ཀླུ་སྨྱོན།
“འདི་གའི་གསར་འགོད་པས་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་ལགས་སུ་བཅར་འདྲི་ཞིག་གི་སྐབས་སུ། ཁོང་གིས་བོད་རང་གི་མཁས་པ་སྔ་མ་དག་གིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་གསར་བཏོད་དང་འཕེལ་རྒྱས་ཀྱི་རྩེ་མོར་སོན་པར་བྱས་ཡོད་པའི་སྲོལ་རྒྱུན་སྙན་ངག་གི་རྩོམ་སྟངས་འདི་ནི་དེང་སྐབས་ཕལ་ཆེར་རྒས་ཤིང་རྫི་རྡིབས་པའི་ལོ་ལོན་ཟུངས་ཟད་ཅིག་གི་ཚད་དུ་བཞག་འདུག་ཟེར།”
དྲི་བ། ཁྱེད་ཀྱིས་དུས་ཡུན་རིང་བོར་བོད་སྐད་ཡིག་སྟེང་རྩོམ་ཡིག་འབྲི་སྤེལ་གནང་སྟབས། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩ་བའི་བསམ་བློའམ་ཡང་ན་སྤྱིའི་ཁ་ཕྱོགས་གཏོད་ ས་གང་ལ་བྱས་ན་བཟང་གི་སྙམ།
ལན། ནང་ཆོས་ལས་བསྟན་པ་ལྟར་ན་འཇིག་རྟེན་གྱི་དོན་དག་ཚང་མ་དོན་དག་ཆེན་པོ་གཉིས་ཏེ་ རང་དོན་དང་གཞན་དོན་གཉིས་རེད། འཇིག་རྟེན་ཆགས་ནས་ད་བར་རྩོམ་པ་པོ་ཞིག་གིས་སྙན་ངག་དང་སྒྲུང་རྩོམ། དཔྱད་རྩོམ་སོགས་གང་ཞིག་བྲིས་ཡོད་ཀྱང་། དེས་མི་སྒེར་གྱི་དོན་དག་ཅིག་སྟོན་བཞིན་མེད་ན་སྤྱི་ཚོགས་དང་འབྲེལ་བའི་དོན་དག་ཅིག་སྟོན་བཞིན་ཡོད། དཔེར་ན་ནམ་མཁའི་རྒྱུ་སྐར་སྐོར་གྱི་དཔྱད་རྩོམ་ཞིག་ཡིན་ན་ཡང་དེ་ནི་སྟོང་པའི་ཁམས་ཀྱི་སྤྱིའི་དོན་དག་དང་འབྲེལ་བ་ཡོད་པ་ཞིག་དང་ཡང་ན་རྒྱུ་སྐར་དེ་རང་ཉིད་ཀྱི་དོན་དག་དང་འབྲེལ་བ་ཡོད་པ་ཞིག་རེད། གང་ལྟར་རྩོམ་རིག་སྒྱུ་རྩལ་དེ་མིའི་སྤྱི་ཚོགས་ཀྱི་ཐོན་རྫས་ཤིག་ཡིན་པས་དེའི་མཐར་ཐུག་གི་དམིགས་ཡུལ་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་འབྲེལ་བ་ཡོད་པ་ཞིག་ཡིན་འོས་ཤིང་། རང་རེ་བོད་པ་ཚང་ལ་མཚོན་ན་གནའ་སྔ་མོའི་ལོ་རྒྱུས་ཀྱི་དགའ་འོས་པ་དང་སྐྱོ་དགོས་པའི་དོན་དག་གང་ཞིག་ཡིན་ཡང་ད་ལྟའི་རྩོམ་པ་པོས་ངེས་པར་དུ་གླེང་དགོས་ཤིང་། ལྷག་པར་དུ་ད་ལྟའི་གནས་བབ་ལ་གཞིགས་ཏེ་ད་ལྟའི་གནས་སྟངས་མཚོན་པ་དང་། མ་འོངས་པའི་ཆེད་དུ་དམིགས་ནས་མ་འོངས་པའི་ཁ་ཕྱོགས་མཚོན་པའི་རྩོམ་ཡིག་རེ་འབྲི་ཐུབ་ན་བཟང་། འབྲི་ལུགས་ནི་ཕྱི་ལུགས་དང་རྒྱ་ལུགས། བོད་ལུགས་གང་ཡིན་ཡང་རྩོམ་རིག་སྒྱུ་རྩལ་རང་ཉིད་ཀྱི་སྟེང་ནས་བསམ་བློ་གཏོང་བ་མ་གཏོགས་ལུགས་སྲོལ་དེ་བོད་ལ་དར་དུས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་སོགས་རྙོག་ རྫོབ་ཆེ་བའི་དོན་དག་དེ་ཚོ་ལ་གཡུག་ལུང་གཡུག་མ་བྱས་ན་ལེགས། ད་ལྟའི་དུས་འདིར་བོད་ཀྱི་རྩོམ་པ་པོ་ཚོས་མ་འོངས་པར་༧གོང་ས་མཆོག་སྐུ་མི་ བཞུགས་པའི་དུས་ཀྱི་དོན་དག་ཆེ་མ་ཆུང་གསུམ་ཡིད་ཀྱིས་བློས་བསླངས་བྱས་ཏེ་སྒྲུང་ རྩོམ་དང་འབོལ་རྩོམ། འཁྲབ་གཞུང་སོགས་འབྲི་ཐུབ་ན་ལེགས་པར་མཐོང་ཞིང་། དེང་སྐབས་མི་མང་པོ་ཞིག་གིས་སེམས་ཁུར་ཆེ་ཤོས་བྱེད་ས་ཡང་དེ་རེད། དེ་ལྟར་མ་འོངས་པའི་དོན་དག་འདི་ཚོ་ད་ལྟའི་དུས་འདིར་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་མི་མང་གི་མིག་སྔར་བཤམས་ན། ཤེས་ཚད་ཀྱི་རིམ་པ་དང་བསྟུན་ནས་མི་མང་གི་བསམ་བློའི་གོ་རྟོགས་ཀྱང་ངེས་ཅན་ཞིག་སད་རྒྱུ་ཡོད་པ་མ་ཟད། མི་མང་གིས་རྩོམ་རིག་སྒྱུ་རྩལ་ལ་གདེང་འཇོག་བྱེད་ཤུགས་ཀྱང་ཆེ་རུ་འགྲོ་ཐུབ་ ཀྱི་རེད། རྩོམ་རིག་སྒྱུ་རྩལ་ནི་གློག་བརྙན་བཟོ་སྐྲུན་ཁང་ཞིག་དང་འདྲ་བར་རྩོམ་པ་པོས་སྒྱུ་རྩལ་གྱི་ཐབས་ལམ་འདི་བརྒྱུད་ནས་བོད་ཀྱི་འདས་མ་ད་གསུམ་གྱི་སྤྱི་ཚོགས་ ཀྱི་གནས་བབ་དང་མི་སྒེར་གྱི་འཚོ་བ་མཚོན་པའི་བརྩམས་ཆོས་གང་མང་ཞིག་འབྲི་ཐུབ་ན། ང་ཚོར་ད་གཟོད་རྩོམ་པ་པོ་དང་སྙན་ངག་པའི་ཆོ་ལོ་དེ་བཏགས་ན་འོས་ཤིང་འཚམ་པ་ཞིག་ཡིན་པ་དང་། རབ་བྱུང་ན་ང་ཚོའི་རྩོམ་པ་པོ་ཚོས་སྒྱུ་རྩལ་རྩོམ་རིག་གི་གར་སྟེགས་འདིའི་སྟེང་ནས་རང་ཉིད་ཀྱི་འཐུས་ཚབ་བྱེད་ཐུབ་པའི་བརྩམས་ཆོས་ཀྱི་ཟློས་གར་ལེགས་པོ་རེ་བཤམ་ཐུབ་རྒྱུ་ཧ་ཅང་གལ་ཆེ། ངའི་ཉམས་མྱོང་ལྟར་ན་སྒྱུ་རྩལ་རྩོམ་རིག་ལེགས་པོ་ཞིག་འབྲི་ཐུབ་མིན་ནི་མི་རེ་རེས་རང་གི་མ་སྐད་ཀྱི་རྨང་གཞིར་སློབ་སྦྱོང་ཅི་ཙམ་ཞིག་བྱས་ཡོད་མེད་ལ་རག་ལས་ཤིང་། ཁོ་བོ་ལྟ་བུར་མཚོན་ན་སྔོན་ཆད་སྒྲུང་གཏམ་རེ་འབྲི་དུས་དོན་དག་དེ་དང་དངོས་པོ་དེ་ཐ་སྙད་གང་ཞིག་གིས་བསྟན་ཡོད་མེད་གསལ་ཆའམ་དྲན་ཤེས་དགའ་རབ་ཅིག་ཡོད་མོད། དེང་སྐབས་སྒྱུ་རྩལ་རྩོམ་རིག་རྒྱུན་ལྡན་དུ་མ་བྲིས་པར་ཡུན་རིང་འགོར་བས་ད་ལྟ་ཕལ་ཆེར་སྒྲུང་ཐུང་ཞིག་གི་ཐ་སྙད་འདང་ངེས་ཤིག་ཀྱང་སེམས་ངོ་ན་མི་འདུག སྒྱུ་རྩལ་རྩོམ་རིག་གི་བརྗོད་བྱའི་སྐོར་དེ་ཙམ་དང་ད་ནི་རྗོད་བྱེད་ཀྱི་ཐད་ནས་ཀྱང་དེང་སྐབས་ཀྱི་སྣང་ཚུལ་འདི་ནི་ཧ་ཅང་ཡི་མུག་པ་ཞིག་རེད། བོད་རང་གི་མཁས་པ་སྔ་མ་དག་གིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་གསར་བཏོད་དང་འཕེལ་རྒྱས་ཀྱི་རྩེ་མོར་སོན་པར་བྱས་ཡོད་པའི་སྲོལ་རྒྱུན་སྙན་ངག་གི་རྩོམ་སྟངས་འདི་ནི་དེང་སྐབས་ཕལ་ཆེར་རྒས་ཤིང་རྫི་རྡིབས་པའི་ལོ་ལོན་ཟུངས་ཟད་ཅིག་གི་ཚད་དུ་བཞག་ཡོད་ཅིང་། རྩོམ་སྟངས་འདིའི་སྒང་ནས་ཅིག་བྲིས་ཚེ་ཕལ་ཆེར་ཀླད་པ་མི་དྭངས་པའི་རྩོམ་པ་པོ་ ཨུ་ཚུགས་ཅན་ཞིག་གི་ཚད་ནས་འཇོག་གི་རེད། གལ་སྲིད་ཁྱེད་རང་སྒྱུ་རྩལ་རྩོམ་རིག་ལ་མངའ་བརྙེས་པ་ཞིག་ཡིན་ན་རྗོད་བྱེད་དེ་དང་དེས་ཁྱེད་ཀྱིས་སྙན་ངག་དང་སྒྲུང་རྩོམ་གང་ཞིག་འབྲི་བར་ཡང་བཀག་རྒྱ་བཟོ་མི་ཐུབ་པར་དེ་ལས་ལྡོག་སྟེ་མཐུན་རྐྱེན་དུ་འགྲོ་བ་དང་། གལ་སྲིད་ཁྱེད་ཀྱི་སྒྱུ་རྩལ་རྩོམ་རིག་གི་ཤེས་ཡོན་དེ་ཚད་ངེས་ཅན་ཞིག་ལས་མེད་ ཚེ་རྩོམ་སྟངས་གང་ཞིག་ཡིན་ཡང་དེས་ཁྱེད་རང་སྐྱོབ་མི་ཐུབ་པའི་སྟེང་ལ་གཡང་གཟར་དུ་མི་འདྲེན་པའི་ངེས་པ་ཡང་མེད། དེའི་དཔེ་མཚོན་ནི་སྔོན་ཆད་ཀྱི་མདོ་མཁར་ཞབས་དྲུང་དང་དགེ་འདུན་ཆོས་འཕེལ། ད་དུང་དེང་སྐབས་ཀྱི་འཇུ་སྐལ་བཟང་དང་སེང་རྡོར་ལྟ་བུས་ཀྱང་ཤེས་སོ།།
