གཡང་མོ་མཚོ།
མཚོ་སྔོན་པོ་མིན་པའི་མཚོ་ཁ་ཞིག་ནས་བུ་རབ་ཁ་བ་སྙིང་ལྕགས་ལགས་འདས་གྲོངས་སུ་སོང་བའི་སྐད་ངན་ཐོས་པའི་སྐྱོ་བ་མ་སངས་བའི་འཕྲོ་ལ། བདུན་ཕྲག་གཅིག་ལྷག་གི་འགྲུལ་བཞུད་རིང་མོའི་ལམ་ན་འདུར་བཞིན་པའི་ང་དེ་རིང་ཉིན་གུང་རྒྱབ་ཙམ་ལ་མཚོ་འགྲམ་གྱི་ཧྥ་རན་སིའི་ཤར་ལྷོའི་མངའ་སྡེ་ཞིག་ལ་ཐོན་པ་དང་། ཡུལ་དེའི་ཟ་ཁང་ཞིག་ནས་དྲ་ལམ་གཉོམ་པོ་ལྡོམ་པོ་ཞིག་ལ་མཐུད་རྒྱུ་བྱུང་བས་ནུ་མོས་འདུག་ས་ཞིག་བླངས་ཏེ་ང་ལ་སྒུག་ཞོར་དུ་སྐད་འཕྲིན་རྒྱབ་ཀྱི་ཟིན་བྲིས་དག་ལ་ལྟ་བཞིན་འདུག་ལ། ངས་ནི་རིམ་བཞིན་དུ་བཟའ་བཏུང་སོགས་མངགས་ཏེ་ཁ་ཕྱིར་འཁོར་ནས་མོའི་ཁ་གཏད་ནས་བསྡད་མ་ཐག་ཙམ་ལ་མོས་མགྲིན་པ་བརྣངས་ཏེ་སྐད་འཕྲིན་ནས་མིག་ལམ་དུ་འཚང་ཁ་ཤིག་ཤིག་གིས་བཀང་ཡོང་བའི་ཟིན་བྲིས་འགའ་ང་ལ་བསྟན་བྱུང་།
ཡི་གེ་རགས་བསྡུས་དེ་དག་ཏུ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཆེན་མོ་གུ་གེ་ཚེ་རིང་རྒྱལ་པོ་མཆོག་ཡོ་རོབ་འཇར་མན་རྒྱལ་ཁབ་ནས་འདས་གྲོངས་སུ་སོང་བའི་གནས་ཚུལ་བྲིས་ཏེ་དྲ་གྲོགས་ཀུན་གྱིས་རང་རང་གི་གདུང་སེམས་དང་མྱ་ངན་བརྗོད་འདུག དོན་འདི་ནི་ཇི་འདྲའི་ཡིད་ཆེས་ཐབས་བྲལ་བ་ཞིག་དང་དང་ལེན་བྱ་དཀའ་བ་ཞིག་རེད་ཨང་།
ང་ནི་འགྲུལ་བཞུད་འདིའི་དབང་གིས་བསྟུད་མར་གཟའ་འཁོར་གཅིག་ཙམ་ལ་དྲ་ལམ་ལ་ཡག་པོར་ཞུགས་ཐུབ་མེད་ཅིང་། ད་ནི་ཐོལ་བྱུང་དུ་དྲ་ལམ་ནས་དོན་རྐྱེན་འདི་འདྲ་ཞིག་ཚུར་སྣང་དང་སྣང་བཞིན་ཡོང་གིན་འདུག་པས། ཅི་བྱེད་དགོས་མིན་ཆ་མ་འཚལ་བར་རེ་ཞིག་ཏུ་ལུས་ཤིང་མཐར་ཟ་ཁང་དེ་ནས་སྒོར་ཇི་ལྟར་བུད་པའང་མ་ཤེས།
