རིག་འབྱུང་དོན་གྲུབ་བཀྲ་ཤིས།
དང་པོ།
ངས་ཁོང་ངོ་ཤེས་དུས་ཁོང་ལ་གཤོག་རྩལ་རྒྱས་ཚར་འདུག གཤོག་རྩལ་རྒྱས་པ་ཙམ་མ་ཡིན་པར་གནམ་འཕང་གཅོད་བཞིན་པའི་སྐབས་ཤིག་རེད་། ཁོང་ནི་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དྲུང་ཆེ་དང་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་གཞོན་པ། “བོད་རིག་པ་ཞིབ་འཇུག་”དཔྱད་རྩོམ་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཛིན། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་གདན་ཞུས་རྒྱལ་རབས་དང་རིག་གནས་དགེ་རྒན་བཅས་རེད་འདུག ཁོང་སུ་རེད་དམ། ཁོང་སྤྲོ་ཚིགས་ཆོས་གྲགས་རེད་། བོད་ལ་འཁྲུངས་བའི་སྤྲོ་ཚིགས་ཆོས་གྲགས་རེད་།
གཉིས།
གུས་བ་སྤྲོ་ཚིགས་ཆོས་གྲགས་དང་དངོས་སུ་མཇལ་མ་མྱོང་། སྔོན་ཆད་མཐོང་མྱོང་བ་ཡང་སེམས་ལ་མི་དྲན། དེ་ཡང་། སྤྱི་ལོ་༢༠༡༢ལོའི་ཟླ་བཅུ་གཅིག་པའི་ནང་རེད་། ཁོང་གིས་ང་ལ་ངོ་དེབ་ཐོག་འབྲེལ་བ་ཞིག་བྱས་འདུག ཁོང་གིས་ནུབ་ཕྱོགས་སུ་བཞུགས་པའི་བོད་ཀྱི་མཁས་པ་བཅོ་བརྒྱད་ལྷག་གི་མིང་ཐོ་ང་ལ་བསྐུར་འདུག དེ་དག་གི་གློག་འཕྲིན་ཁ་བྱང་དང་ཡི་གེ་སྐུར་སའི་ཁ་བྱང་གཉིས་ཐབས་ཤེས་ཤིག་འཐེན་རོགས། ཁོང་དང་གྲོགས་པོ་འགས་ཞིབ་འཇུག་གི་དུས་དེབ་ཞིག་འདོན་གྱི་ཡོད་ཟེར། ལགས་སོ། ཡིན་ན་ཡང་། སྤྱི་ཟླ་དང་པོའི་མགོ་སྟོད་དབར་དུ་ང་ཧ་ཅང་བྲེལ་འཚུབ་ཆེ་ཞེས་ངེད་ཀྱིས་ལན་བཏབ་པ་དྲན། རྗེས་སུ་རེག་སོང་ངམ་ཞུས་པར། ཁོང་གིས་ཕལ་ཆེ་བ་རེག་སོང་། གང་མགྱོགས་འདོན་ཐེངས་དང་པོ་དེ་འདོན་རྒྱུ་ཡིན། རྒན་རབས་གྲགས་ཅན་དང་གཞོན་སྐྱེས་རེ་བ་ཅན་གཉིས་ཀ་འདུག ད་དུང་འདི་ཚོའི་གློག་འཕྲིན་ཁ་བྱང་རེ་ཐབས་ཤེས་ཤིག་འཐེན་རོགས་ཟེར་ནས་མིང་གཞན་པ་འགའ་བསྐུར་འདུག ངེད་ཀྱིས་དེ་དག་ཉིན་འགའི་ནང་དུ་ཐབས་ཤེས་འཐེན་ནས་ཁོང་ལ་བསྐུར་བ་ཡིན། ཁོང་གིས་ལན་དུ་། ཁྱེད་ཀྱི་ཞིབ་འཇུག་གི་ལས་དོན་ཁག་ལ་དཔྱད་གཞིའི་ཡིག་ཆ་འཚོལ་བར་གུས་བས་རོགས་རམ་གང་ཐུབ་བྱེད་ངེས། ང་ཚོས་ཤེས་ཡོན་གྱི་ལས་ཀའི་ཐོག་རོགས་རམ་བྱེད་རྒྱུ་དེ་ངས་གལ་ཆེན་རེད་བསམ་གྱི་ཡོད་། ང་ཚོ་ལོ་གཞོན་ཚོས་མཉམ་འབྲེལ་དང་མཉམ་ལས་བྱེད་རྒྱུ་གལ་ཆེན་རེད་ཞེས་གསུངས་འདུག འདི་ངེད་གཉིས་ཕན་ཚུན་ངོ་ཤེས་སྟངས་ཀྱི་ཐོག་མའི་གོ་རིམ་དེ་རེད་། ད་ལྟ་བསམ་ན། ངེད་གཉིས་ཕན་ཚུན་ངོ་ཤེས་བའི་དུས་ཚོད་དེ་ཧ་ཅང་ཐུང་ཐུང་ཞིག་རེད་། མ་རེད་དམ།
གསུམ།
