིག་འགའ་ཙམ་མ་ཡིན་པ་རྒྱལ་སྲིད་སྐྱོང་བྱེད་དང་མིའི་བློ་སྒོ་འབྱེད་བྱེད་དུ་གསུངས་པའི་གཞུང་ཆེན་དེ་དག་གང་དང་གང་ཡིན་པའི་ཚུལ་གསལ་བར་བཤད་པ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་(རྩོམ་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། རྩོམ་ལོ། 1545 མི་རིག་དཔེ་སྐྲུན་ཁང་། ཤོག་ངོས། 89)ལས། “མ་འོངས་སྔགས་དང་འདུལ་བ་འབྱུང་བའི་ལྟས། གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་།” ཞེས་དང་། “འབྲས་བུའི་བོན་རིགས་ལྔ་གཡུང་དྲུང་བླ་མེད་ཀྱི་ཐེག་པ་ཞེས་འབྲས་བུ་བདེ་འགྲོ་མཐོ་རིས་ཐོབ་པར་འདོད་པ་དང་། རྒྱུའི་བོན་རིགས་བཞི་སྐད་པ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་གཡང་འགུགས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་ཡས་དང་མདོས་གཏོང་འགལ་རྐྱེན་སེལ། ཆ་(ཕྱྭ་)གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་སྟོན་ཟག་བཅས་ཀྱི་མངོན་ཤེས་འཆད། དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གཤིན་རྩིས་བྱེད།” ཅེས་དང་། “མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། རོ་ལང་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་ཀྱི་སྒྲུང་དང་། མཆིལ་པའི་སྒྲུང་སོགས་ཉན་བཤད་དང་། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྲོད། སྲང་ལ་ཐེམ་གཉེར་ལྦ་བ་ཆེ་ཅི་ཡིན། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན་ཞེས་འདྲི་སོགས་ཏེ་བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད། དེ་ཡིས་བོད་རྣམས་ཅུང་ཟད་བློ་ཁ་ཕྱེ། རྒྱལ་པོ་ཡབ་སྲས་འདི་གཉིས་སྟོད་ཀྱི་སྟེངས།” ཞེས་སོ། དེ་ལྟར་བོད་རྒྱལ་གྲི་གུམ་བཙན་པོ་དང་། དེའི་སྲས་སྤུ་ལྡེ་གུང་རྒྱལ་གཉིས་ཀྱི་དུས་སུ་རིག་གནས་རྒྱ་ཆེར་དེ་འདྲ་ཞིག་ཡོད་པ་བཤད་བཞིན་དུ་ད་དུང་ཡི་གེ་མེད་ཟེར་ན་བརྗོད་བྱ་མེད་པ་སྨྱོན་པའི་ངག་ལྟར་འགྱུར་བ་ནི་སྨོས་ཅི་དགོས།
སྲོང་བཙན་གོང་དུ་བོད་པས་ཡི་གེའི་བརྒྱུད་ནས་ཕན་ཚུན་བརྡ་སྤྲོད་ཚུལ་ཏོན་ཧུང་ཡིག་རྙིང་གིས་ཀྱང་གསལ་བཤད་བྱས་ཏེ། གནམ་རི་སྲོང་བཙན་གྱི་སྐབས་སུ་སུག་ལས་བགྱིས་ཚུལ་བཤད་པ་ནི། ཏུན་ཧོང་ཡིག་རྙིང་ལས་འཕྲོས་པའི་དོན་གནད་གསུམ། (རྩོམ་པ་པོ། ཆབ་མདོ་བློ་བཟང་ཤེས་རབ། བོན་སྒོ་ཨང་ཉེར་གཉིས་པ། སྤྱི་ལོ། 2009 ཤོས་ངོས། 105)ལས་གསལ་བས་འདིར་བསྐྱར་བཟློས་མི་དགོས་པར་དེར་གཟིགས་མཛོད། དེ་ཡང་སུག་ལས་བགྱིས་ཞེས་པ་དེ་ཡིག་ལས་བྱས་ཞེས་པ་ལ་གོ་དགོས་པ་ལས་གཞན་པའི་གོ་དོན་གང་ཡང་མེད་པར་གནམ་རི་སྲོང་བཙན་གྱི་བློན་པོ་མོང་ཁྲི་དོ་རེ་སྣང་ཚབ་ཀྱི་འཛངས་ཚད་བཤད་པ་དེ་རང་གིས་ཤེས་སོ། ནམ་རྒྱུན་ཁྱོད་ཚོས་སྲོང་བཙན་གོང་དུ་ཡི་གེ་མེད་པར་སྒྲུབ་བྱེད་ཏུན་ཧོང་ཡིག་རྙིང་ལས་གསུངས་པ། “བོད་ལ་སྔ་ན་ཡི་གེ་མེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་།” ཞེས་པ་འདི་བྱེད་ཀྱིན་ཡོད་ཀྱང་ཏུན་ཧོང་ཡིག་རྙིང་གིས་སྲོང་བཙན་གོང་དུ་ཡི་གེ་ཡོད་པར་བཤད་པ་སྔར་ལྟར་ཡིན་ལ།
ད་དུང་འདིར་དམིགས་ཀྱིས་བཀར་ནས་བཤད་ན། དེབ་ཐེར་དཀར་པོ།(རྩོམ་པ་པོ། དགེ་འདུས་ཆོས་འཕེལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 95)ལས། “བཙན་མོའི་ཞལ་ནས། བཙན་པོ་དྲལ་ལ། བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས་སོ། བཙན་པོ་ཞལ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་ལ་གློ་བ་དགའ་འོ།” ཞེསདང་། “རྨང་ཆུང་སླར་བཙན་པོའི་སྤྱན་སྔར་མཆིས་ནས། བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ནི་ཅང་མ་མཆིས། མགུར་བླངས་པའི་ཚིག་ནི་འདི་ཞེས་མཆི།” ཞེས་གསུངས་པ་འདི་ནི་ཏུན་ཧོན་ཡིག་རྙིང་ལས་དྲངས་པ་ཡིན་ལ་སྐབས་དེར་ཡི་གེ་འབྲི་སྲོལ་ཡོད་པའི་རྒྱུ་མཚན་ནི་དེས་གསལ་བཤད་བྱས་པས་བློ་མུན་ནག་གིས་གཏུམས་བསྡད་ན་མ་གཏོགས་རྟོགས་སླ།
དེ་ནི་ཐོན་མིའི་ཡི་གེ་ཡིན་ཟེར་ན། ཐོན་མིས་ཡི་གེ་བཟོས་པའི་དབང་དུ་བཏང་ནའང་ཁོ་ཡི་ཡི་གེ་ཡིན་སྲིད་ཐབས་ཞིག་མེད་དེ། སྲོང་བཙན་གྱིས་ཞང་རྒྱལ་བརླགས་པའི་དུས་ནི་སྤྱི་ལོ་༦༤༤ལ་ཡིན་པ་ནི། བོད་བཙན་པོའི་རྒྱལ་རབས་(སྒྲིག་རྩོམ་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། སྲོང་བཙན་དཔེ་མཛོད་ཁང་། ཤོག་ངོས། 218)ལས། “དེ་ནས་ལོ་གསུམ་ན། (སྤྱི་ལོ་༦༤༤ལོར།) བཙན་པོ་ཁྲི་སྲོང་བཙན་སྒམ་པོའི་རིང་ལ། ཞང་ཞུང་རྒྱལ་པོ་ལིག་སྙ་ཤུར་གྱི་ཆབ་སྲིད་གཏོར་བརླགས་བཏང་ནས། ཞང་ཞུང་ཐམས་ཅད་བོད་ཀྱི་མངའ་འོག་ཏུ་བསྡུས་སོ།” ཞེས་བཤད་པས་ད་དུང་ཐོན་མིས་ཡི་གེ་བཟོ་མ་ཐུབ་པར་འོག་ཏུ་འབྱུང་། དེ་ལྟར་ལོ་རྒྱུས་ཁུངས་མ་རྣམས་སུ་སྲོང་བཙན་གོང་ནས་བོད་ལ་ཡིག་སྦྱོར་གྱི་ལམ་ནས་རིག་པའི་གནས་ལ་ལོངས་སུ་སྤྱད་ཡོད་པར་ཤིན་ཏུ་གསལ།