ཏག་ཏག་ཟླ་གཅིག་གི་གོང་དུ་དགེ་རྒན་ཁོང་ངེད་ཚོགས་པས་(Kingship and Religion in Tibet)འཇར་མན་མོན་ཆེན་(Muenchen)གྲོང་ཁྱེར་ནས་བསྡུས་པའི་རིག་གཞུང་ཚོགས་འདུ་ལ་ཕེབས་འདུག་ལ། ཉིན་གཉིས་ཀྱི་ཚོགས་འདུའི་བར་གསེང་སྣ་ཚོགས་ནས་རྒན་ཁོང་དང་གླེང་མོལ་ཞིབ་ཏུ་བྱ་རྒྱུའི་གོ་སྐབས་བྱུང་སོང་། ལྷག་པར་ཉིན་དང་པོའི་ཚོགས་འདུའི་དགོང་ཟས་ཀྱི་སྐབས་སུ་དགེ་རྒན་ཁོང་གིས་ལོ་རྒྱུས་སློབ་གཉེར་བྱེད་ཐབས་དང་ཞིབ་འཇུག་བྱ་ཚུལ། ཁྱད་པར་རྒྱལ་ཕྱིའི་ཞིབ་འཇུག་པ་འགའ་དང་མཉམ་དུ་ཡར་ཀླུང་སྟོད་སྨད་ཀྱི་ཡུལ་ལ་ཞིབ་འཇུག་བྱས་པའི་བརྒྱུད་རིམ་དང་འབྲེལ་བའི་བྱུང་བ་སྣ་ཚོགས་གླེང་ནས་རིག་གཞུང་མཉམ་ལས་དང་དངོས་སུ་འབྲེལ་བའི་ཉམས་མྱོང་དང་བློ་བསྐྱེད་སོགས་གསུངས་སོང་ལ། མཚན་མོ་དེའི་ཧ་ཧ་ཧོ་ཧོའི་གཏམ་གླེང་ཁྲོད་ནས་རྒན་ཁོང་གི་གཤིབ་བདེ་འདྲིས་སླ་ཞིང་ཀུ་རེ་རྩེད་མཚར་ལ་དགའ་བའི་གཤིས་ཀ བོད་ཀྱི་རྗེས་རབས་གཞོན་སྐྱེས། ཕ་ཡུལ་གུ་གེ་དང་དེར་འབྲེལ་གྱི་རིག་གཞུང་ཞིབ་འཇུག་སོགས་ལ་བཅངས་པའི་ཤ་ཚའི་ལྷག་བསམ་སོགས་ལ་ངེས་ཤེས་གསལ་པོ་ཞིག་ཐོབ་སོང་།
ང་ཚོའི་ཚོགས་འདུ་ནི་ཉིན་གཉིས་ཀྱིས་རྫོགས་སོང་བས་ཉིན་གསུམ་པར་ཚོགས་ཞུགས་མཁན་དག་རང་རང་གི་ལས་གནས་ལ་ལོག་ཅིང་། རྒན་ཁོང་ལགས་ཀྱང་ཕྱི་དྲོའི་མཚམས་སུ་གནམ་གྲུ་བརྒྱུད་སྦིར་ལིན་(Berlin)ལ་ལོག་སོང་། ཉིན་དེར་སྐྱེལ་མར་འགྲོ་མ་ཐུབ་མོད་མཚན་དེའི་ཆུ་ཚོད་དགུ་པ་ལྷག་ནས་རྒན་ཁོང་ཉིད་བདེ་བླག་ངང་སྦིར་ལིན་ལ་སླེབས་ཡོད་པའི་ཡི་གེ་ཞིག་བསྐུར་ཐོན་སོང་། དེ་ནི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན་རེད།