དུས་ཚོད་དེ་ངས་ཏག་ཏག་ཞིག་དྲན་གི་མི་འདུག ངས་ངོ་དེབ་སྟེང་དུ་འདྲ་པར་ཞིག་བཞག་མྱོང་། དེ་ནི་ངེད་ཚང་གི་ཨ་ཁུས་རྔ་བ་ཀིརྟི་དགོན་པའི་དགེ་བསྐོས་ཀྱི་འགན་འཁུར་ལོ་གཅིག་དེ་ཚར་དུས་བླངས་བའི་འདྲ་པར་ཞིག་ཡིན། ངེད་ཚང་ལ་ཨ་མདོ་རྔ་བ་རུ་ཤ་ཉེ་མང་ལབ་ན་ཁོང་ཡིད་ཆེས་ཀྱི་མེད་པ་འདྲ། རྗེས་སུ་ཁོང་གིས་ངའི་ཨ་ཁུ་ངོ་ཤེས་ཀྱི་འདུག ཁོང་དགེ་བཤེས་ལྷ་རམས་པ་གཞོན་པའི་གྲས་རེད་ཟེར། ངའི་ཨ་ཁུའི་འདྲ་པར་དང་འབྲེལ་ནས་ཁོང་གིས་ང་ལ། ང་ཚོའི་མི་ཐོག་ལ་རྒན་འཇིགས་མེད་ཐེག་མཆོག་རྔ་ཡུལ་དུ་ཕེབས་ནས་མཛད་འཕྲིན་བསྐྱངས་བ་རེད་། ངས་ཆུང་དུས་ཁོང་གི་ཞབས་ནས་རིག་གནས་སྐོར་དང་དབང་ལུང་མང་པོ་ཞུ་མྱོང་ཞེས་བྲིས་འདུག དེ་ལ་བསྐྱར་དུ་ངས་དྲི་བ་མ་བཏང་། ཁོང་གིས་ཀྱང་བཤད་མཚམས་དེ་རུ་བཞག་འདུག
བཞི།
ངེད་གཉིས་ཀྱི་དབར་ལ་གློག་འཕྲིན་ཕན་ཚུན་ཐེངས་སུམ་ཅུ་སོ་དགུ་ཙམ་བཏང་འདུག དེ་ཚོ་ཚང་མ་ཞིབ་འཇུག་གི་རྒྱུ་ཆ་མཁོ་སྤྲོད་བྱེད་རེས་རྐྱང་རེད་། ངས་ཁོང་ལ་ཞིབ་འཇུག་གི་རྒྱུ་ཆ་མཁོ་སྤྲོད་བྱས་བ་ཉུང་། ཁོང་གིས་ང་ལ་ཞིབ་འཇུག་གི་རྒྱུ་ཆ་མཁོ་སྤྲོད་བྱས་བ་ཧ་ཅང་མང་། དེའི་དོན་དུ་ཁོང་གིས་སྒེར་གྱི་དུས་ཚོད་མང་པོ་ཞིག་བཏང་ཡོད་པ་ཐེ་ཚོམ་མེད་། ཏུན་ཧོང་དང་འབྲེལ་བའི་ཞིབ་འཇུག་ཞིག་གི་ཆེད་དུ་། ཁོང་གིས་ང་ལ་བོད་ལྗོངས་ཞིབ་འཇུག་དེབ་གྲངས་བཅོ་ལྔ་ཙམ་གློག་འཕྲིན་བརྒྱུད་ནས་བཏང་འདུག དེ་དུས་ཁོང་གིས་ང་ལ་སྐད་འཕྲིན་དུ་། རིག་འབྱུང་། ངས་ཁྱོད་ལ་བོད་ལྗོངས་ཞིབ་འཇུག་གི་དུས་དེབ་ཁག་གཏོང་བཞིན་ཡོད་། ཡིན་ན་ཡང་། འདི་རུ་དྲ་ལམ་དལ་བས་ད་བར་དུ་དུས་ཚོད་གསུམ་འགོར་སོང་། ད་དུང་ཡང་གཏོང་བཞིན་ཡོད་། ད་གློག་ཀླད་ཁ་ཕྱེས་ནས་ང་ཉལ་གི་ཡིན། སང་ཞོགས་ཚང་མ་ཁྱོད་ལ་འབྱོར་བའི་རེ་བ་ཆེ་ཞེས་སྐད་ཞིག་བཞག་འདུག ཁོང་གི་རོགས་རམ་དེ་དག་གིས་ང་ལ་ཕན་ཐོགས་ཆེན་པོ་བྱུང་། ཁོང་སྐུ་མ་བཀྲོངས་སྔོན་ལ་ངས་བཀའ་དྲིན་ཆེ་མང་པོ་ཞུས་མྱོང་། ད་དུང་ཡང་ཞུ་འདོད་།
ལྔ།
དེ་ཡང་དགོང་མོ་ཞིག་ཡིན། ངས་དེབ་ཞིག་ཀློག་བཞིན་བསྡད་ཡོད་། ངའི་ལག་འཁྱེར་ཁ་པར་གྱི་གློག་དེ་འབར་ཙམ་འབར་ཙམ་བྱེད་། ཁ་ཕྱེས་བ་ན་སྐད་འཕྲིན་སྒང་དུ་སྐད་ཅིག་འདུག དེ་སྤྲོ་ཚིགས་ཆོས་གྲགས་རེད་འདུག སྐད་ལ་ཉན་པས་མི་གཉིས་ཀྱིས་བགྲོ་གླེང་བྱེད་གི་འདུག གཅིག་གིས་གཞན་དེར་ “ལན་རྒྱབ་ཤོག་ད་། ལན་རྒྱབ་ཤོག་ད་།” ཟེར་གི་འདུག ཨ་རོ་འདི་སུ་རེད་ཞེས་ངས་ཁོང་ལ་སྐད་ཅིག་བཞག་པ་ཡིན། རིག་འབྱུང་། དགོངས་དག