རིགས་པས་གནོད་པ་ནི། གནའ་སྔ་མོའི་དུས་སུ་ཞང་ཞུང་ནི་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་། ལག་རྩལ་གྱི་ཆུ་ཚད་ཀྱང་ཧ་ཅང་མཐོ་ཞིང། བཟོ་ལས་ཀྱི་ཐོན་སྐྱེད་སུས་ཀྱང་འགྲན་ཟླ་ཚད་ཐུབ་མེད་པ་ཞིག་ཡིན་པའི་ཚུལ་ནི། དེང་སང་ཚན་རིག་གི་ལག་རྩལ་ཚད་གཞི་མཐོ་པོ་འདི་འདྲ་ཡོད་ནའང་སུས་ཀྱང་གསར་བཟོ་བྱེད་མི་ཤེས་པའི་རིན་ཐང་ཤིན་ཏུ་ཆེ་བའི་གཟི་ཡིས་གསལ་སྟོན་བྱས་ཡོད། གཟིའི་རི་མོ་དང་དེ་དག་གི་རྫས་སྦྱོར་གང་འདྲ་ཞིག་ལ་བརྟེན་ནས་བཟོས་ཡོད་མེད་ཁ་ཚོན་གཅོད་མ་ཐུབ་པ་ད་དུང་ལྷག་ཡོད།
གཟི་ཡི་འབྱུང་ཁུངས་ནི་ཞང་ཞུང་དང་བོད་རང་ནས་ཡིན། དེ་དང་ཕྱོགས་མཚུངས་རིག་གནས་ཕུན་ཚོགས་ཡོད་པ་ཡང་སྨོས་ཅི་དགོས། བོད་འདི་ཡང་གཉའ་ཁྲི་བཙན་པོ་ནས་བཟུང་ཞང་ཞུང་ལས་ལོགས་སུ་ཡོད་པའི་རྒྱལ་ཁབ་ཅིག་ཆགས་པ་མ་ཟད། ཆབ་སྲིད་དང་དཔལ་འབྱོར་ལག་རྩལ་རིག་གནས་སོགས་སྣ་འཛོམ་ཡོད་པ་ཞིག་ཡིན། ལྷག་པར་གཉའ་ཁྲིའི་དུས་ནས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་རིག་གནས་དང་། དེའི་ནང་ནས་སྨན་རྩིས་ཀྱི་ཤེས་རིག་ཚད་གཞི་མཐོ་པོ་ཡོད་པ་དང་། དེ་ནས་བཟུང་དེ་དག་མུ་མཐུད་ཡར་རྒྱས་གཏིང་ཟབ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ཚུལ་བན་བོན་གཉིས་ཀའི་ལོ་རྒྱུས་ནང་དུ་ཁེངས་ནས་བསྡད་ཡོད། རྒྱལ་ཁབ་གང་ཞིག་ལ་རིག་གནས་རྒྱ་ཆེ་གཏིང་ཟབ་དེ་འདྲ་ཞིག་ཡོད་ཕྱིན་ཆད་ཡིག་སྦྱོར་གྱི་བྱ་བ་མེད་ཟེར་ན་རིགས་ལམ་ལས་ཡོངས་སུ་འགལ་ཞིང་མཁས་བླུན་སུས་ཀྱང་རྣ་བར་མི་འགྲོ་བའི་སྐད་ཆ་ཞིག་རེད་སྙམ།
དེར་མ་ཟད་རྒྱ་དཀར་ནག་དང་། ཁྲོམ་ཨོ་རྒྱན། གྲུ་གུ། འ་ཞ། བལ་པོ། ཏ་ཟིག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རིག་གནས་ལ་ཡར་རྒྱས་དང་ཡིག་ལམ་ལ་བསྐྱོད་བཞིན་དུ་བོད་པས་དེ་ལ་བལྟ་ཙམ་མི་ཤེས་པ་སྲོང་བཙན་བར་དུ་མགོ་འཐོམས་ནས་འདུག་པའི་རྒྱུ་མཚན་ཡང་འཇོག་དཀའ།
གལ་སྲིད་བོད་ཡིག་འདི་ཐོན་མིས་བཟོས་ཡོད་ན་རྡོ་རིང་དང་དྲིལ་བུའི་ཁ་བྱང་ཏུན་ཧོང་ཡིག་རྙིང་སོགས་ནི། བརྡ་སྤྲོད་ཀྱི་འགྲོས་དང་། སྙན་ངག་གི་ཉམས། རྩོམ་ཚུལ་གྱི་གཤིས་གང་ཅིའི་ཐད་ནས་སློབ་དཔོན་ཐོན་མིས་བརྩམས་པའི་སུམ་རྟགས་དང་། ཁོང་གིས་སློབ་དཔོན་ལི་བྱིན་ལ་ཕུལ་བའི་བཀའ་དྲིན་ཆེ་བརྗོད་དང་། སྲོང་བཙན་གྱིས་ཐོན་མི་ལ་བཀུར་བསྟི་དང་སྲི་ཞུ་བློར་མི་ཤོང་བར་གནང་བ་ལ། བློན་པོས་ཕྲག་དོག་བྱས་པར་ཐོན་མིའི་ཕྲག་དོག་འཇོམ་པའི་ཚིག་བཅད། སྲོང་བཙན་ལ་ཐོན་མིས་ཕུལ་བའི་ཡིག་ཕུད་བྱ་དཀའ་བའི་སྙན་ངག་དེ་དག་དང་མཐུན་དགོས་པ་དོན་དངོས་ཡིན་ཡང་དེ་དང་རྩ་བ་ནས་མི་འདྲ་འདུག་པ་ནི་རྒྱུ་མཚན་ཅིས་ཉེས། དེ་ལ་དཔྱད་པ་བཏང་ན་རྡོ་རིང་དང་ཏུན་ཧོང་གི་ཡི་གེ་ཁོ་རང་རང་གིས་ཁ་གྲག་པ་ལྟ་བུ་ང་ནི་ཐོན་མིའི་ཤུགས་རྐྱེན་གཏན་ནས་མེད་ཟེར་གྱིན་མི་འདུག་གམ།
དེར་མ་ཟད་དེའི་སྔོན་དུ་ཡི་གེ་མེད་ནས་བོད་ཡིག་འདི་ཐོན་མིས་གསར་དུ་བྱས་ཡོད་ན་ཡི་གེ་ཇི་ལྟར་བཟོས་ཚུལ་ཐོན་མི་རང་གིས་ལོ་རྒྱུས་ཞིབ་ཕྲ་ཡིག་ཐོག་ཏུ་འབྲི་དགོས་ངེས་ཡིན་ཡང་དེ་ཡང་སྟོན་རྒྱུ་མེད། སློན་དཔོན་ཐོན་མི་དེ་འདྲ་བྱས་རྗེས་ཅན་གྱི་བློན་པོ་ཞིག་ཡིན་ན་བཙན་པོས་གཟེངས་བསྟོད་ཀྱི་བྱ་དགའ་གསལ་བའི་མེ་ལོང་རྡོ་རིང་ཞིག་ཡོད་ངེས་ཀྱང་དེ་མཐོང་ཡུལ་དུ་མ་གྱུར། སྐབས་དེའི་དུས་ཀྱི་བྱ་བཞག་རག་ཙམ་གསལ་བའི་ཏུན་ཧོང་ཡིག་རྙིང་ལས་ཐོན་མི་ཟེར་བའི་མིང་ཙམ་ཡང་མཐོང་རྒྱུ་མེད་པ་སོགས་ལ་བལྟས་ན་རྣམ་དཔྱོད་དང་ལྡན་པ་དག་གིས་བོད་ཡིག་ཐོན་མིས་གསར་དུ་བྱས་ཟེར་བ་དེ་ལ་ཐེ་ཚོམ་མི་ཟ་ཀ་མེད་རེད།
ད་དུང་ཐོན་མིས་བོད་ཡིག་གསར་བཟོའི་དུས་ཚིགས་སྐོར་ལ་དཔྱད་པ་བཏང་བ་ཡིན་ན། སྤྱི་ལོ་༦༣༢ ལ་རྒྱལ་པོ་སྲོང་བཙན་སྒམ་པོས་དགུང་ལོ་བཅུ་དྲུག་ཐོག་ཏུ་བལ་བཟའ་ཁབ་ཏུ་བཞེས། དེའི་ཕྱི་ལོ་སྤྱི་ལོ་༦༣༣ལ་ཐོན་མི་རྒྱ་གར་ལ་བཏང་། ཐོན་མིས་ལོ་བདུན་རིང་རྒྱ་གར་བཞུགས་ནས་སློབ་སྦྱོང་གནང་ཟེར་བ་འདུག་ཀྱང་དེ་ལས་མང་བ་བཞུགས་ཡོད་པ་ཅི་ནས་ཀྱང་སྲིད་དེ། དུས་ཡུན་ཐུང་ངུ་དེ་འདྲ་ཞིག་གི་ནང་དུ་རྒྱ་གར་སྐད་ཡིག་དང་རིག་པའི་གནས་བཅས་ལ་ཐོགས་རྡུགས་མེད་པར་ཤེས་རྒྱུ་ཕལ་ཆེར་མི་སྲིད་པ་རེད།
གང་ལྟར་ཡང་སྤྱི་ལོ་༦༤༦ བར་དུ་བོད་ཡིག་གསར་བཟོ་བྱས་ཐུབ་མེད། དེའི་ཚུལ་ནི། བཙན་པོ་རིམ་བྱུང་གི་ལོ་ཚིགས་འགའ་ཞིག་གུང་བསྒྲིགས་པ་(རྩོམ་པོ། དགེ་འདུན་རབ་གསལ། ཁ་བརྡའི་དྲ་རྒྱ།)ལས། “བློན་ཆེན་ཐོན་མིས་རྒྱ་གར་ནས་རིག་པའི་གནས་ལ་སྦྱངས་ཏེ་མེ་རྟ་ལོ་སྟེ་ཕྱི་ལོ་༦༤༦ ཙམ་ལ་ད་ལྟའི་བོད་ཡིག་འདི་བཞིན་གསར་བཟོ་མཛད།” ཅེས་བཀོད་ཡོད། དེ་དུས་སྲོང་བཙན་དགུང་ལོ་སུམ་ཅུ་ཐམ་པ་ལ་སླེབས་ཡོད། ཐོན་མིས་བོད་ཡིག་གསར་བཟོ་བྱས་རྗེས་སྲོང་བཙན་གྱིས་ལོ་གསུམ་བཞི་ལ་ཐོན་མི་དགེ་རྒན་བསྟེན་ཏེ་མཚམས་ལ་བསྡད་ནས་ཡི་གེ་འབྲི་ཀློག་སྦྱངས་ཟེར་ནས་ལོ་རྒྱུས་རྣམས་སུ་ཨ་བསྐོར་ཡང་བསྐོར་བྱས་ནས་བཤད་ཡོད། སྲོང་བཙན་དགུང་ལོ་སོ་བཞི་སྤྱི་ལོ་༦༥༠ ལ་འདས་པ་ཏུན་ཧོང་ཡིག་རྙིང་དང་རྒྱ་ཡི་ལོ་རྒྱུས་ལས་ཤིན་ཏུ་གསལ།