དེའི་རྗེས་རྒན་ཁོང་གི་ཞིབ་འཇུག་ལས་གྲོགས་རྙིང་པ་སྟེ་འཇར་མན་ལེབ་ཙིག(Leipzig)སློབ་ཆེན་གྱི་བོད་རིག་པའི་དགེ་རྒན་ཆེན་མོ་ལེགས་བཤད་སྒྲ་དབྱངས(Per.k.Soerensen)ལགས་ཀྱི་ངོ་དེབ་ནས་རྒན་ཁོང་གིས་སྦིར་ལིན་ནས་གུ་གེའི་རིག་གནས་ལོ་རྒྱུས་དང་འབྲེལ་བའི་རིག་གཞུང་འཆད་ཁྲིད་ཅིག་སྤེལ་སོང་བའི་གནས་ཚུལ་མཚམས་སྦྱར་ཏེ་པར་སོགས་དང་བཅས་ཏེ་ཞིབ་ཕྲར་བཀོད་འདུག་པ་མཐོང་སོང་། དེ་ནི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པ་རེད། སྔོན་ཚོགས་འདུའི་སྐབས་ལ་དགེ་རྒན་ཁོང་གིས་འཇར་མན་གྱི་ཞིབ་འཇུག་ལས་རིམ་དེ་ཟླ་བདུན་པར་རྫོགས་འགྲོ་ཚུལ་དང་། ཁོང་ཡང་ཟླ་བདུན་པའི་ཟླ་མགོར་ལྷ་སར་ལོག་རྩིས་ཡོད་པ་ཞིག་གསུངས་སོང་བ་དྲན་པས། ད་ནི་ཁོང་བོད་ལ་ལོག་རན་སོང་བས་གྱེས་ཁའི་བདེ་མོ་ཞིག་འཇོག་འདོད་ནས་གཟའ་འཁོར་གོང་མའི་གཟའ་ལྷག་པར་དགེ་རྒན་ཁོང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཤིག་ཞུས་ཤིང་། ཁོང་གི་ཡིག་ལན་ཏུ་ཁོང་ཉིད་ཟླ་བདུན་པའི་ཚེས་བཅུ་ལ་ལྷ་སར་ལོག་རྒྱུ་ཡིན་པ་དང་། དེའི་གོང་དུ་མི་བཞི་ཙམ་ལ་ཐུག་དགོས་ཤིང་ཚོགས་འདུ་ཐ་མ་དེའང་ཟླ་བདུན་པའི་ཚེས་བདུན་ཡིན་པར་གསུངས་འདུག དེ་ནི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་རེད།
སྔོན་ཚོགས་འདུའི་སྐབས་ནས་དགེ་རྒན་ཁོང་གིས་ངེད་ཅག་རྗེས་མར་བོད་ནས་ཐུག་ཡོང་བ་དང་། ཁོང་གི་བུ་མོའང་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་གཉེར་གནང་བཞིན་ཡོད་པ་དང་། རྗེས་མར་ཁོང་པེ་ཅིང་ལ་ཡོང་དུས་ངེད་ཅག་གི་སློབ་གླིང་ལའང་ཡོང་ངེས་ཡིན་པའི་སྐད་ཆ་ཡང་ཡང་གསུངས་སོང་ལ།སྐབས་དེ་དག་ཏུ་ངས་ཀྱང་དགེ་རྒན་ཁོང་དང་ཡང་བསྐྱར་མཇལ་ཐུབ་རྒྱུའི་གོ་སྐབས་ནི་མང་བ་དང་མང་ངེས་ཡིན་པར་བསམ་ཡོད།