དོ་དགོང་འདི་ན་ང་ཚོས་འུར་རྒྱག་གི་ཡོད་། ཅུང་ཙམ་འཐུང་གི་ཡོད་། རོགས་པ་ཞིག་བོད་ལ་འགྲོ་གི་ཡོད་། དེར་བརྟེན། འདི་རུ་འཛོམས་ནས་ཅུང་ཙམ་འཐུང་གི་ཡོད་། ཆང་འཐུང་ན་ངས་ལབ་ཆུང་ཆུང་རེ་རྒྱག་ནི་རེད་། ཧི་ཧི་ཧི། སྐད་འདི་འདྲ་ཞིག་བཞག་འདུག མི་སྐྱོན། དེས་ན་ཁྱེད་ཚོས་སྐྱིད་པོ་ཐོངས། ངས་ལན་སྟབས་བདེ་ཞིག་བཏབ་པ་དྲན།
དྲུག
ཁོང་གིས་སྤྱི་ལོ་༢༠༡༤ལོའི་ཟླ་དགུ་པའི་ཚེས་༡༦ཉིན། “བོད་ཀྱི་ལོ་རྒྱུས་རིག་པའི་གཞི་རྩའི་ཤེས་བྱ་མཛུབ་མོ་རི་སྟོན” ་ཟེར་བའི་དཔྱད་རྩོམ་དེ་ང་ལ་བཏང་འདུག དེ་ལ་བསམ་ཚུལ་གནང་རོགས། མི་འགྱངས་པར་ “གཏམ་ཚོགས་” དུས་དེབ་(1)ཀྱི་སྒང་དུ་འགོད་རྩིས་ཡོད་ཟེར། ངེད་ཀྱིས་ལགས་སོ་ཟེར་བཞིན་དཔྱད་རྩོམ་དེ་འགོ་ནས་ཐེངས་འགའ་བཀླགས། བསམ་ཚུལ་འགའ་ཡང་ཡིག་ཐོག་ལ་ཕབ། འོན་ཀྱང་། ངེད་རང་བསྐྱར་དུ་སྒྱིད་ལུག་གི་ནང་ལ་ཟགས། ངེད་ཀྱིས་བསམ་ཚུལ་ཆ་ཚང་བྲིས་ནས་ཁོང་ལ་གཏོང་དགོས་བསམ་དུས་སྤྱི་ལོ་༢༠༡༥ལོའི་ཟླ་དང་པོའི་ཚེས་ཉི་ཤུ་ལ་སླེབས་འདུག ཁོང་གི་དཔྱད་རྩོམ་དང་ཁོང་གཉིས་ལ་གུས་ཞབས་ཀྱིས་སླད་དུ་། ངེད་ཀྱིས་བསམ་ཚུལ་མ་ལབ་པར་རྨོངས་འཆར་ལབ་ནས་ཁོང་ལ་བཏང་བ་ཡིན། ད་དུང་ཁོང་གི་དཔྱད་གཞིའི་ཡིག་ཆའི་ཁོངས་ནས་ང་ལ་དགོས་བ་འགའ་ཡང་ཟུར་བཏགས་བྱས་བ་ཡིན། དཔྱད་རྩོམ་དེའི་ཟུར་མཆན་ཁག་ལ་བལྟས་ཚེ་ཁོང་ལྟ་རྒྱ་ཆེན་པོ་རེད་འདུག ཁོང་བཞུགས་ཡོད་ཚེ་ལྟ་རྒྱ་ཇེ་ཆེར་འགྲོ་བ་ལ་ཐེ་ཚོམ་མི་འདུག
བདུན།
ངེད་ཀྱི་རྨོངས་འཆར་དེ་ལ་ཁོང་གིས་གློག་འཕྲིན་ཐོག་ལན་ཞིག་ཕུལ་འདུག
༸མཁྱེན་དཔྱོད་ཟླ་མེད་གྲོགས་པོ་རིག་འབྱུང་ལགས།
སྐུ་ཉིད་ནས་ཕྲན་གྱི་དཔྱད་རྩོམ་ཐེབས་ཆག་དེར་མཐོང་ཆེན་གནང་སྟེ་ཞིབ་གཟིགས་དང་དགོངས་ཚུལ་གནད་སྨིན་གསུངས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ། རང་ཅག་བོད་ལ་ལོ་རྒྱུས་རིག་པའི་སྐོར་གླེང་སློང་བྱེད་མཁན་མི་སྣང་བས་ཕྲན་གྱིས་དེའི་སྐོར་ལ་དོ་སྣང་དང་འབྲེལ་རྩོམ་ཡིག་འགའ་ཟུང་འབྲི་འཆར་ཡོད། ཁྱེད་ཀྱི་དགོངས་ཚུལ་ཁག་གིས་ཕྲན་ལ་གནད་དོན་དབྱེ་ཞིབ་བྱེད་ཚུལ་དང་ཁུངས་སྐྱེལ་ར་སྤྲགས་བྱེད་ཚུལ་ཚན་རིག་དང་མཐུན་པ་ཞིག་ཡོང་ཐབས་ལ་སྔར་ལྷག་ཤུགས་རྒྱག་དགོས་པའི་སྐུལ་འདེད་ནན་པོ་ཐེབས་བྱུང། དངོས་གནས་ཐུགས་རྗེ་ཆེ། ཕྲན་གྱི་བརྗོད་གཞི་འདིའི་ཐོག་དེ་སྔ་མཁས་པའི་ཚོགས་འདུ་ཞིག་དང་ཟབ་སྦྱོང་ཞིག་ལ་སྐད་ཆ་བཤད་ཀྱང་ཉིད་ཀྱི་དགོངས་ཚུལ་ལྟ་བུ་གནད་ལ་ཕིག་པའི་བསམ་ཚུལ་འདོན་མཁན་མ་བྱུང་།