དེ་ལྟར་བཤད་པ་རྣམས་བདེན་ན་སྲོང་བཙན་ཡི་གེ་འབྲི་ཀློག་ཤེས་ཙམ་ནས་མྱ་ངན་ལས་འདས་ཞེས་མི་འདོད་བཞིན་དུ་ཟེར་དགོས་པ་མ་ཟད། ལོ་རྒྱུས་རྣམས་སུ་སྲོང་བཙན་གྱིས་མ་ནུ་བཀའ་འབུམ་སོགས་བསྟན་བཅོས་མཛད་པ་དང་བསྒྱུར་ཆོས་མང་རབ་ཡོད་པ་བཤད་ཚད་རྫུན་དུ་འགྲོ་བ་ནི་ཐེ་ཚོམ་ཅི་ཞིག་དགོས། དེས་ན་ཐོན་མིས་བོད་ཡིག་གསར་རྩོམ་གྱི་ལོ་ཚིགས་འདི་ལ་ཡང་དག་པའི་དཔྱད་པ་ཞིག་ཡོད་དམ། འདི་འདྲ་ལོ་རྒྱུས་འཁྲུག་པོ་དང་ཞིག་སླ་བ་རྒྱུ་མཚན་གྱི་ལྟོས་སྲབ་པ་ལ་བསམ་ན་ཐོན་མིས་བོད་ཡིག་གསར་དུ་བཟོ་ཚུལ་གྱི་ལོ་རྒྱུས་ཁུངས་དག་དང་རྒྱུ་མཚན་ཡང་དག་ཅིག་ཨི་ཡོད་ན་སྙམ། ཁ་ཅིག་གིས་དེ་འདྲའི་སྐྱོན་མེད་དེ་སྲོང་བཙན་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་ཟེར་ན།
དེ་ལ་བརྒལ་བརྟག་བྱེད་པ་འདིར་དགོས་པ་ཆེར་མེད་ཀྱང་ཀྱལ་ཀའི་ཚུལ་དུ་ཅུང་ཟད་སྨོས་ན། དེའི་ཚུལ་ནི། སྲོང་བཙན་སྤྱི་ལོ་༥༦༩ ལ་འཁྲུངས་པར་འདོད་ན་ནི། འུན་ཤིང་ཀོང་ཇོ་རྒྱ་མོ་ལོ་བདུན་ཅུ་ཡར་བརྒལ་ཞིག་བོད་བཙན་པོའི་བཙུན་མོ་བསུས་སོ་ཟེར་དགོས་པར་འགྱུར། གང་ཡིན་ཟེར་ན། ཀོང་ཇོ་སྤྱི་ལོ་༦༤༡ ལ་བོད་ལ་ཕེབས་པ་དང་ཁོ་མོ་སྲོང་བཙན་ལས་དགུང་ལོ་གསུམ་གྱིས་ཆེ་བར་བཤད་ཡོད་པས་སོ།
སྲོང་བཙན་སྤྱི་ལོ་༦༡༧ ལ་འཁྲུངས། ༦༩༨ ལ་འདས་ཚུལ་བཤད་ན། ཁྲི་སྲོང་ལྡེའུ་བཙན་སྤྱི་ལོ་༧༤༢ ལ་འཁྲུངས་པར་བཤད་པས་སྲོང་བཙན་དང་ཁྲི་སྲོང་གི་བར་ལོ་ཞེ་བཞི་མ་གཏོགས་མེད། དེའི་བར་རྒྱལ་རབས་བཞི་ལྔའི་ལོ་རྒྱུས་འཆད་ཐབས་ཞིག་ཨི་ཡོད་སྙམ། འདི་ལ་བསམ་ནས་དགེ་འདུན་རབ་གསལ་གྱིས་ཁྲི་སྲོང་སྤྱི་ལོ་༧༩༠ ལོ་འཁྲུངས་པ་བཤད། དེ་ལྟར་ན་ལོ་རྒྱུས་ཐམས་ཅད་འཆོལ་བར་མི་འགྲོའམ། གང་ཡིན་ཟེར་ན། ལོ་རྒྱུས་ཚང་མས་མཁན་སློབ་ཆོས་གསུམ་དུས་རབས་བརྒྱད་པའི་ནང་འཛོམས་པར་བཤད་ཀྱིན་ཡོད། ཁྱོད་ཀྱིས་ཁོང་རྣམས་འཛོམ་དུས་ནི་དུས་རབས་དགུ་པའི་ནང་ཡིན་ཟེར་གྱི་ཡོད་དམ། དེ་ལྟར་ན་དུས་རབས་བརྒྱད་པའི་ནང་གི་ལོ་རྒྱུས་ཚང་མ་དུས་རབས་དགུ་པའི་ནང་ལ་མར་སྤོ་དགོས་པ་ཆགས་འགྲོ་བ་མ་ཡིན་ནམ།
འོ་ན་སློབ་དཔོན་ཐོན་མིའི་བྱས་རྗེས་གང་ཡང་མེད་དམ་སྙམ་ན་དེ་ཡང་མ་ཡིན་ཏེ། ཁོང་རྒྱ་གར་ལ་ཕེབས་ནས་མཁས་པ་ལི་བྱིན་ལ་བསྟེན་ནས་རྒྱ་གར་གྱི་རིག་གནས་དང་ཆོས་ལ་སློབ་སྦྱོང་གནང་བ་དང་། ལྷག་པར་སྒྲ་རིག་ལ་མཁས་པར་བྱས་ནས་བོད་ལ་ཕྱིར་ལོག་སྟེ་བོད་པའི་སུམ་ཅུ་པ་དང་རྟགས་འཇུག་བརྩམས་པར་ཤིན་ཏུ་ནས་འདོད་དོ། འོན་ཀྱང་དེ་དུས་རབས་བཅུའམ་བཅུ་གཅིག་གི་རྗེས་སུ་མ་གཏོགས་ཐུན་མོང་ལ་དར་ཁྱབ་ཅན་ཞིག་མ་ཡིན་སྙམ།
༼ཡོང་ཁུངས། གཡུང་དྲུང་བོན་དྲ་ཚིགས།༽
ང་ནི་སྲོངབཙན་སྔོན་བོད་ཡིག་ཅིག་ཡོད་དགོས་སྙམ་ཡང་། ཆེ་རྩོམ་འདིར་སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པའི་སྒྲུབ་བྱེད་ནི། སྣ་གཅིག་ཀྱང་མཐོང་མ་སོང་ལགས།
༼སྲོང་བཙན་གྱིས་ལོ་གསུམ་བཞི་ལ་ཐོན་མི་དགེ་རྒན་བསྟེན་ཏེ་་་་མཚམས་ལ་བསྡད་ནས་་་་ཡི་གེ་འབྲི་ཀློག་སྦྱངས་༽ ཧཧཧཧ
ཡུལ་མཐའ་ཁྱོབ་བོད་ཀྱི་རྒྱལ་ཁམས་འདིར། །
མི་མཁས་པ་སླེབས་པའི་སྔོན་མ་ཡིན། །
བོད་ཁ་བ་ཅན་གྱི་མི་རྣམས་ལ། །
ང་ཐོན་མི་བཀའ་དྲིན་མི་ཆེ་འམ།།
གཟི་དངོས་གནས་དང་། རྫུན་མའི་ཁྱད་པར་ག་འདྲ་ཟེ་འབྱེད་དགོས་རེད་དམ། ལགས།
གངས་སེང་ལགས། བློན་ཐོན་མི་སྒྲ་རིག་ལ་མཁས་པར་བྱས་རྗེས་བོད་དུ་ཕྱིར་ལོག་སྟེ་བོད་པའི་སུམ་ཅུ་པ་དང་རྟགས་འཇུག་བརྩམས་པར་ཤིན་ཏུ་ནས་བདེན་པར་འདོད་ཚེ། ཁྱེད་ལ་དྲི་བ་ཞིག་ཡོད། དུས་རབས་བདུན་པའི་སྔོན་ནས་ཡོད་པའི་བོན་གྱི་བཀའ་འགྱུར་རྣམས་ད་ལྟའི་སུམ་རྟགས་གཉིས་ཀྱི་སྒྲིག་འོག་གང་དུའང་མ་ཚུད་པའི་གསུང་རབ་དེ་འདྲ་ཡིན་ནམ། མ་གཞི་ནས་ཡིག་རྙིང་རྣམས་ལ་གི་གུ་ཕྱིར་ལོག་དང་། སྔོན་རྗེས་ཡང་གསུམ་ཅུང་བསྣོལ་བ། ད་དུང་མི་དང་མིག་སོགས་ལ་ཡ་བཏགས་འདོག་པའི་སྲོལ་བཅས་བྱུང་བ་དུས་རབས་བདུན་པའི་སྔ་རྗེས་གཉིས་ཀའི་དཔེ་ཆ་ཁག་ཏུ་འདུག མདོར་ན་བོད་ཀྱི་སུམ་རྟགས་གཉིས་ཀྱི་རྣམ་བཞག་ཀྱང་ཐོན་མིས་གསར་རྩོམ་དུ་བཤད་པར་ཁོ་བོས་ཡིད་ཆེས་དེ་ཙམ་དཀའ་འོ། །