དྲི་བ། ལོ་རབས་བརྒྱད་ཅུའི་མགོ་སྟོད་ནས་བརྩམས་པའི་བོད་ཀྱི་དེང་རབས་རྩོམ་རིག་གམ། ཡང་ན་དཔལ་དོན་གྲུབ་རྒྱལ་ནས་ད་ལྟའི་བར་གྱི་རྩོམ་རིག་གི་ལེགས་ཉེས་དར་རྒུད་ ཕྱོགས་ལ་ལྟ་ཚུལ་ཇི་འདྲ་ཡོད།
ལན། ལོ་རབས་བརྒྱད་ཅུ་པའི་མགོ་སྟོད་ནི་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་ནང་ལ་མཚོན་ན་མི་རྣམས་ཆབ་སྲིད་དྲིལ་སྒྲོག་གི་དམྱལ་བའི་དུས་རབས་ཤིག་ནས་དབུགས་དབྱུངས་ཅུང་ཟད་སྤྲད་པའི་ལྷོད་ཡངས་ཀྱི་དུས་རབས་ཤིག་ལ་བསྙེགས་ཡོད་ཅིང་། དེ་ཡང་དོན་གྲུབ་རྒྱལ་སོགས་ཀྱིས་དམར་པོའི་ལྟ་བ་རྒྱབ་ལྗོངས་བྱས་ཏེ་བརྩམས་པའི་ལང་ཚོའི་རྦབ་ཆུ་དང་འབྲོང་སྟག་ཐང་སོགས་ཀྱིས་གཞི་རྩ་བྱས་ཏེ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཞིང་སར་རྩྭ་དང་ལྡུམ་བུ་གང་མང་ཞིག་སྐྱེས་སོང་། དེ་ཡང་གསོ་རིག་གཞུང་ལུགས་ལས་བསྟན་པ་ལྟར་སྨན་རྩྭ་དང་དུག་རྩྭ་སྨན་ལྡུམ་དང་ དུག་ལྡུམ་སོགས་འགྲོ་བ་མིའི་ལུས་སྲོག་ལ་ཕན་པ་དང་གནོད་པའི་ཆ་གཉིས་ཀ་ཡོད་པའི་རྩོམ་ཡིག་ཆར་རྗེས་ཀྱི་ཤ་མོའི་རྗེས་སུ་སོང་། ང་བརྒྱད་ཡར་སྔོན་དུ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དེ་ནི་སྤྱི་འགྲོས་གཅིག་ཅན་ཞིག་མ་ཡིན་པར་གེ་སར་སྒྲུང་སོགས་དམངས་ཁྲོད་ཀྱི་རྩོམ་སྟངས་ཤིག་དང་མེ་ལོང་མའི་རྗེས་འབྲང་སྟེ་རིམ་པ་ཅུང་མཐོ་བའི་རྩོམ་སྟངས་གཉིས་སུ་གྱེས་ཡོད་ཅིང་། ལོ་རབས་བརྒྱད་ཅུ་བའི་དུས་མགོར་སྔར་གྱི་རྩོམ་སྟངས་ཆེན་པོ་གཉིས་དེའི་སྟེང་དུ་རྩོམ་སྟངས་གསར་པ་ཞིག་བསླེབས་ཤིང་། རྩོམ་སྟངས་གསར་པ་དེས་རྗོད་བྱེད་གཅིག་པོའི་སྟེང་ནས་མ་ཡིན་པར་བརྗོད་བྱའི་སྟེང་ནས་ཀྱང་གསར་རྙིང་གི་ཁྱད་པར་ཞིག་མངོན་པར་བྱས། དེ་ཡང་རྗོད་བྱེད་ཀྱི་ཚིག་མང་པོ་ཞིག་མའོ་ཡི་གསུང་རྩོམ་བོད་སྒྱུར་སོགས་ཀྱི་ཁྲོད་གསར་དུ་བཟོས་པའི་རིགས་ཡིན་ལ། བརྗོད་བྱ་ཡང་རྙིང་བཞིར་དགག་རྒྱག་གི་ཁྱད་ཆོས་དང་ལྡན་པ་ནི་ཧ་ཅང་གསལ་བོ་ཡིན། དོན་གྲུབ་རྒྱལ་གྱི་”ལང་ཚོའི་རྦབ་ཆུ་”དང་འཇམ་དཔལ་རྒྱ་མཚོའི་”སྐལ་བཟང་མེ་ཏོག་”ལྟ་བུ་ལས་ང་ཚོས་ཧ་ཅང་ལས་སླ་བོར་མཐོང་ཐུབ་པའི་དོན་དག་གཉིས་ཏེ། སྤྱི་ཚོགས་ལ་ཁ་གཏད་ནས་གསར་བརྗེར་བསྟོད་གླུ་ལེན་པ་དང་། མི་སྒེར་ལ་ཁ་གཏད་ནས་བརྩེ་དུང་ལ་བསྟོད་གླུ་ལེན་པ་གཉིས་ནི་ཧ་ཅང་རྒྱུན་ལྡན་གྱི་བརྗོད་བྱ་རྒྱུགས་ཆེ་བ་གཉིས་རེད། གང་ལྟར་བརྗོད་བྱ་དང་རྗོད་བྱེད་གཉིས་གང་ཡིན་ལ་མ་ལྟོས་པར་ལོ་རབས་བརྒྱད་ཅུ་བ་ནས་དར་བའི་རྩོམ་རིག་གི་རླབས་རྒྱུན་འདིའི་ཁྲོད་དུ་ང་ཚོས་འོད་འཚེར་བའི་ཐ་སྙད་ ཀྱི་མུ་ཏིག་རིན་ཐང་བྲལ་བ་གང་མང་ཞིག་སྒྲུག་ཆོག་ལ། སྐྱུག་མེར་ལང་བའི་རྨོངས་དད་ཀྱི་སྦལ་རོ་ཡང་གང་མང་ཞིག་འདོར་རྒྱུ་ལྷག་ཡོད་པ་སྟེ། དཔེར་ན་སྔོན་ཆད་བེད་སྤྱོད་དེ་ཙམ་མེད་པ་དང་ཡང་ན་རྩ་བ་ནས་མེད་པའི་མིང་དང་ཚིག་གི་ཕྲེང་བ་མང་པོ་ཞིག་ད་ལྟ་ཡོངས་ཁྱབ་ལྟ་བུར་བེད་སྤྱོད་བྱེད་བཞིན་པ་དང་། རྩོམ་རིག་གསར་པའི་རྦ་རླབས་ཆེན་པོའི་རྩེ་རུ་གཡེང་སྟེ་རང་གི་ཕ་མེས་ནས་བརྒྱུད་པའི་རིན་བྲལ་ནོར་བུའི་རིགས་གང་ཡང་ཁས་མི་ལེན་པའི་སྣང་ཚུལ་ཡང་མུ་ནས་མུ་རུ་ འབྱུང་གིན་ཡོད། ངས་སེམས་ཁུར་ཆེན་པོ་བྱེད་ས་ཞིག་ནི་རྩོམ་རིག་སྒྱུ་རྩལ་དེ་འདི་ལྟར་དམངས་ཁྲོད་དུ་བབས་རྗེས་སྔོན་ཆད་ཀྱི་རིམ་པ་མཐོ་བའི་རྩོམ་སྟངས་ཀྱི་ལམ་ནས་བརྩམས་པའི་སྒེའུ་སྟེང་ཚང་གི་”ཕོ་ཉ་གཞོན་ནུ་དོན་གྲུབ་”ལྟ་བུ་དེང་སང་ཀློག་མཁན་དཀོན་ལ་གོ་མཁན་དེ་བས་ཀྱང་དཀོན་པའི་ཚད་དུ་འགྲོ་བཞིན་པ་འདི་དང་། རྩོམ་སྟངས་རྙིང་བའི་འགྲོས་འདི་ལ་སོ་མ་ཚུགས་པར་རང་མོས་སྙན་ངག་གི་ལམ་ཁ་གཅིག་བུ་ལས་ཁས་མི་ལེན་པའི་མི་རབས་གསར་བ་འདི་ཚོ་ཡིན་ཞིང་། མི་རབས་གསར་པས་འདི་ལྟར་རང་གི་ཕ་མེས་ཀྱིས་བཞག་པའི་རིན་བྲལ་ནོར་བུའི་ནོར་ངོ་མི་ཤེས་པའི་སྟེང་དུ་ཤེས་ན་མི་འདོད་པའི་ཚད་དུ་ལྷུང་དུས། རྩོམ་སྟངས་གསར་པ་དེའི་རྗོད་བྱ་དང་བརྗོད་བྱེད་གཉིས་ཀ་ཇི་འདྲའི་ཡིད་དུ་འོང་ ཞིང་དོན་སྙིང་ལྡན་པ་ཞིག་ཡིན་དུ་ཟད་ཀྱང་། མི་རབས་ཤིག་གིས་རང་གི་ཕ་མེས་ཀྱི་བང་སོའི་སྟེང་དུ་གཅིན་པ་གཏོང་སྟངས་ནི་དེ་ལས་ལྷག་ཅིག་མེད་པར་འདོད། དེ་བཞིན་གནའ་དེང་ཟུང་འབྲེལ་ཞེས་པ་དང་སྙིགས་འདོར་བཅུད་ལེན་ཟེར་བའི་ཐ་སྙད་འདི་དག་རྒྱ་ནག་ནས་བྱུང་མིན་ལ་མ་ལྟོས་པར་ཐ་སྙད་འདི་དག་གི་བསྟན་དོན་ཇི་བཞིན་གྱི་ལམ་ཁ་ཞིག་རྙེད་ཐུབ་ན། ལོ་རབས་བརྒྱད་ཅུ་བ་ནས་མགོ་ཚུགས་ཤིང་རྩ་བ་རྒྱས་པའི་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རིམ་འདི་ལ་ངན་སྐྱོན་ལས་བཟང་ཆ་མང་བར་སུས་ཀྱང་ཁས་ལེན་གྱི་རེད་འདོད།
དྲི་བ། ད་ལྟའི་སྙན་ངག་ཕལ་མོ་ཆེར་མངོན་བརྗོད་བཀོལ་བ་ཆེས་ཉུང་ཡང་གོ་དཀའ་བའམ། ཡང་ན་ཅི་ཡང་བརྗོད་ཀྱི་མེད་པ་ལྟ་བུ་འདུག་ན་འདིའི་སྐོར་དགོངས་ཚུལ་ཇི་འདྲ་ཡོད།