ཕྲན་གྱི་རེ་བར་སྐུ་ཉིད་ཀྱི་དགོངས་ཚུལ་རྩོམ་ཡིག་འདིར་ཁ་བྱང་ཞིག་སྦྱར་ཏེ། ཁ་བརྡ་དྲ་བ་ལྟ་བུའི་སྤྱི་ཚོགས་དྲ་རྒྱ་ཞིག་ཐོག་སྤེལ་རོགས་གནང། ཕྲན་གྱིས་རྩོམ་ཡིག་དེ་རིགས་ལམ་སློབ་གཉེར་ཁང་གི་ངའི་སློབ་མ་རྣམས་ཀྱི་གཙོས་ལོ་རྒྱུས་གསར་སློབ་པ་ཚོར་ཅུང་ཕན་ན་བསམ་བྱུང་ཡང་། བོད་ཀྱི་དཔེ་མཛོད་ཁང་གི་གཏམ་ཚོགས་སྟེང་བཀོད་པར་མང་པོ་ཞིག་གིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ཡོད་མེད་ཀྱང་ཧ་མ་གོ
ཁྱེད་ལ་དགོས་པའི་དཔྱད་གཞིའི་ཡིག་ཆ་ཁག་གུས་པས་གང་མགྱོགས་ཐབས་འཚོལ་ཞུ་ཆོག
སྐུ་གཟུགས་གསལ་ཐང་དང་མཛད་འཕྲིན་གོང་འཕེལ་ཡོང་བའི་སྨོན་ལམ་བཅས།
མ་མཇལ་རིག་པའི་གྲོགས་པོ་སྤྲོ་ཚིགས་ཆོས་གྲགས་ཀྱིས་གུས་ཕུལ།
བརྒྱད།
ཁོང་གི་རེ་བ་ལྟར་གུས་བས་དཔྱད་རྩོམ་དེ་ཁ་བརྡ་དྲ་བ་དང་བཙན་པོ་དྲ་བ་གཉིས་ཀར་བཀོད་པ་ཡིན། ཁ་བརྡའི་སྟེང་དུ་མ་རྩོམ་དེ་བཀོད་མེད་པས་ཁོང་ལ་དོན་མེད་དུ་སྐྱོན་བརྗོད་བྱེད་མཁན་ཡང་གང་འཚམས་བྱུང་སོང་། དེར་བརྟེན། ངེད་ཀྱིས་སྐད་འཕྲིན་བརྒྱུད་ནས་ཁོང་ལ། ཁ་བརྡའི་སྒང་གི་མཆན་བུ་དེ་དག་ཁོང་ལ་བདེ་བོ་མེད་ཚེ་རྩོམ་དེ་མར་བླངས་ཆོག་གི་རེད་ཞེས་བསམ་ཚུལ་ཞིག་ཕུལ་བ་ཡིན། ཁོང་གིས་ལན་དུ་། གཞན་གྱིས་ཅི་ཟེར་ལ་མི་སྐྱོན། བོད་པའི་ཤེས་ཡོན་པའི་ཁྲོད་དུ་ཧ་ཅང་གུ་ཡངས་བའི་སྒོ་ནས་རིག་གཞུང་གི་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་དེ་གལ་ཆེ་གི ང་ཚོས་ཕན་ཚུན་ལ་རྩོད་པ་དང་རྡུང་རེས་བྱས་ནས་བསྡད་ན་ཐབས་སྐྱོ་གི གང་ལྟར། གུ་ཡངས་པོའི་སྒོ་ནས་བསམ་ཚུལ་བརྗེ་རེས་བྱེད་པའི་འགྲོ་སྟངས་ཤིག་བོད་ཀྱི་ཤེས་ཡོན་པའི་ཁྲོད་དུ་དགོས་ཀྱི་འདུག་ཞེས་གསུངས་འདུག ཁོང་གི་བསམ་བློ་གཏོང་སྟངས་དེ་གུ་ཡངས་པོ་རེད་འདུག ངོ་མས་གུ་ཡངས་པོ་རེད་འདུག ང་སྒེར་ལ་ཚོར་སྣང་དེ་འདྲ་ཞིག་བྱུང་།
དགུ
དེའི་རྗེས་སུ། ངེད་ཀྱིས་ཁོང་གི་དཔྱད་རྩོམ་དག་དུས་དེབ་ཁག་གི་སྒང་གཅིག་པོ་ནས་མ་བཞག་པར། བོད་ཕྱི་ནང་གི་དྲ་རྒྱ་ཁག་ལ་འདོན་ཐུབ་ན་ཡག་ཚུལ་གྱི་བསམ་ཚུལ་བཏོན་པར། ཁོང་གིས་ཀྱང་མོས་མཐུན་གནང་ནས་བཙན་པོ་དྲ་བར་ “སུམ་རྟགས་རྩ་གཞུང་སུས་མཛད་སྐོར་ལ་བསྐྱར་དུ་དཔྱད་པ་” ཟེར་བ་དེ་འགོད་རོགས་ཟེར། གུས་བས་བཙན་པོའི་རྩོམ་སྒྲིག་པ་གཅིག་ལ་དེའི་སྐོར་རེ་བ་བཏོན་པ་ཡིན། རྗེས་སུ་རྩོམ་སྒྲིག་པ་དང་ཁོང་གཉིས་ཐད་ཀར་འབྲེལ་བ་བྱུང་འདུག རྩོམ་དེ་ཡང་ཁོང་གི་མིང་ཐོག་ནས་བཙན་པོའི་སྒང་དུ་བཀོད་འདུག