སློབ་དཔོན་ཐུ་མི་སམ་བྷོ་ཊ་ནི་ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་དབྱངས་གསལ་གྱི་ཡི་གེའི་སྲོལ་ཐོག་མར་གཏོད་པ་པོ་སློབ་དཔོན་ཐུ་མི་སམ་བྷོ་ཊ་ནི། སྤྱི་ལོའི་དུས་རབས་བདུན་པའི་༼༦༡༧༽ནང་ཐོན་ལུག་ར་ཁ་བར་བློན་པོ་ཐོན་མི་ཨ་ནུ་ར་ག་ཏ་བྱ་བའི་སྲས་སུ་འཁྲུངས། ཆོས་འབྱུང་ཁ་ཤས་སུ་ཡུལ་དང་ཡབ་ཀྱི་མཚན་མི་འདྲ་བ་ཡང་བྱུང༌། ཐོན་མི་སམ་བྷོཊ་ཞེས་པའི་དོན་ནི་ཐོན་མི་རིགས་རུས་ཀྱི་མིང་དང་སམ་བྷོཊ་བོད་ཡང་དག་པའམ་ཀུན་ཏུ་བཟང་པོ་ཞེས་པའི་དོན་ཡིན། སྤྱི་ལོ་༼༦༢༩༽ས་མོ་གླང་གི་ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་དུ་ཕེབས་པའི་ཚེ། རྒྱལ་སྲིད་སྐྱོང་བའི་སྲིད་ཀྱི་འཁོར་ལོ་འཛིན་པའི་དགའ་སྟོན་གྱི་མཛད་སྒོར་མཐའ་བཞིའི་རྒྱལ་པོའི་དཔྱ་དང་སྐྱེས་འབུལ་བ་ལ། སྐྱེས་སུ་འདི་ལྟར་བྱུང་ཞེས་ཡིག་ལན་གཏོང་བ་ལ་བོད་རང་ལ་ཡི་གེ་མེད་པས་ལན་རྣམས་རྒྱལ་ཁམས་དེ་དག་གི་ཡི་གེ་རང་དུ་བྲིས་དགོས་པ་བྱུང་བར་བརྟེན། ཆོས་རྒྱལ་གྱིས་བོད་ཀྱི་རྒྱལ་ཁམས་ཆོས་བཞིན་སྐྱོང་བར་ཡི་གེ་ངེས་པར་དུ་དགོས་པར་གཟིགས་ནས་བློན་པོ་བློ་གསལ་བ་དུ་མ་བཏང་ཀྱང་ཡི་གེ་སློབ་མི་ཐུབ། དེ་ནས་ཆོས་རྒྱལ་གྱིས་བློན་པོ་ཐོན་མི་ཨ་ནུའི་བུ་སམ་བྷོ་ཊ་བྱ་བ་མཁས་མཛངས་བློ་གྲོས་དང་ལྡན་པ་ཐོན་མི་སམ་བྷོ་ཊར་བཀའ་མངགས་མཛད་པ་བཞིན་དེས་བཀའ་སྤྱི་བོར་བླངས་ཏེ་ཡི་གེ་སློབ་པའི་རྟེན་དུ་གསེར་ཕྱེ་བྲེ་གང་བསྣམས་ནས་༼༦༣༣༽རྒྱ་གར་དུ་བྱོན།
དེའི་ཚེ་ཐོན་མི་དགུང་ལོ་བཅོ་ལྔ་ཡིན་པ་དང་གཡོག་འཁོར་བཅུ་ཡོད་པ་བོད་མཁས་པས་གསུངས། ཐོན་མི་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། དེའི་ཚེ་སྒྲ་དང་ཡི་གེར་མཁས་པ་བྲམ་ཟེ་ལི་བྱིན་ཡིན་པ་གསན་པས། གསེར་རྣམས་ཕུལ་ནས་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ཅིང་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས། དེ་ནས་བྲམ་ཟེའི་བཀའ་བཞིན་པཎ་ཌི་ཏ་ལྷ་རིག་པའི་སེངྒེ་བསྟེན་ནས་སྒྲ་དང་ཚད་མ། རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་བཅས་པ་སྦྱངས། ༼ཆོས་འབྱུང་འགའ་ཞིག་ཏུ་ལི་བྱིན་དང་ལྷ་རིག་པའི་སེང་གེ་གཅིག་ཏུ་གསུངས།༽ དེ་ལྟར་ཐོན་མི་རྒྱ་གར་དུ་ལོ་བདུན་གྱི་བར་བཞུགས་ནས་ཕྱིར་བོད་དུ་ལོག་པའི་ཚེ། སྒྲ་རིག་པའི་བསྟན་བཅོས་དག་དང༌། འདུས་པ་རིན་པོ་ཆེའི་ཏོག ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག །དགེ་བ་བཅུའི་མདོ་ལ་སོགས་པ་གདན་དྲངས་པ་དང༌། རྒྱ་གར་རྒྱལ་པོའི་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོར་སྐྱེས་ལེན་བསྐུར་བའི་མདོ་སྡེ་དཀོན་མཆོག་སྤྲིན། དམ་ཆོས་པད་དཀར། གཙུག་ཏོར་དྲི་མེད་ཀྱིགཟུངས། ནོར་བུ་ཀཻ་ཏུ་སྟེ་འོད་ཟེར་ཅན་ཞིག་བསྐུར་རྣམས་བསྣམས་ནས་བྱོན། དེ་ནས་ཆོས་རྒྱལ་གྱིས་དགའ་སྟོན་མཛད་ཅིང་ཆོས་རྒྱལ་རང་ཉིད་ཀྱིས་ཀྱང་ལོ་གསུམ་གྱི་བར་མཚམས་བཅད་ཀྱིས་སྐུ་མཁར་ཕ་བོང་ཁའི་མ་རུར་བཞུགས་ནས་ཡི་གེ་སྦྱངས་ཤིང༌། བློན་འབངས་དག་ལ་ཡང་སྦྱོང་དུ་གཅུགས་པས་བོད་གངས་ཅན་གྱི་ལྗོངས་སུ་ཡི་གེ་གསར་རྙེད་དང་དར་ཁྱབ་བྱུང༌། ཐོན་མི་དེ་བོད་ཕྲུག་མཛངས་མི་བདུན་གྱི་བཞི་པར་བགྲངས་པ་ཡིན་མོད་ཀྱང༌། དེ་དག་གཞན་ལས་ལྷག་པ་བོད་ལོང་བའི་གླིང་དུ་ཡི་གེའི་མིག་བྱིན་པར་བྱེད་པོ་ཡིན་པས་གཞན་ལས་བཀའ་དྲིན་ལྷག་པ་ཡིན།
ཐོན་མིས་བོད་ཡིག་དང་པོ་གཏནའབེབས་གནང་སྐབས་རྒྱ་གར་གྱི་ཡི་གེ་ནང་བོད་སྐད་ལ་ཉེ་བར་མི་མཁོ་བ་མང་དུ་ཡོད་པ་རྣམས་བོར་བ་དང༌། བོད་ཀྱི་རང་སྐད་ལ་མཁོ་བ་རྒྱ་གར་ཡི་གེའི་ནང་མེད་པ་འགའ་ཤས་ཡོད་པ་བསྣན་ནས་བོད་ཡིག་གསལ་བྱེད་སུམ་ཅུ་དང་དབྱངས་ཡིག་བཞིར་གཏན་ལ་ཕབ། དེ་ཡང་རྒྱ་གར་ཡི་གེ་ལྔ་བཅུ་ལས་དབྱངས་ཡིག་ཨཱ་ཨིའ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཽ་ཨཾ་ཨཿརྣམས་དང༌། གསལ་བྱེད་འཐུག་པོ་ལྔ་དང་ལོག་པ་ལྔ་མཐའི་ཀྵ་ཡིག་བཅས་ཉེར་གཉིས་དོར་བས་ཉེར་བརྒྱད་ལྷག་པའི་སྟེང་ཅ་ཆ་ཇ་དང་ཞ་ཟ་འ་སྟེ་དྲུག་བསྣན་པས་བོད་ཡིག་ལ་དབྱངས་དང་གསལ་བྱེད་སོ་བཞི་བྱུང་བ་ཡིན། ༼དགེ་ཆོས་ཀྱི་གསེར་ཐང་དུ་ཙ་ཚ་ཛ་ཞ་ཟ་འ་གསར་དུ་བསྣོན་པ་དང༌། དེ་ཡང་གསར་དུ་བཟོ་སྐབས་ཅ་སོགས་དང་མ་ནོར་བའི་ཆེད་ཙ་བཏགས་སོགས་བྱུང་བ་དང༌། དེ་ཡང་ལེགས་སྦྱར་ལ་ཙ་སོགས་ཡོད་པར་སོང་མ་དཔེའི་ཡི་གེ་ཡང་ལེགས་སྦྱར་གྱི་ཡི་གེ་མིན་པར་གུཔ་ཏའི་ཡི་གེ་ཡིན་གསུངས་འདུག །འོན་ཀྱང་ཚེ་ཏན་ཞབས་དྲུང་གིས་ལེགས་སྦྱར་གྱི་ཡི་གེ་ལའང་ཙ་རྟགས་སོགས་ཡོད་པས། སློབ་དཔོན་གྱིས་ཙ་རྟགས་སོགས་ཕྱིས་ནས་ཅ་ཆ་སོགས་བཟོས་པར་བཤད་ན་ལེགས་པར་གསུངས།༽ ཡི་གེ་དེ་དག་ལ་བུ་དང་མའི་ཡི་གེ་དང༌། ཤིན་ཏུ་གཅེས་པའི་ཡི་གེ་དང༌། རྐང་པ་ཅན་གྱི་ཡི་གེ །སྲོག་དང་རྐྱེན་གྱི་ཡི་གེ་སོགས་ཡོད། ཐོན་མིའི་བརྩམས་ཆོས་ལ་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་ཡོད་པ་དང་གྲངས་མཚུངས་པར་སྒྲ་རིག་པའི་བསྟན་བཅོས་བརྒྱད་ཡོད་པ་ལས། སུམ་ཅུ་པ་དང་རྟགས་འཇུག་གཉིས་མ་གཏོགས་གཞན་རྣམས་ནུབ་ནས་ད་ཆ་མེད་པ་ཡིན། དེ་ཡང་སློབ་དཔོན་གྱིས་བོད་ཀྱི་ཡིག་གཟུགས་ཐོག་མར་བཟོ་བའི་དུས། ལཉཛ་ལྷའི་ཡི་གེ་ལ་དཔེ་བྱས་ནས་དབུ་ཅན། ཝ་རྟུ་ཀླུ་ཡི་ཡི་གེ་ལ་དཔེ་བྱས་ནས་དབུ་མེད། ནཱ་ག་ར་མིའི་ཡི་གེ་ལ་དཔེ་བྱས་ནས་ལན་ཝར་གྱི་འབྲི་ཚེགས་ལས་སྟབས་བདེར་བྱས་ཞེས་མཁས་པ་རྣམས་ལ་གྲགས།