ལན། སྙན་ངག་ཅིག་གོ་དཀའ་མིན་དེ་ནི་སྔོན་ཆད་ཡིན་ན་མངོན་བརྗོད་ཀྱི་མང་ཉུང་ལ་ཐུག་ ཡོད་ཚུལ་གྱི་བཤད་སྟངས་ཤིག་ཡོད་མོད། དེ་ཡང་ཀློག་མཁན་དེས་སྙན་ངག་དེ་མ་བཀླགས་སྔོན་མངོན་བརྗོད་ལ་སྦྱངས་པ་སྔོན་དུ་སོང་ཡོད་ཚེ། སྙན་ངག་དེར་གོ་བ་ལེན་པར་མངོན་བརྗོད་ཀྱིས་གནོད་པ་སྐྱེལ་རྒྱུའི་ཚབ་ཏུ་ཕན་ཐོགས་འབྱུང་བའི་དུས་ཀྱང་ཡོད་པ་མ་ཟད། ཚིག་རྒྱན་གྱི་སྟེང་ནས་བརྗོད་ན་བྲོ་བ་ལྷག་མ་ཞིག་སྟེར་བ་ཡང་ཡོངས་གྲགས་ལྟར་རེད། དེ་ནི་མཛེས་མ་ཞིག་གི་གདོང་ལ་མཛེས་ཆོས་བྱུགས་ཤིང་ལུས་ལ་རྒྱན་ཆ་བཏགས་ནས་ཁྲོམ་དུ་བསྐྱོད་པ་ལྟ་བུ་ཞིག་ཡིན་ཚུལ་ཡང་ནས་སྐྱར་དུ་གསུངས་ཡོད། ཡིན་ན་ཡང་དགེ་ཆོས་ཀྱི་དུས་སྐབས་ཤིག་ནས་བཟུང་སྙན་ངག་འབྲི་དུས་མངོན་བརྗོད་དེ་ཙམ་མང་པོ་མ་བཀོལ་བར་ཡོངས་ཁྱབ་ཀྱི་ཐ་སྙད་རང་གི་སྟེང་ནས་རྩོམ་པ་པོའི་ཐུན་མོང་མ་ཡིན་པའི་རྩོམ་པའི་ཡོན་ཏན་མངོན་དགོས་པའི་ལྟ་ཚུལ་ཞིག་དར་བ་རེད་ལ། ལྟ་ཚུལ་དེའི་རྗེས་འབྲངས་པ་ཚོར་འདོད་པ་ཚིམ་པའི་གྲུབ་འབྲས་ཀྱང་མིག་གིས་མཐོང་བ་ཞིག་ཐོབ་ཡོད།
འོན་ཀྱང་། མངོན་བརྗོད་ཀྱི་ཚིག་གཅིག་ཀྱང་མ་བྲིས་པ་ཙམ་གྱིས་སྙན་ངག་དེར་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་ཐུབ་པ་ཞིག་ཀྱང་མིན་པ་དེང་སྐབས་ཀྱི་རང་མོས་སྙན་ངག་ཀློག་པ་པོ་ཚོའི་སྨྲེ་སྔགས་ལས་ཤེས་ཐུབ། དེ་སྙན་ངག་འབྲི་དུས་སྲོལ་རྒྱུན་སྙན་ངག་འབྲི་དུས་བཞིན་དང་པོར་ཆོས་དེ་དང་ དེའི་དོན་སྤྱི་ཡིད་ངོར་འཆར་དུ་བཅུག་རྗེས། བློས་བསླངས་ཀྱི་རིམ་པ་གཉིས་པར་འཕོས་ཏེ་ཆོས་དེ་དང་དེའི་ཚབ་བྱེད་པའི་དཔེ་ཡི་དངོས་པོ་དག་གི་ཐུན་མིན་ཁྱད་ཆོས་དང་དཔེ་ཅན་དེ་དང་དཔེ་དེ་ཡི་བར་ཐག་སྦྲེལ་བྱེད་ཀྱི་མཚུངས་ཆོས་སོགས་ཐ་སྙད་སྒྲིག་སྦྱོར་གྱི་ལམ་ནས་བཞེང་སྐྲུན་བྱེད་དགོས། ཡིན་ན་ཡང་དེང་གི་སྙན་ངག་འབྲི་བར་རློམ་པ་མང་པོས་སྔོན་ཆད་ཅིག་ནས་མཐོང་བའམ་ཡང་ན་རང་གི་བློ་ངོར་གློ་བུར་དྲན་པའི་ཚིག་ཕྲེང་ཞིག་འབྲི་ཅི་ཐུབ་བྱེད་པ་མ་གཏོགས། ཚིག་ཕྲེང་དེ་དག་གི་དངོས་ཤུགས་ན་དོན་དག་འདི་དང་དེ་ཡོད་པའི་གསང་བའི་མན་ངག་གམ་གབ་བྱའི་སྐོར་ལ་བསམ་བློ་ཅི་ཡང་མི་གཏོང་བའི་སྣང་ཚུལ་ཞིག་ཡོངས་ཁྱབ་ཏུ་ཡོད་པས། ཁོ་ཚོས་བྲིས་པའི་སྙན་ངག་དེ་དག་ཀྱང་ཆང་འཐུང་གི་ལབ་བརྡོལ་བཞིན་ཅི་ཙམ་ཉན་ཀྱང་དོན་དག་ཅིག་སྟོན་རྒྱུ་མེད་པའམ་བསྟན་ཡོད་པའི་འགྲེལ་བཤད་ཅི་ཡང་མི་རྙེད་པ་འདི་རེད། གལ་སྲིད་ཁྱོད་ཀྱིས་བྲིས་པའི་སྙན་ངག་དེ་གཞན་གྱིས་གོ་བ་ཕར་ཞོགས་ཐ་ན་འབྲི་བ་བོ་རང་ཉིད་ཀྱིས་ཀྱང་གོ་བ་ལེན་མི་ཐུབ་ན་ཁྱོད་ཀྱི་སྙན་ངག་དེའི་ཆེད་དུ་བྱ་བའི་གདུལ་བྱ་དེ་དོན་ངོ་མར་སུ་ཞིག་ཡིན་ནམ། ཡིན་ན་ཡང་སྙན་ངག་མཁན་གྱིས་བྲིས་པའི་སྙན་ངག་དེར་སྙན་ངག་མཁན་རང་ཉིད་ཀྱིས་གོ་ བ་ཞིག་ལེན་ཆོག་ལ། ཀློག་མཁན་མི་འདྲ་བས་ཀྱང་གོ་བ་མི་འདྲ་བ་རེ་བླངས་ན་དེས་བས་ཀྱང་ལོས་ཆོག