དེ་ལ་ཀློག་མཁན་ཡང་གང་འཚམས་བྱུང་འདུག་ཟེར་ནས་ཁོང་ཅུང་ཙང་དགའ་འདུག སྐད་འཕྲིན་ཐོག་གུས་བར་ཁོང་གི་དཔྱད་རྩོམ་གཞན་པ་ཁག་ཀྱང་ག་ལེར་བོད་ཕྱི་ནང་གི་དྲ་ཚིགས་ཁག་ལ་འཇོག་གི་ཡིན་ཟེར། ངས་ཀྱང་ངེས་པར་དུ་འཇོག་རོགས་ལབ་པ་ཡིན། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ། ཁོང་གིས་བཙན་པོ་དྲ་བའི་སྟེང་དུ་དཔྱད་རྩོམ་གཉིས་བཀོད་པའི་རྗེས་སུ། ཁོང་གློ་བུར་དུ་སྐུ་བཀྲོངས་བ་རེད་། ཁོང་གི་དཔྱད་རྩོམ་ཀློག་མཁན་དག་ལ་ཡང་ཕངས་སེམས་ཤིག་ཏན་ཏན་བྱུང་ཡོད་རྒྱུ་རེད་། བྱུང་མ་སོང་ངམ།
བཅུ།
ཁོང་གི་རེ་སྐུལ་ལྟར། “བོད་ཀྱི་ལོ་རྒྱུས་རིག་པའི་གཞི་རྩའི་ཤེས་བྱ་མཛུབ་མོ་རི་སྟོན་” ཟེར་བ་དེ་ངེད་ཀྱིས་ཁ་བརྡ་དྲ་བའི་སྟེང་ལ་བཀོད་པ་ཡིན། ཁོང་གིས་སྐད་འཕྲིན་དུ་། དཔྱད་རྩོམ་དེ་ཡར་འཇོག་དུས་ས་བཅད་དང་འགོ་བརྗོད་། མཆན་བུ་སོགས་མ་ནོར་བ་གནང་རོགས་ལབ་འདུག ངེད་ཀྱིས་ལེགས་སོ་ཞུས་བ་ཡིན། དཔྱད་རྩོམ་དེ་ཡར་བཞག་རྗེས་ངས་ཁོང་ལ་སྐད་འཕྲིན་ཐོག་དེའི་འབྲེལ་ཐག་ཞིག་བཏང་བ་ཡིན། ཁོང་གིས་ལན་དུ་། རིག་འབྱུང་། བཀའ་དྲིན་ཆེ། འོན་ཀྱང་། མཆན་བུའི་ཨང་གྲངས་དག་བརླགས་འདུག་ཟེར། ཁོང་བདེན་པ་རེད་། མཆན་བུའི་ཨང་རྟགས་ཚང་མ་བོར་འདུག ངེད་ཀྱིས་བསྐྱར་དུ་མཆན་བུའི་ཨང་རྟགས་ཚང་མ་བཅོས། བཅོས་ཟིན་པའི་འབྲེལ་ཐག་དེ་ཁོང་ལ་བསྐྱར་དུ་བཏང་བ་ཡིན། ཁོང་གིས་བསྐྱར་དུ་། བཀའ་དྲིན་ཆེ། ཡིག་ནོར་འགའ་ཡང་འདུག་པས་དེ་ཚོ་བཅོ་རོགས་ཟེར་ནས་སྐད་བསྐུར་འདུག ངེད་ཀྱིས་ཡིག་ནོར་དེ་ཚོ་བཅོས་བ་ཡིན། མཐའ་མའི་འབྲེལ་ཐག་འདི་རེད་ཟེར་ནས་བསྐྱར་དུ་ཁོང་ལ་བཏང་བ་ཡིན། བཀའ་དྲིན་ཆེ། ཚིག་གྲུབ་འགའ་ཤས་ཀྱི་བར་སྟོང་དེ་ཆེ་དྲགས་འདུག་པས་དེ་དག་ཆུང་དུ་གཏོང་ཐབས་ཡོད་དམ། ཟེར་ནས་ལན་ཞིག་བསྐུར་འདུག ངེད་ཀྱིས་ཁོང་གི་རེ་བ་ལྟར་བར་སྟོང་དེ་དག་ཆུང་དུ་བཏང་བ་ཡིན། ཁོང་ལ་ཞིབ་ཚགས་ཀྱི་གཤིས་ཀ་ཞིག་འདུག ཞིབ་འཇུག་བྱེད་མཁན་རྣམས་ལ་ཞིབ་ཚགས་ཀྱི་གཤིས་ཀ་འདི་གལ་མི་ཆེའམ།
བཅུ་གཅིག
སྤྱི་ཟླ་གཉིས་པའི་ཚེས་༡༠ཉིན། ཁོང་གིས་ངེད་ཀྱི་སྐད་འཕྲིན་སྒང་ལ་སྐད་ཅིག་བཞག་འདུག “རིག་འབྱུང་། ང་ད་ལྟ་གྷར་གྷིལ་གནམ་ཐང་(Gaggal