ཐོན་མིའི་གདུང་རྒྱུད་ཕྱི་མ་ཇི་ལྟར་ཡིན་པ་ནི། ཐོན་མིའི་སྲས་མཧཱ་སཏྭ་ནས། གོང་མ་གྲགས་པ་འབྱུང་གནས་བར་མི་རབས་བཅུ་གསུམ་བྱུང་ཞིང༌། དེས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་གྱི་རྫོང་དཔོན་གོ་གནས་གཉིས་ཀ་བཟུང༌། སྐུ་ཚེ་སྨད་ལ་རབ་ཏུ་བྱུང་སྟེ་གོང་དཀར་རྡོ་རྗེ་གདན་ཞེས་པའི་ཆོས་སྡེ་བཏབ། འདི་ནས་བཟུང་དབོན་སྲས་རྣམས་ལ་སྡེ་པ་ཡར་རྒྱབ་པ་ཞེས་གྲགས་ཞིང༌། ྋགོང་ས་ལྔ་པ་ཆེན་པོའི་དུས་ཡར་རྒྱབ་སྡེ་པ་རྣམ་རྒྱལ་སྐུ་མཆེད་ཅེས་གྲགས་སོ།།
རྩོམ་པ་པོ་ལགས། ཁྱེད་ཀྱི་བསྒྲུབ་བྱ་ངོ་མ་དེ་སྲོང་བཙན་སྒམ་པོའི་སྔོན་དུ་བོད་ལ་ཡི་གེ་ཡོད་ཟེར་གི་ཡོད་དམ། ཞང་ཞུང་ལ་ཡོད་ཟེར་གི་ཡོད་དམ། དེ་གཉིས་ཀྱི་ཡི་གེ་དེ་གཅིག་པ་རེད་ཟེར་གྱི་ཡོད་དམ།
སློབ་དཔོན་ཐོན་མིའི་སྐོར་དུས་རབས་བཅུ་བའི་རྗེས་ཀྱི་ལོ་རྒྱུས་ཡིག་ཚང་ནང་བཀོད་ཡོད་པ་མ་གཏོགས་ཏུན་ཧོང་གཏེར་ཡིག་ནང་གསལ་གྱི་མི་འདུག དེ་མིན་བཀའ་ཆེནམས་ཀ་ཁོལ་མ་སོགས་ཀྱི་ཚིག་སྦྱོར་དང་སྦ་བཞེད་ལ་བར་ཁྱད་ཆེན་པོ་པས། ཕྱིས་ཀྱི་བརྩམས་ཆོས་ཤིག་ཡིན་པའང་ཤེས་ཐུབ།
ད་དུང་རྒྱ་ནག་གི་ཐང་ཡིག་གསར་རྙིང་དུ་གསལ་བའི་ཐུ་བྷོད་ལོ་རྒྱུས་གང་དུའང་མི་འདུག ཐང་ཡིག་ནང་བཀོད་པའི་མགར་སྟོང་བཙན་གྱི་མནབས་བཟའང་དེང་སྐབས་ངོས་འཛིན་ཐུབ་ཀྱི་ཡོད་པས། གལ་སྲིད་ཐོན་མི་ཟེར་བ་ཞིག་ཡོད་ན་ཟུར་ཙམ་གླེང་མི་སྲིད་པ་མི་འདུག་སྙམ། དེ་བས། ལོ་རྒྱུས་རིམ་པ་འདི་བརྟག་གཞི་ཞིག་རེད།
་་་་་་་་་་་་་་་་ སྐྱེས་སུ་འདི་ལྟར་བྱུང་ཞེས་ཡིག་ལན་གཏོང་བ་ལ་བོད་རང་ལ་ཡི་གེ་མེད་པས་ལན་རྣམས་རྒྱལ་ཁམས་དེ་དག་གི་ཡི་གེ་རང་དུ་བྲིས་དགོས་པ་བྱུང་བར་བརྟེན། ་་་་་་་་་་་་་་་་་་་་
་་་་་་་་་་་་་་ དེ་ནས་ཆོས་རྒྱལ་གྱིས་དགའ་སྟོན་མཛད་ཅིང་ཆོས་རྒྱལ་རང་ཉིད་ཀྱིས་ཀྱང་ལོ་གསུམ་གྱི་བར་མཚམས་བཅད་ཀྱིས་སྐུ་མཁར་ཕ་བོང་ཁའི་མ་རུར་བཞུགས་ནས་ཡི་གེ་སྦྱངས་ཤིང༌། བློན་འབངས་དག་ལ་ཡང་སྦྱོང་དུ་གཅུགས་པས་བོད་གངས་ཅན་གྱི་ལྗོངས་སུ་ཡི་གེ་གསར་རྙེད་དང་དར་ཁྱབ་བྱུང༌། ་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་ ཐོན་མི་དེ་བོད་ཕྲུག་མཛངས་མི་བདུན་གྱི་བཞི་པར་བགྲངས་པ་ཡིན་མོད་ཀྱང༌། དེ་དག་གཞན་ལས་ལྷག་པ་བོད་ལོང་བའི་གླིང་དུ་ཡི་གེའི་མིག་བྱིན་པར་བྱེད་པོ་ཡིན་པས་གཞན་ལས་བཀའ་དྲིན་ལྷག་པ་ཡིན། ་་་་་་་་་་་་་་་་
་་་་་་་་་་་་་་ ཐོན་མིའི་བརྩམས་ཆོས་ལ་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་ཡོད་པ་དང་གྲངས་མཚུངས་པར་སྒྲ་རིག་པའི་བསྟན་བཅོས་བརྒྱད་ཡོད་པ་ལས། སུམ་ཅུ་པ་དང་རྟགས་འཇུག་གཉིས་མ་གཏོགས་གཞན་རྣམས་ནུབ་ནས་ད་ཆ་མེད་པ་ཡིན། ་་་་་་་་་་་་
་་་་་་་་་་་་་་་་་་ # 8 ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཆན་བཏབ་པ།:
January 1st, 2015 at 8:09 PM
སློབ་དཔོན་ཐོན་མིའི་སྐོར་དུས་རབས་བཅུ་བའི་རྗེས་ཀྱི་ལོ་རྒྱུས་ཡིག་ཚང་ནང་བཀོད་ཡོད་པ་མ་གཏོགས་ཏུན་ཧོང་གཏེར་ཡིག་ནང་གསལ་གྱི་མི་འདུག དེ་མིན་བཀའ་ཆེནམས་ཀ་ཁོལ་མ་སོགས་ཀྱི་ཚིག་སྦྱོར་དང་སྦ་བཞེད་ལ་བར་ཁྱད་ཆེན་པོ་པས། ཕྱིས་ཀྱི་བརྩམས་ཆོས་ཤིག་ཡིན་པའང་ཤེས་ཐུབ། ་་་་་་་་་་་་་་་་་་་་་་་་་་
ཐོན་མིའི་སྔོན་ལ་བོད་ནང་ཡི་གེ་ཅིག་ཡོད་ན་དགའ་བ་ལགས། དེ་ཡོད་པའི་སྒྲུབ་བྱེད་ཐད་ལྡན་པས་སྐྱོ་བ་ལགས། ཧཧ། ཧོཧོ།
དེ་ཡོད་པའི་སྒྲུབ་བྱེད་ཐད་ལྡན་པས་སྐྱོ་བ་ལགས། ཧཧ། ཧོཧོ།
འདི།
དེ་ཡོད་པའི་སྒྲུབ་བྱེད་ཐད་ལྡན་༼ཅིག་མེད་༽པས་སྐྱོ་བ་ལགས། ཧཧ། ཧོཧོ།
ཡག་པོ་འདུག
ལོ་རྒྱུས་འདི་ཚོད་དཔག་གིས་བཤད་ན་འགྲིག་གི་མེད་ཚོད་རེད།
དྲ་གྲོགས་ཚོ་ལ།
སྲོང་བཙན་དུས་ན་ཐོན་མི་མ་འཁྲུངས་ཟེར་བགྱིད་འདུག །
ཐོན་མིང་ཏུང་ཧང་ཡེ་གེ་ནང་ལ་མི་འདུག་ཟེར། །
ཐོན་མིང་རྒྱ་ཡི་རྒྱལ་རབས་ནང་ལ་མི་འདུག་ཟེར། །
སུམ་རྟགས་བརྒྱ་ཕྲག་བཅུ་རྗེས་བརྩམས་ཀྱང་ཟེར་བགྱིད་འདུག །
ཟེར་ཚད་འདི་ལ་མཁས་དབང་ཁྱེད་ཚོར་ལན་ཅི་ཡོད། །
ཀརྡོས་དྲིས་པ།
ཐོན་མིའི་སྔོན་ལ་བོད་དང་ཡང་ན་ཞང་ཞུང་ལ་ཡི་གེ་ཡོད་ཟེར་བའི་བོན་གྱི་དཔེ་ཆ་དེ་དག་སྲོང་བཙན་སྔོན་ལ་བྲིས་བ་རེད་དམ། གལ་སྲིད་ཡིན་ན་ཁུངས་སྐྱེལ་རྒྱུ་ཡོད་པའི་དཔེ་མཚོན་གཅིག་འཁོད་རོགས།