དགེ་རྒན་ཁོང་གིས་གསུངས་པ་ལྟར་ས་ཐག་རིང་ཡུལ་ནས་བོད་སྐད་སྨྲ་བའི་རང་རིགས་དང་འཛོམས་པ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་ལ། དགེ་རྒན་ཚེ་རིང་རྒྱལ་པོ་ལགས་ནི་འཇར་མན་སྦིར་ལིན་གྱི་མཐོ་རིམ་ཞིབ་འཇུག་ཁང་(Wissenschaftskolleg zu Berlin)གིས་གདན་ཞུ་བྱས་ཏེ་ཉིས་སྟོང་བཅུ་བཞི་ལོའི་སྟོན་ཁར་འཇར་མན་སྦིར་ལིན་ལ་ཕེབས་པ་དང་། ཞིབ་འཇུག་ཁང་དེ་ག་ནས་བོད་ཀྱི་རྒྱུད་པ་སྣ་ཚོགས་TibetanGenealogies)ཞེས་པའི་ལས་གཞིའི་མིང་ཐོག་ནས་ཆེད་མཁས་ཉམས་ཞིབ་པ་གཉིས་དང་མཉམ་དུ་སྟོད་མངའ་རིས་དང་བར་དབུས་གཙང་གི་ཡུལ་གཙོར་བྱས་ནས་བསྟན་པ་ཕྱི་དར་གྱི་སྐབས་ནས་བཟུང་དུས་རབས་དུ་མའི་རིང་ལ་དར་ཆེ་ཞིང་ཁྱབ་ཆེ་བའི་རུས་རྒྱུད། ཁྱིམ་རྒྱུད། ཆོས་རྒྱུད། བླ་རྒྱུད་དག་ལ་ཞིབ་འཇུག་གནང་དང་གནང་བཞིན་ཡོད།
ཞིབ་འཇུག་ཁང་དེ་ནི་འཇར་མན་ཡོངས་ཀྱི་ཞིབ་འཇུག་ལྟེ་གནས་གྲགས་ཅན་ཞིག་ཡིན་ལ། དེ་གར་ད་ལོ་ལས་གཞི་གཉིས་ཀྱི་དབུ་ཚུགས་པ་ལས་གཅིག་ནི་སྐྱེ་ཁམས་ཞིབ་འཇུག་སྟེ་རང་བྱུང་ཚན་རིག་གི་སྐོར་དང་། ཅིག་ཤོས་ནི་བོད་དང་འབྲེལ་བའི་ལས་གཞི་འདིའོ།། དགེ་རྒན་ཚེ་རིང་རྒྱལ་པོ་ལགས་འཇར་མན་དུ་བཞུགས་དུས་ཞིབ་འཇུག་ཁང་གི་དུས་རྒྱུན་ཕྱག་ལས་ཕུད། གོང་གི་ངོ་དེབ་དུ་བྲིས་པའི་བགྲོ་གླེང་འཆད་ཁྲིད་སོགས་ཀྱི་རིགས་དང་ཉིན་འགའི་གོང་ང་ལ་གླེང་བའི་རིགས་སུ་གྱུར་བའི་ཚོགས་འདུ་ཆེ་ཆུང་སོགས་མདོར་ན་བདུན་པའི་ཚེས་བདུན་ཏེ་ཁོང་ལྷ་སར་ལོག་གྲབས་ཡོད་པའི་བར་དུ་ཞིབ་འཇུག་གི་ཕྱག་ལས་གནང་ཡོད་ཅིང་། ཕྲན་གྱིས་ཁོང་དང་མཉམ་དུ་སྦིར་ལིན་ནས་ཕྱག་ལས་གནང་བཞིན་པའི་ཆེད་མཁས་པ་གཞན་དག་གི་ངག་ལས་རྒན་ཁོང་ནི་བསམ་པ་བཟང་པོ། ཡོན་ཏན་ཆེ་བ། འདྲིས་སླ་བ་གཤིབ་བདེ་བས་ལས་གྲོགས་ཀུན་ཁོང་ལ་དགའ་ཞིང་བཀུར་བའི་སྐད་ཆ་ཡང་ཐེངས་འགར་ཐོས་མྱོང་། འདི་ལྟ་བུའི་མཁས་པ། ཞིབ་འཇུག་པ། དགེ་རྒན། གྲོགས་པོ། ཕ་ཨ་ཁུ་བཟང་པོ་ཞིག་ང་ཚོ་དང་གཏན་དུ་གྱེས་པ་འདི་ཇི་འདྲའི་སྐྱོ་བ་ལ་ཨང་།