Airport)དུ་ཡོད་། ལྡི་ལིར་དོན་དག་ཞིག་གི་ཆེད་དུ་འགྲོ་གི་ཡོད་། ཉིན་འགའི་རྗེས་སུ་ཕྱིར་ཡོང་གི་ཡིན། དེ་དུས་ངས་ཁྱོད་ལ་དཔྱད་གཞིའི་ཡིག་ཆ་དེ་ཚོ་གཏོང་།” གཟའ་ཕུར་བུའི་དགོང་དྲོ་ནང་ལ་སླེབས་དུས་གྲོགས་པོ་ཁོང་སྐུ་བཀྲོངས་བའི་གནས་ཚུལ་མི་སྐྱིད་པ་དེ་ཐོས། གཏམ་ངན་དེ་ལ་ཡིད་མ་ཆེས་པར་འཕྲལ་དུ་སྐད་འཕྲིན་ཐོག། “ཁྱོད་རྡ་ལམ་ས་ལར་ཕྱིར་སླེབས་ཡོད་དམ།” ཞེས་འཕྲིན་ཐུང་ཞིག་བཏང་བ་ཡིན། ལན་མི་འདུག ཁོང་སྐུ་བཀྲོངས་ཟིན་པའི་གཏམ་ངན་དེ་ངོ་དེབ་དང་སྐད་འཕྲིན། དྲ་རྒྱ་སོགས་གང་སར་ཁྱབ་ནས་འགྲོ་བཞིན་འདུག ཁོང་སྐུ་བཀྲོངས་ཟིན་པའི་གཏམ་ངན་དེ་བདེན་པ་ཡིན་པ་ཤེས་རྗེས། ཉིན་འགའ་ལ་སེམས་མི་སྐྱིད་པ་ཞིག་བྱུང་། ང་གཅིག་པོའི་སེམས་མ་སྐྱིད་པ་མ་རེད་། ངེད་ཀྱི་ངོ་ཤེས་བོད་རིགས་ཤེས་ཡོན་པ་མང་པོར་སེམས་མི་སྐྱིད་པ་བྱུང་འདུག
བཅུ་གཉིས།
ཁོང་སྐུ་བཀྲོངས་བའི་སྐོར་ལ་ངེད་ཀྱི་ངོ་དེབ་སྟེང་དུ་། མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་མཆན་བུ་ཞིག་བཀོད་འདུག
སྤྲོ་ཚིགས་ཆོས་གྲགས་སམ་བློ་བཟང་ཆོས་གྲགས་ཞུ་བ་འདི་ཉིད་ཞལ་དངོས་སུ་མཇལ་མ་མྱོང་ཡང་༢༠༡༤་ལོར་ཁོང་གིས་དུས་དེབ་བོད་རིག་པ་ཞིབ་འཇུག་(Journal of Tibetan Studies)ཞེས་བ་པར་སྐྲུན་བྱེད་འཆར་ཡོད་པས་དེར་དཔྱད་རྩོམ་ཞིག་འབྲི་དགོས་ཞེས་ཕྱག་བྲིས་འབྱོར་ཡང་དེར་ངས་ཁོང་གི་ཐུགས་འདོད་ཇི་བཞིན་སྒྲུབ་ཐུབ་མ་སོང་། ཉེ་ཆར་ཡང་སྐྱར་ཁོང་གིས་ངོ་དེབ་བརྒྱུད་ནས་འབྲེལ་བ་གནང་བྱུང་བ་འདི་ལྟར་། ༸བཀུར་འོས་མཁས་དབང་མཁར་རྨེའུ་བསམ་གཏན་ལགས། གུས་པ་ཅག་གིས་འདོན་སྤེལ་བྱེད་མུས་ཀྱི་བོད་རིག་པ་ཞིབ་འཇུག་དུས་དེབ་འདོན་ཐེངས་གཉིས་པ་ཐོན་ཡོད། འདོན་ཐེངས་སྔ་ཕྱི་གཉིས་མཉམ་དུ་སྐུ་ཉིད་ལ་གང་མགྱོགས་འབུལ་སྐུར་ཞུ་ཆོག་པ། སྐུ་གཟུགས་གསལ་ཐང་དང་མཛད་འཕྲིན་གོང་འཕེལ་ཡོང་བའི་སྨོན་འདུན་བཅས། ཆོས་གྲགས་ཀྱིས་གུས་ཕུལ།
དེར་བརྟེན་བོད་རིག་པའི་ཞིབ་འཇུག་གི་དུས་དེབ་འདི་གཉིས་ནི་ད་སྐབས་ཁོང་གི་རྗེས་འཇུག་རྣམས་ལ་ཕྱག་རྗེས་རིན་མེད་ལྟ་བུར་ཆགས་འདུག། ང་ཚོ་བོད་མི་བློ་གཞོན་གྲས་ནས་ཁོང་ནི་སྐུ་ཡོན་མཐོ་ལ་བློ་སྟོབས་ཧ་ཅང་ཆེ་བཞིན་པའི་ངང་ནས་གློ་བུར་དུ་སྐུ་འདས་པ་ནི་བློ་ཕམ་དང་སྐྱོ་སེམས་ཚད་མེད་བྱུང་། ཁོང་གི་ནང་མི་ཚང་མར་མྱ་ངན་གྱི་གདུང་སེམས་ཞུ་།
མཁར་རྨེའུ་བསམ་གཏན་ནས།
ད་དུང་། སྤྱི་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་རྒྱའི་སྟེང་དུ་ཁོང་ལ་མྱ་ངན་གུས་འདུད་ཀྱང་ཞུས་འདུག ཁོང་ལ་མྱ་ངན་ཞུ་འོས་བ་ཞིག་རེད་།
བཅུ་གསུམ།