བསྒྲུབ་བྱ་མང་ན་ཡང་སྒྲུབ་བྱེད་ཉུང་གི། སྲོང་བཙན་སྔོན་ལ་བོད་མིས་ཡི་གེ་བྲིས་པ་དང་བཀླགས་པའི་ལོ་རྒྱུས་ཡོད་པ་ཙམ་གྱིས་བོད་ལ་རང་གི་ཡིག་གཟུགས་ཡོད་པའི་ངེས་པ་ག་ལ་ཡོད། ལོ་རྒྱུས་རྣམས་སུ་བོད་རང་གི་ཡིག་གཟུགས་མེད་ཚུལ་བཤད་པ་ཙམ་གྱིས་བོད་མིས་སྐད་ཡིག་གཞན་འབྲི་ཀློག་མི་ཤེས་པའི་ངེས་པ་ག་ལ་ཡོད། ཐོན་མིའི་ལོ་དྲུག་བདུན་ནང་ལ་ཡི་གེ་སྦྱངས་ནས་བཟོ་ཤེས་མི་སྲིད་ཅེས་པ་ནི་བྱིས་པའི་སྐད་ཆ་རེད། མིའི་རྣམ་དཔྱོད་ལ་རབ་འབྲིང་ཐ་གསུམ་ཡོད་པས་ཚང་མ་ང་རང་ཚོ་ལྟ་བུ་དང་བསྡུར་ནས་བཤད་ཐབས་ག་ལ་ཡོད། བོན་པོའི་སྐོར་དེ་མིག་གིས་མཐོང་བའི་རྔ་ཆུང་དང་རྣ་བས་ཐོས་པའི་སྦངས་སྒྲ་གཉིས་མཚུངས་ཀྱི་མི་འདུག་ཟེར་ནས་སྔོན་ནས་བཤད་བསྡད་པ་དེ་རེད། ཁམས་ཆེན་པོ་བརྒྱད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཞེས་པའི་ཞང་སྒྲུང་དེ་བདེན་པའི་དབང་པའི་དབང་དུ་བཏང་ན་ཡང་དེས་བོད་ཡིག་ཡོད་པས་སྒྲུབ་མི་ནུས་ཏེ་བོད་སྐད་དུ་བསྒྱུར་བ་ཡིན་ནམ་སྐད་ཡིག་གཞན་ཞིག་ལ་བསྒྱུར་བ་ཡིན་པའི་གསལ་ཁ་གང་ཡང་མེད་པའི་ཕྱིར། ཐོན་མིས་མི་གཞན་གྱི་ངག་ལ་བརྟགས་ཏེ་བོད་ཡིག་གི་ཅ་ཆ་ཇ་དང་ཞ་ཟ་འ་སོགས་ཡིག་གཟུགས་བསྣན་ཚུལ་དེས་སྐད་ཆ་རྒྱ་ཆེན་པོ་ཞིག་བཤད་གི་འདུག དེ་ནི་དངོས་ཡོད་གནས་ལུགས་རྒྱུ་མཚན་དང་མཐུན་ཏེ་ཐོན་མིས་རྒྱ་གར་གྱི་ཡི་གེར་དཔེ་བལྟས་པ་ཙམ་དུ་མ་ཟད་བོད་ཀྱི་མང་ཚོགས་ཁྲོད་ཀྱི་མིང་བརྡ་ལ་ཞིབ་འཇུག་མཐིལ་ཕྱིན་བྱས་ནས་ཡིག་གཟུགས་བཟོས་པ་གསལ་སྟོན་བྱས་པ་རེད།
དཔྱད་རྩོམ་ཡིད་སེམས་མགུ་བ་ཞིག་བྲིས་འདུག་པས་རྗེས་སུ་ཡི་རང་ཡོད། སྲོང་བཙན་སྔར་ནས་བོད་ལ་ཡི་གེ་ཡོད་མེད་ཐད་ངེས་པར་དུ་དཔྱད་ཞིབ་མཐིལ་ཕྱིན་པ་ཞིག་གནང་རྒྱུ་ཁ་ཚ་དགོས་གཏུག་རེད།
སྤོབས་པ་མཐའ་ཡས་ལགས། ཐོན་མིས་སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་རྙེད་པའི་ངག་རྒྱུན་དེ་ནི། བོད་མི་ཆོས་པ་ཚོས་རྟོག་སྒྲུང་བཟོས་པ་ཞིག་ལས་དོན་དངོས་དང་མཐུན་ཐབས་མེད། ཐོན་མི་བྱོན་པའི་སྐབས་སུ་རྒྱ་གར་གྱི་སྐད་ཡིག་གཉིས་ཀའི་ནང་དུ་(ཅ་སོགས་)ཡོད་བཞིན་དུ་ཐོན་མིས་གསར་བསྣོན་བྱས་རབས་སྨྲ་བ་ནི་གཟུར་གནས་ཀྱི་གཏམ་ཞིག་མིན་ལ། གཞན་དུ་ན་ཡི་གེ་གཞན་དག་ཀྱང་ཐོན་མིས་གསར་དུ་བཟོས་པར་ཁས་ལེན་དགོས།
ཐང་རྒྱལ་རབས་ཀྱི་རྒྱ་ནག་གི་བཙུན་པ་སྐད་གྲགས་ཅན་ཞོན་ཙང་གིས་དངོས་སུ་བསྐྱོད་ནས་བྲིས་པའི་ལམ་ཡིག་སྟེ་《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་དཀར་ཆག》[156]བྱ་བར་སྐབས་དེའི་ཚོ་བ་ཞིག་གི་ནང་དུ་ཡི་གེ་ཀཱ་ལི་སུམ་ཅུ་ལྷག་ཙམ་ལ་གྲེ་བསྒྱུར་གྱིས་སྤེལ་མ་ཅན་ཕན་ཚུན་གང་བྱུང་སློབ་ཅིང་དཔོན་སློབ་ཀྱི་ཐ་སྙད་ཆུང་ཞེས་བཀོད་ཡོད་ལ་གུང་ལོ་ཙཱ་བས་ཚོ་བ་དེ་ཉིད་བོད་རིགས་ཡིན་པ་གཞིར་བཞག་གི་ཆ་ནས་ཀཱ་ལི་སུམ་ཅུ་ཞེས་བསྒྱུར་གནང་མཛད་ཡོད་པ་ནི་རྒྱུ་མཚན་ཆེར་ལྡན་པ་ཞིག་ཡིན་ཏེ་དེ་ནི་ཕྱིས་ཀྱི་བོད་ཡིག་གི་འཕེལ་རྒྱས་ཆེ་བའི་གནས་ཚུལ་གྱིས་སྔོན་གྱི་ཡི་གེ་རྙིང་བ་བསྒྱུར་དུས་སུ་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་ནའང་རྒྱའི་མ་ཡིག་རང་ན[157]字源简略,本二十余言,转而相生ཞེས་གསལ་བྱེད་དམ་ཀཱ་ལི་ཉི་ཤུ་ལྷག་ཀློག་དུས་གཅིག་འཕྲོར་གཅིག་མཐུད་ནས་སྤེལ་མར་ཀློག་ཅིང་གུང་ལོ་ཙ་བས་སྤེལ་མ་ཅན་ཞེས་བསྒྱུར་བ་དང་དོན་གཅིག་ལ་འདི་ནི་ཀ་ཁ་ག་ང་ཞེས་སྡེ་བ་གཅིག་རེ་ཀློག་དུས་ཁོག་པ་ནས་ཡར་མགྲིན་པ་བརྒྱུད་དེ་མཐའ་མའི་གསལ་བཤད་དེ་ཉིད་ཀྱི་སྒྲ་ཁ་ནས་ཐོན་པར་ཟེར་ཞིང་སྤེལ་མ་ཞེས་པ་ནི་སྐབས་འདིར་ཀ་ཁ་ག་ང་ཞེས་ཀློག་དུས་སྒྲ་གདངས་བསྟུད་མར་ཐོན་པར་གོ་ཞིང་སྐབས་འདི་དུས་སུ་བོད་ཀྱི་ཡི་གེ་དེ་འདྲའི་ཆ་ཚང་ཞིག་མིན་པར་ངེས་པ་ནི་བོད་ཀྱི་ལོ་རྒྱུས་ཁ་ཤས་སུ་ཐོག་མར་གསལ་བྱེད་ཉེར་བཞི་ཡོད་པའི་གནས་ཚུལ་དང་ཤིན་ཏུ་དོན་འདྲ་བས་དཔྱད་གཞི་གལ་ཆེན་ཞིག་ཡིན་ལ་འདི་དུས་སུ་ཞོན་ཙང་རྒྱ་གར་ལ་འགྲོ་སྐབས་སློབ་དཔོན་ཐོན་མི་རྒྱ་གར་ལ་སོང་མྱོང་ཡོད་པར་ཆ་འཇོག་བྱས་སྟེ་དཔྱད་ནའང་དེ་དུས་ཐོན་མིས་ད་དུང་བོད་ཀྱི་ཡི་གེ་གསར་བཟོ་བྱས་མེད་པ་ནི་མཁས་དབང་ཚེ་ཏན་ཞབས་དྲུང་གི་《བསྟན་རྩིས་ཀུན་བཏུས》[158]ཁོ་ན་ཁུངས་སུ་བྱས་ནས་དཔྱད་ན་དེ་ལས་སྤྱི་ལོ629ལོར་ཐང་སང་རྒྱ་གར་དུ་ཆས་པ་དང་སྤྱི་ལོ643ལོར་ཐང་སང་བླ་མ་རྒྱ་གར་ནས་ཕྱིར་རྒྱ་ནག་ཏུ་ལོག ལོ་དེར་ཕ་བོང་ཁར་ཕོ་བྲང་མ་རུ་བཞེངས་པར་གསུངས་ཡོད། གནས་ཚུལ་འདི་གཞིར་བཞག་ནས་བཤད་ན་གོང་གསལ་སྡེ་སྣོད་གསུམ་པ་ཞོན་ཙང་གིས་བཀོད་པའི་ཀཱ་ལི་སུམ་ཅུ་ལྷག་གྲེ་བསྒྱུར་བྱེད་པའི་བོད་ཧོར་གྱི་ཚོ་བ་དེ་ཉིད་མ་མཐའ་ཡང་སྤྱི་ལོ629-643བར་གྱི་གནས་ཚུལ་ཤིག་ཡིན་དགོས་པ་ཧ་ཅང་གསལ་ཞིང་དེ་དང་དུས་མཐུན་པ་ཞིག་གི་ཚེ་ན་ལི་ཡུལ་ནས་རྙེད་པའི་བོད་ཀྱི་ཁྲམ་ཤིང་ཡི་གེ[159]རུ་བཀོད་པ་ལྟར་ལྷོ་བྲག་ཕྱོགས་སུ་སྣམ་བུ་ལ་ཡི་གེ་བཏགས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་ལ་ཡང་《བསྟན་རྩིས་ཀུན་བཏུས》[160]ལས་སྤྱི་ལོ646ལོར་ཐོན་མིས་ཡི་གེ་བཟོས་པར་གསུངས་ཡོད་པས་ལོ་ཚིགས་འདི་དག་གུང་བསྒྲིགས་ནས་དཔྱད་ན་སྐབས་དེ་དུས་ཐོན་མིས་བོད་ཀྱི་ཡི་གེ་གསར་བཟོ་མཛད་པར་ཆ་འཇོག་ཙམ་བྱས་ནའང་ད་དུང་བཟོས་ནས་གྲུབ་མེད་པ་མངོན་སུམ་གྱིས་ཤེས་ནུས་པས་མང་པོ་ཞུ་མ་དགོས་པར་གསལ་རྟོགས་བྱེད་ནུས་ཤིང་་་་་་་་་་་་་་གོང་གསལ་འདི་དག་གཞན་ལས་བཤུས་པ་ཡིན་པ་དགོངས་འཇགས་འཚལ།