གནད་ཀྱི་དོན་པོ་ནི་སྙན་ངག་དེར་ངོས་དང་ཟུར་གང་རུང་ཞིག་ནས་འགྲེལ་བཤད་ཅིག་རྙེད་ཐུབ་རྒྱུ་དེ་རེད་སྙམ། སྣང་ཚུལ་རིགས་ཤིག་ལ་ངས་ནམ་རྒྱུན་ཚིག་རྒྱན་གྱི་སྨིག་རྒྱུའི་ཕོ་བྲང་ཟེར་གིན་ཡོད་ལ། དེའི་ཁོངས་སུ་ང་རང་གིས་སྙན་ངག་ཡིན་པར་རློམ་པ་དེ་ཚོའང་གཏོགས་ན་ཐང་། ཡིན་ན་ཡང་ལྗང་བུའི་སྙན་ངག་དང་སྨན་བླ་སྐྱབས་ཀྱི་སྙན་ངག་སོགས་ཀྱི་རྒྱབ་ལྗོངས་སུ་རབ་རིབ་དང་བན་བུན་ཞིག་ནི་དུས་རྟག་པར་ཡོད་པར་འདོད་མཁན་དག་དང་། ཡང་གངས་ཞུན་དང་ལྡོང་ཕྲུག་སོགས་ཀྱི་སྙན་ངག་གི་མདུན་ངོས་དེ་ག་རང་དུ་དོན་དག་ཅིག་བསྐུངས་ཡོད་པར་འདོད་པ་ཚོའི་བར་དུ་འགྲེངས་པའི་ཀློག་པ་པོ་ནི་མི་རབས་གསུམ་པ་དང་བཞི་པ། ད་དུང་མི་རབས་གང་ཞིག་ལ་མི་གཏོགས་པའི་ཀློག་པ་པོ་དག་རེད། སྙན་ངག་ནི་སྐབས་ལ་རེར་ཆབ་སྲིད་དང་དེ་མིན་པའི་དགོས་དབང་གིས་གབ་ཚིག་ཅིག་ཏུ་འགྱུར་འགྲོ་ཞིང་། ཡང་མཚམས་རེར་སྨད་འཚོང་མའི་ཟུར་མིག་ཅི་བཞིན་རྒྱབ་ཕྱོགས་ཁོ་ན་ཞིག་ནས་བལྟས་ན་ད་གཟོད་དོན་དག་ཅིག་སྟོན་པ་དང་ཡང་ན་ཚོར་བ་ཞིག་སྤྲོད་བཞིན་འདུག གང་ལྟར་ད་ནི་ལྗང་བུའི་སྙན་ངག་དག་ལ་ཡང་རིམ་བཞིན་རྒས་གཉེར་བབས་ཤིང་ས་རྡུལ་ཆགས་དང་ཆགས་བཞིན་འདུག་ལ། གངས་ཞུན་སོགས་ཀྱི་སྙན་ངག་དག་གིས་ཀྱང་རིམ་བཞིན་གཉིད་དུ་ཡུར་ནས་སྔུར་བ་འཐེན་བཞིན་འདུག དེ་བས་སྙན་ངག་པ་གསར་པ་དག་གིས་རང་རང་གི་བློ་སྟོབས་བཀོལ་ཏེ་དུས་རབས་ཉེར་གཅིག་པའི་ཀློག་པ་པོ་དག་གི་འདོད་བློ་དང་ཡོངས་སུ་འཚམ་པའི་སྙན་ངག་དང་སྙན་ངག་རྩོམ་སྟངས་ཤིག་གསར་བཏོད་བྱས་ན་ལེགས་ཏེ། ང་ཚོའི་གཞོན་རབས་པའི་མིག་དཔེ་ལྟ་སའི་སྙན་ངག་པ་འདས་པོ་དོན་གྲུབ་རྒྱལ་གྱིས། བ་ཚྭའི་དྲི་དང་འགྲོག་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད། ཅེས་པའི་ཁ་གཡང་ཞིག་དང་ཐ་ཚིག་ཅིག་བསྒྲགས་ཡོད།
དྲི་བ། དེང་སྐབས་བོད་ཡིག་ཀློག་བདེ་ཕྱིར་བར་སྟོང་འཇོག་དགོས་ཚུལ་རྗོད་མཁན་ཡོང་གི་ཡོད་པ་མཁྱེན་གསལ་ལྟར་རེད། འདིའི་ཐད་དུ་སྐུ་ཉིད་ལ་དགོངས་ཚུལ་གང་འདྲ་ཡོད།
ལན། བོད་ཡིག་ལ་བར་སྟོང་འཇོག་དགོས་པར་འདོད་མཁན་དག་གི་ཁྲོད་དུ་ཆད་མཐའ་དང་རྟག་མཐའ་གཉིས་ཀར་ལྷུང་ཡོད་མཁན་སྐོར་འདུག ཆད་མཐའ་བ་ཚོ་ནི་མཐའ་གཅིག་ཏུ་དེ་ངོ་རྒོལ་བྱེད་མཁན་དག་རེད་ལ། རྟག་མཐའ་བ་ནི་དུས་དང་གནས་སྐབས་གང་དུ་ཡང་བོད་ཡིག་ལ་བར་སྟོང་འཇོག་དགོས་པར་འདོད་མཁན་དེ་དག་རེད། ཡིན་ན་ཡང་ངས་བལྟས་ན་བར་སྟོང་འཇོག་དགོས་མིན་འདིའི་ཐད་དུ་ང་ཚོར་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ཞིག་ཡོད་པར་འདོད་ཅིང་། དེ་ནི་སྔོན་ཆད་བརྗོད་ཟིན་པ་ལྟར་བོད་ཡིག་ཐོག་མར་སློབ་མཁན་བྱིས་པ་དང་དེ་མིན་ཕྱི་གླིང་བའི་སོགས་ཀྱི་ཆེད་དུ་བོད་ཡིག་སློབ་དེབ་དང་པོ་ནས་ལྔ་པ་བར་དུ་བོད་ཡིག་ལ་བར་སྟོང་བཞག་ན་ཐ་སྙད་རང་རྐྱ་བ་དག་ངོས་ཟིན་པར་ཕན་ཐོགས་ཤིན་ཏུ་ཆེ། བོད་ཡིག་ཐོག་མར་སློབ་མཁན་ཚོར་དམིགས་ནས་བར་སྟོང་འཇོག་པ། དཔེར་ན་བྱིས་པ་ཆུང་ཆུང་ཚོར་ཐོག་མར་གོམ་པ་སྤོ་སྟངས་སློབ་དུས་གོམ་པ་གང་རེ་གང་རེ་བྱས་ནས་སློབ་པ་ལྟར་རེད། ཡིན་ན་ཡང་འཛིན་གྲྭ་དྲུག་པ་ནས་བཟུང་སྟེ་ད་དུང་བར་སྟོང་བཞག་ནས་བསླབ་ཚེ་བོད་མི་བྱིངས་ཀྱི་སེམས་ཁྲལ་ཇི་བཞིན་བཀའ་འགྱུར་བསྟན་འགྱུར་དང་བོད་མི་རང་གིས་ བྲིས་པའི་བསྟན་བཅོས་དག་ཀློག་མི་ཤེས་པའམ་ཀློག་མི་བདེ་བ་ཆགས་རྒྱུའི་ཉེན་ཁ་ཡོད་པས་དུས་མཚམས་དེ་རུ་བར་སྟོང་མེད་པའི་ཚིག་གྲུབ་ལ་སློབ་སྦྱོང་བྱེད་དུ་འཇུག་དགོས། ཚེག་ཆེན་དང་ཚེག་ཆུང་གི་ཕྱོགས་སུ་རིགས་པ་གསར་བ་ཡིན་པ་གང་ཞིག་ལ་དེ་ཙམ་དགོས་གལ་མཐོང་གི་མི་འདུག རྒྱུ་མཚན་ནི་ཚེག་ཆེ་ཆུང་མེད་ན་ཡང་བར་སྟོང་བཞག་པ་ཙམ་གྱིས་དོན་དག་རྟོགས་རྒྱུར་ཕན་པ་བླ་ལྷག་ཏུ་ཆེ།
དྲི་བ། ཨ་རིར་བཞུགས་པའི་བོད་མི་རྣམས་ཀྱིས་རང་གི་བུ་རབས་ཚ་རྒྱུད་ཀྱི་རྒྱུད་ལ་འཇོག་བཞིན་པའི་བོད་སྐད་ཡིག་གི་རྨང་གཞི་གང་འདྲ་རེད།
ལན། དེ་ནི་ས་ཆ་དེའི་བོད་པའི་སྤྱི་ཚོགས་ཀྱི་ཆེ་ཆུང་དང་སྒྲིག་གཞི། དེ་ལས་ཀྱང་གལ་ཆེ་བ་ནི་ཕ་མ་སོགས་ནང་མིས་རང་རང་གི་ཁྱིམ་དུ་བོད་སྐད་བཤད་ཀྱིན་ཡོད་མེད་དང་འབྲེལ་བ་ཧ་ཅང་ཆེ། གལ་སྲིད་ཕ་མ་གཉིས་ཀ་བོད་ནས་འབྱོར་བ་ཡིན་ན་ཕལ་མོ་ཆེས་དབྱིན་སྐད་དེ་ཙམ་མི་ཤེས་པར་རང་བཞིན་གྱིས་རང་ཁྱིམ་དུ་བྱིས་པ་ཡོད་མེད་གང་ལྟར་བོད་སྐད་ཀྱི་ལམ་ནས་ཉིན་རེའི་ཁ་བརྡ་བྱེད་བཞིན་ཡོད་པས། གལ་སྲིད་ཁྱིམ་དེར་བྱིས་པ་ཞིག་ཡོད་ན་དེས་ཀྱང་སློབ་གྲྭར་མ་སོང་བར་དུ་ཕ་མ་གཉིས་ཀྱི་རྩ་ནས་བོད་སྐད་ཡག་ཐག་ཆོད་ཅིག་ཤེས་ཡོང་གི་འདུག ཡིན་ན་ཡང་སློབ་གྲྭར་འགྲོ་བའི་མགོ་ཚུགས་པ་དང་མཉམ་དུ་སེམས་ནང་གི་བོད་པའི་ཐ་སྙད་དག་བཀོལ་སྤྱོད་ཇེ་ཉུང་དུ་སོང་བའི་རྐྱེན་གྱིས་རང་བཞིན་གྱིས་དབྱིན་སྐད་བཤད་ཡོང་གིན་འདུག ཁྱིམ་དུ་བསླེབས་ནས་ཀྱང་ཕ་མར་དབྱིན་སྐད་བཤད་ཀྱིན་འདུག ཕ་མ་མང་པོ་ཞིག་གིས་རང་ཁྱིམ་དུ་བོད་སྐད་ལས་དབྱིན་སྐད་བཤད་ན་མི་ཆོག་ཅེས་ཁྱིམ་ཁྲིམས་བཟོས་དང་བཟོ་བཞིན་མོད། དེས་ཕ་མ་བུ་ཕྲུག་གི་བར་གྱི་འབྲེལ་བ་ཇེ་རིང་དུ་བཏང་བ་ཙམ་ལས་དེ་ཙམ་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་མ་སོང་། ངས་ནི་རང་གི་གྲོགས་པོ་དག་ལ་གཟའ་སྤེན་པ་དང་ཉི་མ་གཉིས་ལ་བུ་ཕྲུག་ཚོར་བོད་སྐད་མ་གཏོགས་བཤད་མི་ཆོག་པའི་ཁྲིམས་བཟོས། ཉི་མ་གཞན་དག་ལ་བྱིས་པས་དབྱིན་སྐད་ཀྱི་ལམ་ནས་རང་གི་སེམས་གཏིང་ནས་བརྗོད་འདོད་པའི་སྐད་ཆ་དག་ཕ་མར་བརྗོད་དུ་འཇུག་རྒྱུ་གལ་ཆེ་ཟེར་བཞིན་ཡོད་ལ། གྲོགས་པོ་རེ་ཟུང་གིས་དེ་ལྟར་བྱེད་རྒྱུའི་ཁས་ལེན་ཡང་བྱས་སོང་། ང་རང་ཡོད་སའི་ས་གནས་འདིར་ཡང་བྱིས་པ་ཨ་རི་ནས་སྐྱེས་ཀྱང་ཕ་མ་བོད་ནས་ཡོང་བའམ་ཡང་ན་ཕ་མ་གཅིག་བོད་ནས་ཡོང་བ་ཞིག་ཡིན་ཚེ་བོད་སྐད་ཡག་ཐག་ཆོད་བཤད་ཀྱིན་འདུག