ཁོང་གི་སྐོར་ལ་དྲན་ཐོ་མོག་མོག་འདི་འབྲི་དུས་ངའི་སེམས་རྦད་དེ་ལྷོད་ལ་བབས་མི་འདུག གང་ལྟར། ངེད་གཉིས་ཡིག་ཐོག་ནས་ངོ་ཤེས་པའི་དུས་ཚོད་དེ་ཧ་ཅང་ཐུང་ཐུང་ཞིག་ཡིན་མོད་། དུས་ཚོད་ཐུང་ཐུང་དེ་ང་ལ་མཚོན་ན་རིན་ཐང་ཆེན་པོ་ཞིག་ཡིན། དེར་བརྟེན། བོད་ཀྱི་ནང་ཆོས་ཀྱི་སྲོལ་རྒྱུན་ལྟ་ཚུལ་ལྟར། གལ་སྲིད་སྐྱེ་བ་ཕྱི་མ་ཟེར་བ་དེ་ཡོད་ཚེ། ཁོང་སླར་ཡང་བོད་ལ་སྐྱེ་བར་ཤོག བོད་ལ་སྐྱེས་ནས་སྐྱེ་བ་སྔོན་མའི་མཛད་འཕྲོ་མུ་མཐུད་དུ་སྐྱོང་བར་ཤོག
ཟུར་མཆན།
1) གཏམ་ཚོགས་ནི་རྡ་ལམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གིས་འདོན་བཞིན་པའི་རིག་གཞུང་དུས་དེབ་ཞིག་ཡིན། འདོན་ཐེངས་དང་པོ་དེ་སྤྱི་ལོ་༡༩༨༡ལོར་དཔར་བསྐྲུན་བྱས་འདུག
མི་འཁྲབ་ཏོ་ཞིག་ནི་རེད་འདུག
འགྲོ་སྟངས་དེས་ཀྱང་མང་པོ་ཞིག་གསལ་པོ་བཟོས་བཞག
བོད་པའི་ཞབས་འདྲེན་རེད།
་་་་་་་་་་་་་་་་་ ང་ཚོས་ཕན་ཚུན་ལ་རྩོད་པ་དང་རྡུང་རེས་བྱས་ནས་བསྡད་ན་ཐབས་སྐྱོ་གི གང་ལྟར། གུ་ཡངས་པོའི་སྒོ་ནས་བསམ་ཚུལ་བརྗེ་རེས་བྱེད་པའི་འགྲོ་སྟངས་ཤིག་བོད་ཀྱི་ཤེས་ཡོན་པའི་ཁྲོད་དུ་དགོས་ཀྱི་འདུག་ཞེས་གསུངས་འདུག ཁོང་གི་བསམ་བློ་གཏོང་སྟངས་དེ་གུ་ཡངས་པོ་རེད་འདུག ངོ་མས་གུ་ཡངས་པོ་རེད་འདུག ་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་ ང་ཚོས་ཕན་ཚུན་ལ་རྩོད་པ་དང་རྡུང་རེས་བྱས་ནས་བསྡད་ན་ཐབས་སྐྱོ་གི གང་ལྟར། གུ་ཡངས་པོའི་སྒོ་ནས་བསམ་ཚུལ་བརྗེ་རེས་བྱེད་པའི་འགྲོ་སྟངས་ཤིག་བོད་ཀྱི་ཤེས་ཡོན་པའི་ཁྲོད་དུ་དགོས་ཀྱི་འདུག་ཞེས་གསུངས་འདུག ཁོང་གི་བསམ་བློ་གཏོང་སྟངས་དེ་གུ་ཡངས་པོ་རེད་འདུག ངོ་མས་གུ་ཡངས་པོ་རེད་འདུག ་་་་་་་་་་་་་་་་་་་་
ཁ་དངོས་གནས་གུ་ཡངས་པོ་རེད་འདུག་གཱ། ཁོ་ཕྱི་མའི་ཡུལ་ལ་འགྲོ་སྟངས་དེས་གསལ་པོ་བཟོས་ཚར་རེད།
ང་ཚོས་ངེས་པར་དུ་ཐ་སྙད་རིག་གནས་ཙམ་ཤེས་པ་དང་། རྩོམ་ཆ་གེ་ཆག་གེ་འབྲི་མཁན་དག་དང་། དོན་གྱི་ཤེས་ཡོན་པའི་ཁྱད་པར་ཤེས་པ་ཧ་ཅང་གལ་ཆེན་པོ་རེད། མི་ཁོ་ཤེས་ཡོན་པ་དངོས་གནས་ཡིན་ན། བྱབ་ཆུང་གི་དོན་རྐྱེན་འདི་འདྲ་བྱུང་ཡོད་ཀྱི་མ་རེདལ། འབྱུང་སའང་འགྲོ་གི་མ་རེད།
རང་གི་སྐད་ཆ་དང་ཡང་འགལ་འདུག་གཱ། སྐད་ཆ་འདི་དྲངས་པ་དཔེ་ཡག་པོ་བྱུང་། འདི་ལྟ་བུ་མི་རྫུན་མ་དག་གི་གདོང་ལྤགས་བཤུ་དགོས་པ་ཡང་ཧ་ཅང་གལ་ཆེན་རེད།
བཅོས་མའི་བྱ་སྤྱོད་དེ་ཉིན་གཅིག་རྐུབ་རྡོལ་འོང་གི་རེད།
ད་བརྡོལ་སོང་ངཱ་།
རྐང་འདྲེན་ཟེར་བའི་ཚིག་གཅིག་མ་གཏོགས་ཅི་ཡང་དྲན་མ་སོང་།
ཞིབ་པར་བཀླགས་ཡོད།