དུན་ཧུང་གཏར་ཡིག་སོགས་ན། ཐོན་མི་གླེང་མི་འདུག་ཟེར། ཁ་བཤད་ས་ནས་རྣ་གླེང་དགོས་བའི་ངེས་བ་མེད། བྱས་ཙང་། དེ་ནི་སྒྲུབ་བྱ་དང་སྒྲུབ་བྱེད་གང་ཡང་མ་རེད།
སྐད་བརྡ་རིག་པ་ཡོད་བཞིན་དུ། དེ་ལ་ཡི་གེ་ཞིག་དང་ཡིག་གཟུགས་ཤིག་སྦྱོར་རྒྱུ་ལ་ནི་ལོ་གསུམ་མི་དགོས། ལོ་གཅིག་གི་ནང་ལ་ཡང་སྦྱོར་ཐུབ་པ་ཞིག་རེད།
དེ་ནི་དཔེར་ན། དགྱ་ནག་གིས་དགྱའི་སྐད་ཡིག་གློག་ཀླད་ལ་འཇུག་དུས། དགྱ་ཡིག་ནི་རྩིས་ཡིག་ལ་འཕབ་མི་ཐུབ་པ་ཞིག་དུ་སྣང་ཡང་། མཐའ་མར་ལས་སླ་པོས་སྡོང་དང་སྡེབ་ཞིག་བསྒྲུགས་ཐུབ་ནས། ད་ལྟ་བཀོལ་བཞིན་པ་འདི་རེད།
སློབ་དཔོན་ཆེ་མོ་དུང་དཀར་བློ་བཟང་འཕྲིན་མཆོག་གིས་
“ཡི་གེ་ནི་མི་རྣམས་ཀྱི་བསམ་བློ་ཕན་ཚུན་བརྗེ་རེས་བྱེད་རྒྱུ་དང་། དེའི་སྒྲ་གདངས་མཚོན་བྱེད་ཀྱི་བརྡ་རྟགས་ཤིག་ཡིན་པ་མ་ཟད། ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔའ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང་། ཡི་གེ་མེད་པའི་མི་རིགས་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད། རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་གནའ་རབས་ཀྱི་ཡི་གེ་ཞིག་ཡོད་མེད་སྐོར་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་མཁས་པ་ཚོས་གསུང་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཅིང་། དེའི་ནང་ནས་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་འགའ་ཞིག་གིས་གསུངས་དོན་དུ། སྲོང་བཙན་སྒམ་པའི་གོང་དུ་བོད་གནའ་རབས་ཀྱི་ཡི་གེ་ཞིག་ཡོད་པ་དེ་ནི་ཞང་ཞུང་གི་ཡི་གེ་ཡིན་པ་དང་། དེ་ཡང་ཅུང་ཟད་སྟབས་བདེ་བ་དང་ནང་དོན་རྒྱ་ཆེ་བ་སྟོན་རྒྱུར་ཚོད་འཛིན་ཡོད་པ་ཞིག་ཡིན་པར་བརྟེན་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཐོན་མི་སམ་བྷོ་ཊས་སྔར་ཡོད་ཀྱི་བོད་ཡིག་རྙིང་པ་གཞིར་བཟུང་ནས་ད་ལྟའི་བོད་ཡིག་གསར་པ་འདི་བཟོ་གནང་མཛད་པ་ཡིན་ཞེས་གསུང་པ་འདིར་ཁོ་བོས་བསམ་ན་རྒྱུ་མཚན་མང་པོ་ཞིག་ཡོད་རེད་སྙམ། ད་ཡོད་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་གི་ནང་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་གཀྱི་ལོ་རྒྱུས་མི་ཉུང་བ་ཞིག་འཆད་རྒྱུ་ཡོད་པ་དང་། དེ་བཞིན་༼རྒྱལ་རབས་གསལ་བའི་མེ་ལོང་༽གི་རྩོམ་པ་པོ་དང་༼དེབ་ཐེར་དམར་པོ་༽ཡི་རྩོམ་པ་པོ་གཉིས་ཀས་གཟིགས་མྱོང་བའི་༼ལོ་རྒྱུས་ལོག་གནོན་ཆེ་མོ་༽དང་༼རྒྱལ་རབས་དཔག་བསམ་ལྗོན་ཤིང་༽དཔའ་བོ་གཙུག་ལག་ཕྲེང་བས་གཟིགས་མྱོང་བའི་བོན་གྱི་ལོ་རྒྱུས་༼ཡང་གསང་ཐེའུ་རང་ལུགས་༽ཟེར་བ་སོགས་ནས་ཆ་ཤས་འགའ་ཞིག་དྲངས་པ་དེ་ཚོའི་ནང་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་སྟག་རི་གཉན་གཟིགས་བར་གྱི་ལོ་རྒྱུས་དང་། ལི་ཡུལ་ནས་ཐོན་པའི་ལོ་རྒྱུས་ཤོག་བྱང་གིི་ནང་གསལ་བའི་གཉའ་ཁྲི་བཙན་པོ་དང་། གྲི་གུམ་བཙན་པོ། སྟག་རི་གཉན་གཟིགས་སོགས་ཀྱི་ལོ་རྒྱུས་མི་ཉུང་བ་ཡོད་དེ་རྣམས་སྲོང་བཙན་སྒམ་པོའི་གོང་གི་མི་རབས་སྔོན་མ་ཚོས་གཅིག་གིས་གཅིག་ལ་བརྒྱུད་བཤད་བྱས་པའི་ངག་རྒྱུན་ཙམ་ཞིག་མ་ཡིན་པར་ཡིག་ཐོག་ཏུ་འཁོད་ཡོད་པ་ཞིག་ཡིན་ངེས་རེད། གལ་ཏེ་ཡིག་ཐོག་ཏུ་འཁོད་མེད་པའི་ངག་རྒྱུན་ཙམ་ཞིག་ཡིན་ན་མི་རབས་སུམ་ཅུ་ལྷག་བརྒྱུད་ཐུབ་པ་ལྟ་ཞོག མི་རབས་ཁ་ཤས་སོང་མཚམས་སུ་ངག་རྒྱུན་ཙམ་ཡང་ལུས་མི་སྲིད་དེ། དཔེར་ན་རང་རེའི་མི་རབས་གོང་མ་ཁ་ཤས་ཀྱི་ལོ་རྒྱུས་རྣམས་ཡིག་ཐོག་ཏུ་བཀོད་མེད་ཚེ། མི་རྣམས་ནས་མི་རབས་བར་བློ་ཐོག་ཏུ་བཟུང་ནས་གཅིག་གིས་གཅིག་ལ་བརྒྱུད་བཤད་་བྱེད་ཐུབ་ཐབས་མེད་མངོན་སུམ་མྱོང་གྲུབ་ཡིན་པ་ལྟ་བུ་རེད། དེ་བཞིན་དུ་གཉའ་ཁྲི་བཙན་པོ་ནས་སྟག་རི་གཉན་གཟིགས་བར་གྱི་རྒྱལ་རབས་སུམ་ཅུ་ལྷ་གི་ལོ་རྒྱུས་རྣམས་མི་རབས་མང་པའི་མིས་བློ་ཐོག་ཏུ་བཟུང་ནས་གཅིག་གིས་གཅིག་ལ་བརྒྱུད་བཤད་བྱེད་ཐུབ་པ་དེ་བས་ཀྱང་དཀའ་བ་ཡིན། གཞན་ཡང་བོད་ཀྱི་ལོ་རྒྱུས་མང་པའི་ནང་གཉན་ཁྲི་བཙན་ོའི་གོང་ནས་ལྷོ་ཁ་ནས་ཡར་ཀླུངས་སུ་བོན་གྱི་མཁས་པ་མི་བཅུ་གཉིས་བྱུང་ཟིན་པ་དང་། དེ་དག་གི་ནང་ནས་ཚེ་མི་གཤེན་གྱི་རྨུ་རྒྱལ་གྱིས་བོན་གཞུང་བོད་སྐད་དུ་བསྒྱུར་བ་སོགས་བཤད་པ་རྣམས་ལོ་རྒྱུས་ཁུངས་ལྡན་དུ་ཁས་ལེན་བྱེད་བཞིན་པ་ལ། བོད་སྐད་བསྒུར་པའི་བོན་གཞུང་མང་པོ་དེ་ཙམ་ཞིག་ཡིག་ཐོག་ཏུ་འཁོད་པ་གཅིག་ཀྱང་མེད་པར་གཅིག་གིས་གཅིག་ལ་བརྒྱུད་བཤད་བྱས་པའི་ངག་རྒྱུན་ཙམ་ཞིག་ཡིན་ཞེས་བཤད་ན་ཚན་རིག་དང་མཐུན་པ་ཞིག་ཨེ་ཡིན་སྙམ། དེར་བརྟེན་དེང་སྐབས་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་རང་རིགས་ཀྱི་མཁས་པ་འགའ་ཞིག་གིས་གསུངས་དོན་དུ། གནའ་རབས་ཞང་ཞུང་གི་སྐད་དུ་(ལ་དོན་གྱི་ཕྲད་གུ། ཅུ། ད། དུ། ཏུ། ཨུ། སུ། ཏུར། སུར་བཅས་དགུ་པོ་)རྣམས་ཐོན་མི་སམ་བྷོ་ཊས་སུ་ར་རུ་དུ་ཏུ་བཅས་ལྔ་བསྡུས་པར་མཛད་པ་དང་། དེ་བཞིན་ཞང་ཞུང་གྱི་སྐད་དུ་(ན་ལ་ལུ་ལེ་)བཞི་ཡོད་པ་རྣམས་ཐོན་མིས་ན་ལ་གཉིས་སུ་བསྡུས་པར་མཛད་ཅིང་། ཞང་ཞུང་གི་སྐད་དུ་འབྲེལ་སྒ་ལ་(གི