ང་རང་ནི་ན་ནིང་དབྱར་གནང་གི་སྐབས་ལ་ལྷ་ས་ནས་རྒན་ཁོང་དང་ཐོག་མར་མཇལ་ནས་ངོ་ཤེས་པར་གྱུར་ལ། བར་དུ་ད་ལོ་འཇར་མན་ནས་ཡང་བསྐྱར་འཛོམས་པས་འདྲིས་པར་གྱུར་བ་ཡིན་ལ། སྐབས་དེ་དག་ཏུ་རྒན་ཁོང་གིས་ངེད་ཅག་མགྱོགས་པོར་བོད་ནས་མཇལ་ཡོང་ཞེས་གསུངས་མོད། དོན་དུ་ནི་ཐག་རིང་ཡུལ་ནས་འདྲིས་ཏེ་ཐག་རིང་ཡུལ་ནས་གྱེས་དགོས་སོང་།
སྤྱིར་རང་ཅག་ཕལ་མོ་ཆེ་ནི་དགེ་རྒན་ཁོང་གི་ཕྱག་ལས་དང་ཞིབ་འཇུག་ལ་ཆ་རྒྱུས་ཡོད་སྲིད་ཅིང་། དེ་རིང་ཉིན་གུང་མིང་མི་ཐོགས་པའི་ཡུལ་དེའི་ཟ་ཁང་ནས་ཐོན་རྗེས་གློ་བུར་དུ་ཅི་བྱ་གཏོལ་མེད་དུ་གྱུར་སོང་མོད། འགྲུལ་བཞུད་རླངས་འཁོར་གྱི་འགྲོས་དང་བསྟུན་སེམས་པ་ཡང་ཅུང་ལྷོད་ལ་བབས་སོང་བ་དང་བསྟུན། རང་གི་ཤེས་ཚོད་དུ་སོང་བའི་གཏམ་འགའ་བྲིས་ནས་དགེ་རྒན་ཁོང་ལ་རྗེས་དྲན་བྱ་བར་འདོད་པས། རྒན་ཁོང་དང་འཇར་མན་ཡུལ་ནས་འཕྲད་ཚུལ་དང་། ཁོང་གིས་འདིར་ཕྱག་ལས་ཅི་དང་ཞིབ་འཇུག་གང་མཛད་པའི་གནས་ཚུལ་མདོར་བསྡུས་ཐུང་ཐུང་ཞིག་བྲིས་པ་ཡིན་ལ། ཁོང་གི་སྐུ་ཚེ་མཇུག་གི་གཏམ་སྤྱོད་དུ་མ་ཡི་གེར་བཏབ་པ་འདིས་ཀྱང་རྗེས་དྲན་མྱ་ངན་ཞུ་བ་དག་གི་སེམས་གསོ་བའི་རེ་བ་དང་བཅས་འཇར་མན་ནས་འདྲིས་ཤིང་འཇར་མན་ནས་གྱེས་པར་གྱུར་བའི་ལས་འདིའི་རྗེས་དྲན་དུ་ཕུལ་བའོ།།
༼གཤམ་དུ་བྲིས་པའི་འཇར་མན་སྦིར་ལིན་མཐོ་རིམ་ཞིབ་འཇུག་ཁང་གི་དྲ་ཚིགས་ནས་རྒན་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱིས་འཇར་མན་བཞུགས་ཡུན་རིང་ལ་གནང་བའི་ཞིབ་འཇུག་ཕྱག་ལས་སྐོར་རྒྱུས་ལོན་བྱེད་ཐུབ་བོ། ། ༽
http://www.wiko-berlin.de/en/fellows/fellowfinder/detail/2014-gyalpo-tsering/