གཙོ་བོ་བྱིས་པ་སློབ་གྲྭར་སོང་རྗེས་བོད་སྐད་མི་བཤད་པའམ་བཤད་ཀྱང་ཉུང་ཉུང་ཞིག་ལས་མི་བཤད་པ་དེ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་ཚོར་ལོས་ཡིན། རྒྱ་མི་དང་ཝེ་ཐི་ནམ་སོགས་ཕྱི་མི་གཞིས་ཆགས་ཀྱི་སྤྱི་ཚོགས་ཆེན་པོ་དག་གི་བུ་ ཕྲུག་ཚོས་ཀྱང་རང་རང་གི་ཕ་སྐད་ཤེས་མཁན་ཧ་ཅང་དཀོན་པོ་རེད།
དེ་མིན་འདི་གར་བུ་ཕྲུག་རེ་ཟུང་གིས་ལོ་ན་བཅུ་ཁར་སོན་དུས་རང་བཞིན་གྱིས་བོད་ཡིག་དང་བོད་སྐད་སློབ་འདོད་བྱེད་བཞིན་འདུག་ཅིང་། དེའི་ཁྲོད་དུ་ཨ་རི་ནས་སྐྱེས་པའི་གོང་ས་མཆོག་གི་ཚ་མོ་ཞིག་ཀྱང་ཡོད། མོའི་ཨ་མས་མ་འོངས་པར་བུ་མོ་འདི་བོད་དོན་ལས་འགུལ་བ་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་བཞིན་ཡོད་པས། ང་ཚོས་ཐོག་མར་བུ་མོ་འདིར་གོང་ས་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་” ཞེས་པ་དེ་དབྱིན་ཡིག་གི་ལམ་ནས་ཀློག་འདོན་དང་སྦྲགས། དེ་ལས་སློབ་ཚན་ཆུང་ཆུང་བཟོས་ནས་མོའི་སེམས་ངོར་གོང་ས་མཆོག་གི་མཛད་རྣམ་དང་བོད་ཡུལ་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ཇི་ལྟར་གྱུར་ཚུལ་ངོས་ཟིན་བྱེད་དུ་འཇུག་རྒྱུའི་ཐག་གཅོད་བྱས་པ་ཡིན། གང་ལྟར་བྱིས་པ་ཨ་རི་ནས་སྐྱེས་མིན་ལ་མ་ལྟོས་པར་བྱིས་པའི་རང་བཞིན་མ་བཅོས་པའི་དོ་སྣང་དང་ཕ་མའི་སྐུལ་འདེད་གཉིས་ཀ་འཛོམས་ན་ཨ་རིའི་བོད་པའི་བྱིས་པ་ཚོས་བོད་ཡིག་བོད་སྐད་ཤེས་པ་ལས་བརྒལ་ཏེ་དེའི་སྟེང་དུ་རྒྱ་ཡིག་རྒྱ་སྐད་ཀྱང་ལོས་ཤེས་སྙམ།
བོད་ཀྱི་དུས་བབ་གསར་ཤོག་ལས་དྲངས། བཅར་འདྲི་བ། ཨ་རིག་འགྱུར་མེད།
དྲི་བ་དྲི་ལན་ཡག་པོ་བྱས་འདུག
དགའ་བསུ་ཞུ།
ཀླུ་སྨྱོན་ལ་བོད་རིག་གཞུང་སྐད་ལྟ་ཅི། ལུང་པ་སོ་སོའི་ཁ་སྐད་ཀྱང་རིང་པོར་མི་ཐོགས་པར་བརླག་འགྲོ་བའི་སེམས་འཕྲལ་ཡོད་པ་ཚང་མས་མཁྱེན་དགོས།
བྱིས་དུས་བྱིས་དུས་ཀྱི་སྣང་བས་བསྐྱལ་བཅུག་ན་ཡག་པོ་ནི་རེད། ཆོས་སྲིད་གཉིས་ཀྱི་སྲིད་དོན་ལ་དག་ཙམ་གྱེས་ན་ཡག་ནི་རེད། བྱིས་དུས་འཕྲོག་ཚར་བའི་མྱིས་སྤྱི་ཚོགས་ལ་ཞབས་ཞུ་ཡག་པོ་ཞིག་བྱེད་མི་ཐུབ་པ་ནི་མཐོང་གསལ་མྱོང་གྲུབ་རེད། སེམས་གཏམ་ཡིན།
བོད་སྐད་ཏག་ཏག་ཞིག་བཤད་ཤེས་ན། གཅོད་མཚམས་ཡང་ཏག་ཏག་ཞིག་ཤེས་འགྲོ་བས། ཚགས་བར་གཅོད་དགོས་བར་ཐུག་པའི་ཐབས་སྡུག་དེ་འདྲ་ཡོང་མི་སྲིད་པ་ཞིག་རེད། བོད་སྐད་མི་ཤེས་ནི་ལ། ཚིག་མཚམས་སྟོང་ཐམ་པ་བཅད་ན་ཡང་མི་ཕན་པ། ངས་ཞུ་ཐུབ་པའི་ཡིད་ཆེས་ཡོད།
ཀླུ་སྨྱོན་ཧེ་རུ་ཀ་ལགས་ཀྱིས་རྩོམ་རིག་དང་འབྲེལ་བའི་དྲིས་ལན་ཞིབ་ཚགས་པོ་གནད་ལ་ཕིགས་པ་གནང་འདུག་པར་བཀྲིན་ཆེ་ཞུ།