ཀྱི། གྱི། འི། ཡི། ཅི། ཏི། ནི་པེ། ཅིར། སི་)བཅས་བཅུ་ཡོད་པ་རྣམས་ཐོན་མིས་འབྲེལ་སྒྲ་གི་ཀྱི་གྱི་འི་ཡི་ལྔར་བསྡུས་པར་མཛད་པ་ཡིན་ཞེས་གསུངས་པ་དེར་ང་ཚོས་ངེས་པར་དུ་མཐོང་ཆེན་དང་བརྟག་དཔྱད་ཞིབ་འཇུག་བྱེད་འོས་པ་ཞིག་རེད་སྙམ།”
གུས་པས་ཀྱང་དེ་ནི་དངོས་ཐོག་བདེན་ཚོལ་གྱི་གདམས་ངག་ཞིག་ཏི་མཐོང་།
ད་ལྟའི་བོད་ཡིག་ཏུ་གྲགས་པ་འདི་ཡང་སྔོན་གྱི་ཞང་ཞུང་གི་ཡི་གེའི་བྱེ་བྲག་ཅིག་ཡིན་ཟེར་ན་ཁྱེད་ཚོས་ཅི་སྨྲ།
ཞང་ཞུང་བོད་ཀྱི་འབྱུང་ཁུང་རེད་།
ཞང་ཞུང་དམར་ཡིག་བོད་ཡིག་གི་ཕ་མ་རེད་།
ལབ་སྙོག་རྒྱབ་ནས་དྲ་རྒྱ་མ་བཀག་རོགས་།
ཤེས་ཀྱི་མེད་ན་ཁ་ཁར་་བསྡོད་།
ཐོན་མིའི་གསལ་ཆ་གཏོད་པ་རེད་།
གོ་ན་རྣ་བའི་བཅུད་དུ་ཉོན་།
མ་གོ་འབྱུང་བ་རླུང་ལ་དཀྱུར་
་་་་་་་་་་་་་་་་་་་་ བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་འགའ་ཞིག་གིས་གསུངས་དོན་དུ། སྲོང་བཙན་སྒམ་པའི་གོང་དུ་བོད་གནའ་རབས་ཀྱི་ཡི་གེ་ཞིག་ཡོད་པ་དེ་ནི་ཞང་ཞུང་གི་ཡི་གེ་ཡིན་པ་དང་། དེ་ཡང་ཅུང་ཟད་སྟབས་བདེ་བ་དང་ནང་དོན་རྒྱ་ཆེ་བ་སྟོན་རྒྱུར་ཚོད་འཛིན་ཡོད་པ་ཞིག་ཡིན་པར་བརྟེན་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཐོན་མི་སམ་བྷོ་ཊས་སྔར་ཡོད་ཀྱི་བོད་ཡིག་རྙིང་པ་གཞིར་བཟུང་ནས་ད་ལྟའི་བོད་ཡིག་གསར་པ་འདི་བཟོ་གནང་མཛད་པ་ཡིན་ཞེས་གསུང་པ་འདིར་ཁོ་བོས་བསམ་ན་རྒྱུ་མཚན་མང་པོ་ཞིག་ཡོད་རེད་སྙམ། ་་་་་་་་་་་་་་་་་་་་་
ཞེས་དང་།
་་་་་་་་་་་་་་་་་་ ༽དཔའ་བོ་གཙུག་ལག་ཕྲེང་བས་གཟིགས་མྱོང་བའི་བོན་གྱི་ལོ་རྒྱུས་༼ཡང་གསང་ཐེའུ་རང་ལུགས་༽ཟེར་བ་སོགས་ནས་ཆ་ཤས་འགའ་ཞིག་དྲངས་པ་དེ་ཚོའི་ནང་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་སྟག་རི་གཉན་གཟིགས་བར་གྱི་ལོ་རྒྱུས་དང་། ལི་ཡུལ་ནས་ཐོན་པའི་ལོ་རྒྱུས་ཤོག་བྱང་གིི་ནང་གསལ་བའི་གཉའ་ཁྲི་བཙན་པོ་དང་། གྲི་གུམ་བཙན་པོ། སྟག་རི་གཉན་གཟིགས་སོགས་ཀྱི་ལོ་རྒྱུས་མི་ཉུང་བ་ཡོད་དེ་རྣམས་སྲོང་བཙན་སྒམ་པོའི་གོང་གི་མི་རབས་སྔོན་མ་ཚོས་གཅིག་གིས་གཅིག་ལ་བརྒྱུད་བཤད་བྱས་པའི་ངག་རྒྱུན་ཙམ་ཞིག་མ་ཡིན་པར་ཡིག་ཐོག་ཏུ་འཁོད་ཡོད་པ་ཞིག་ཡིན་ངེས་རེད། གལ་ཏེ་ཡིག་ཐོག་ཏུ་འཁོད་མེད་པའི་ངག་རྒྱུན་ཙམ་ཞིག་ཡིན་ན་མི་རབས་སུམ་ཅུ་ལྷག་བརྒྱུད་ཐུབ་པ་ལྟ་ཞོག མི་རབས་ཁ་ཤས་སོང་མཚམས་སུ་ངག་རྒྱུན་ཙམ་ཡང་ལུས་མི་སྲིད་དེ། དཔེར་ན་རང་རེའི་མི་རབས་གོང་མ་ཁ་ཤས་ཀྱི་ལོ་རྒྱུས་རྣམས་ཡིག་ཐོག་ཏུ་བཀོད་མེད་ཚེ། མི་རྣམས་ནས་མི་རབས་བར་བློ་ཐོག་ཏུ་བཟུང་ནས་གཅིག་གིས་གཅིག་ལ་བརྒྱུད་བཤད་་བྱེད་ཐུབ་ཐབས་མེད་མངོན་སུམ་མྱོང་གྲུབ་ཡིན་པ་ལྟ་བུ་རེད། ་་་་་་་་་་་་་་་་་་་་་་་་་་་་
ཐོན་མི་ཨ་ནུས། བོད་ཡིག་གསར་གཏོད་མཛད་དམ། ཡང་ན། བོད་ཡིག་གསར་བཅོས་མཛད་པ་རེད། གང་བདེན་པ་ཡིན་ནམ། ལགས།
གཉའ་ཁྲི་བཙན་པོ་རྒྱ་གར་ཡུལ་ནས་ཕེབས་།
རྒྱ་གར་ཡིག་གེ་བོད་དུ་ཁོང་གི་གནང་།
ཞང་ཞུང་དམར་ཡིག་རྒྱ་གར་ཡིག་་གེ་ནས་བཏུས་།
གསར་གཏོད་བཟོ་བཅོས་ཐོན་མི་ཨ་ནུའི་གནང་།
ད་ལྟའི་སྐབས་སུ་བོད་ཡིག་རླུང་རྟ་ཆག་།
དབྱིན་ཡིག་རྒྱ་ཡིག་ལམ་འགྲོ་ཆེ་བའི་དུས་།
བོད་ཡིག་བྱུང་རབས་མ་གླེང་དེ་བས་ཡག་།
སྐད་ཡིག་མེད་པའི་མི་རིགས་གཅིག་ཀྱང་མེད་།
གལ་སྲིད་དེ་འདྲ་ཡོད་གྱུར་ན་།
གདོན་མའི་སྤྱི་ཚོགས་སྐྱེ་བསྲིངས་ཡིན་པ་ཆོག་།ཧ་ཧ་ཧ་
སྲོང་བཙན་གོང་དུ་བོད་ཡིག་ཡོད་པའི་སྒྲུབ་བྱེད་བཙན་ཤོས་དེ་ནི། དམ་པའི་ཆོས་ཐོག་མར་བོད་ལ་བྱུང་ཚུལ་བཤད་པའི་སྐབས་སུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་བོད་ཡིག་ལ་བྲིས་པ་ཡོད་ཟེར་བའི་བན་དྷེའི་བསྟན་འབྱུང་དེ་ཡིན།
དེ་ཡང་བོན་པོ་ཚོས་བཀའ་དྲིན་ལས་བོད་མི་རིགས་འདི་ལ་། བོད་ཀྱི་ཡི་གེ་ཞེས་པ་ཡིག་རིགས་ཅིག་ཀྱང་གཞན་དང་མ་འདྲ་ཞིག་བཟོས་ཐུབ་པ་རེད། ཁྱེད་ཅག་ཡིན་ན་ནི་རྒྱ་གར་བའི་ཡི་གེ་གསོན་པོ་དེ་རང་ཇི་མ་ཇི་བཞིན་བོད་ཡུལ་དུ་ཨུ་ཚུགས་བརྒྱབ་ནས་འདྲེན་ཐག་ཆོད་རེད། དེ་འདྲེན་ས་མེད་པ་བོད་ཀྱི་ཨ་མའི་བུ་རྒོད་ཚོས་སྔོན་དུས་ནས་བོད་ཡིག་གཟི་བརྗིད་ཅན་ཞིག་བཟོས་ཚར་བ་འདུག་བ། ཧཧཧ