ཁོང་གི་དཔྱད་རྩོམ་དེབ་དེ་ང་ལ་ཡོད་ཅིང་ཡག་པོ་ཞིག་ཏུ་མཐོང་། འདི་ལོ་ནི་བོད་ཀྱི་མཁས་པ་དང་སྙན་ངག་པ་ཚོར་སྐུ་རིམ་རྒྱ་ཆེན་བསྒྲུབ་དགོས་པའི་ལོ་ཞིག་ཏུ་མཐོང་།
མྱ་ངན་ཞུ།
སྙིང་ནས་མྱ་ངན་ཞུ།
ཁོང་ནི་ང་རྒྱལ་མེད་པའི་ཤེས་ཡོན་ཅན།
ཁོང་ནི་བདེན་ཚུགས་ཟིན་པའི་མཁས་དབང་ཞིག་རེད།།
ཁོང་གི་གངས་ཅན་ཡོངས་ལ་བཟུང་བའི་ལྷག་བསམ་གཙང་མའི་ཕྱག་རྗེས་དེ་ང་ཚོས་ནམ་མི་བརྗེད།
ལོ་སྔོན་མ་ཞིག་ལ་བཀའ་མོལ་ཞིབ་ཚག་བྱུང་བས་དྲན་པ་བརྟས། ཨོཾ་མཎི་པདྨེ་ཧྰུཾ་ཧྲྰིཿ སླར་ཡང་གངས་ཅན་བོད་དུ་སྐྱེ་བར་ཤོག།
སྐུ་གཤེགས་ལོ་རྒྱུས་ཞིབ་འཇུག་པ་ཁོང་ལ་མྱ་ངན་ཞུ། ཁོང་ལྟ་བུའི་ཤེས་ཡོན་པ་བོད་ལ་ཉུང་དྲགས་པའི་གནས་བབ་ལ་བསམ་དུས་ཕངས་སེམས་ཆེན་པོ་བྱུང་།
རྗེས་དྲན་རྩོམ་ཡིག་འབྲི་མཁན་གྱིས་ཁོང་དང་འབྲེལ་བའི་དྲན་རྟེན་གླེང་བ་ཧ་ཅང་ལེགས། ཁྱད་པར་དུ་བུད་མེད་ལོ་ཆུང་ཞིག་གི་ངོས་ནས་ཚིག་སྦྱོར་དང་དག་ཆ་བཅས་འདི་འདྲའི་ཡག་པོ་བྱུང་བར་བསྔགས་བརྗོད་དང་ཡི་རངས་ཞུ།
ཁོང་ཝེ་ཡ་ཎའི་མཐོ་སློབ་ལ་ཡོང་ནས་ཕྱག་ལས་གནང་སྐབས་འབྲེལ་བ་དམ་པོ་བྱུང་ལ་རྗེས་སུ་པེ་ཅིང་། ལྷ་ས་སོགས་ནས་ལན་འགར་འཛོམས། མི་གཤིས་ལྷོད་ལ་ཐུགས་རྩེད་ལ་དགའ་བའི་ངོ་ཤེས་ཁོང་ཕེབས་སྔ་སོང་།
གང་ཞིག་གཤེགས་པའི་རྗེས་སུ་བསྟོད་བསྔགས་བྱས་དེ་ཕན་པ་གང་ཡོང། ཚར་ཚར་བ་ནི་ཚར་བ་རང་རེད། དེ་ལས་ཁོང་གིས་བྲིས་པའི་དཔྱད་རྩོམ་ལོ་རྒྱུས་དེ་ཚོར་དཔྱད་དེ་རྩོམ་འདྲ་སྤེལ་ན་ལེགས་ཤོས་རེད།
ཁྱུང་སེ་ལགས་ཀྱིས་གསུངས་པ་བདེན། རང་རིགས་ལ་བཤད་རྒྱུན་ཞིག་ཡོད། ནོར་བུ་རང་ལ་ཡོད་དུས། ནོར་བུའི་རིན་ཐང་མ་ཤེས། ནོར་བུ་གཞན་ལ་ཤོར་དུས། ནོར་བུའི་རིན་ཐང་ཤེས། ཟེར་བའི་དཔེ་རེད།