ཁོ་རང་ལྡི་ལིར་མ་ཕྱིན་པའི་ཉིན་ཤས་སྔོན་འཁོན་སྟོན་དཔལ་འབྱོར་ལྷུན་འགྲུབ་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་ཐུང་ངུ་ཞིག་བྱ་རྒྱུ་བྱུང་བ་ཁོང་དང་སྐད་ཆ་བཤད་རེས་ཐ་མ་དེ་ཡིན།
ཁོང་དུས་མིན་རྐྱེན་འདས་སུ་གྱུར་པ་བོད་རིག་པ་དར་འཕེལ་གྱི་གྱོང་གུད་ཅིག་དང་། བོད་པ་ཤེས་ཡོན་པའི་ཆག་སྒོ་དང་ཕམ་ཁ་ཞིག་ཡིན།
ཁོ་རང་བོད་རིག་པའི་སྡེ་ཁག་ནས་གཏན་དུ་བོར་བ་ཧ་ཅང་ཕངས་སོང་།
མྱ་ངན་དང་ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿབསྔོ་སྨོན་ཞུ། ཁོ་མི་སྐྱ་ཞིག་གིས་གྲྭ་བ་བསད་པ་རིག་གནས་མཁས་ཀྱང་ཆོས་མ་ཤེས་པ་གསལ་པོ་བསྟན་པ་རེད། དེ་མིན་སྐྱབས་མགོན་དང་སྤྲུལ་སྐུ་ཆེན་པོ་ཡིན་ཟེར་བ་ཚོས་རྐུ་རྫུན་སྲོག་གཅོད་ལ་མི་འཛེམས་པ་དག་ནི་ཆོས་དང་རིག་གཞུང་གཉིས་ཀ་མ་ཤེས་པ་རེད། མདོར་ན་སྤྲོ་ཚིགས་ཆོས་གྲགས་སླར་ཡང་བོད་ལ་སྐྱེ་བར་ཤོག
བཀླགས་ཡོད། བཀའ་དྲིན་ཆེ།
སུས་ཤེས་གྲི་དང་པོ་ཁོས་ཕར་བརྒྱབ་པ་རེད་དམ་ཡང་ན་གྲྭ་བ་དེ་ཡིས་ཁོ་ལ་བརྒྱབ་པ་རེད་
རིག་འབྱུང་ལགས་སུ་ཞུ་རྒྱུར། བོད་རིག་པ་ཟེར་བའི་དོན་དག་ཆེན་པོ་ཕར་བཞག་ནས་སུམ་ཅུ་པའི་འགྲོ་སྟངས་ཡག་པོ་ཞིག་སྦྱོང་རྒྱུ་གལ་ཆེར་མཐོང་། ཚིག་ཕྲད་ཀྱི་ཡིག་ནོར་མང་པོ་འདུག
སྔ་མོ་བོད་ཀྱི་གཏམ་དཔེ་ལ།
དབྱརད་ཀ་ལྕགས་དང་། གུནད་ཀ་རྫ། དབྱར་གུན་མེད་པར་ནར་ནར་ལྕེ་ཟེར་བ་དེ་དྲན་སོང་། །
དེང་སང་ཁ་བརྡ་ཚང་འདུས་པའི་དྲ་རྒྱ་རྣམས་སུ་རྩོམ་ཡིག་བཀླགས་ནས་མི་ཚར་བ་མ་གཏོགས་བཀླག་རྒྱུ་མེད་པའི་དཀའ་ངལ་མེད། དྲ་རྩོམ་ཀློག་གི་ཡོད་ཟེར་ན་ཡང་། ང་ལ་མཚོན་ན་མང་ཆེ་བ་རྩོམ་མིང་དང་རྩོམ་པ་པོའི་མིང་ལ་མིག་བཤེར་རེ་བྱེད་རྒྱུ་དེ་ཙམ་རེད། ཡིན་ན་ཡང་རྩོམ་པ་པོའི་མིང་སྤྲོ་ཚིགས་ཆོས་གྲགས་དང་ཨ་ནུ་ཐང་བསོད་ནམས་ཟེར་བ་ལྟ་བུ་མཐོང་སྐབས། ང་འོག་ཏུ་འབྱུང་རྒྱུའི་རྩོམ་མིང་དང་རྩོམ་པ་པོ་ཡི་ཐོག་ལ་འགྲོ་མི་ཐུབ་པར་རྩོམ་ཁ་ཕྱེ་ནས་མ་ཀློག་ཐབས་མེད་དུ་འགྱུར་གྱི་ཡོད། ང་ནི་རང་གི་ཚོར་བ་དང་བསམ་ཚུལ་གཙོ་བོར་བརྗོད་པ་ལས་དེ་དག་ཡོང་སའི་དོན་དག་ངོ་མ་དེ་ཞིབ་གསལ་དུ་བརྗོད་པའི་རྩོམ་ཡིག་གི་རིགས་ཀློག་རྒྱུ་དགའ་བོ་ཡོད། དེང་སང་གི་དྲ་ཐོག་གི་རྩོམ་པ་པོའི་ཁྲོད་ན་དེ་འདྲའི་ཉུང་ཉུང་ཞིག་མ་གཏོགས་མེད། སྤྲོ་ཚིགས་ཆོས་གྲགས་ཉུང་ཉུང་དེའི་གྲས་ཀྱི་གཅིག་ཡིན། ངས་ཁོང་གི་རྩོམ་ཡིག་མ་གཏོགས་ཁོང་གི་གང་ན་ཡོད་པ་ཙམ་ཡང་མི་ཤེས། ད་ཤེས་དུས་ཁོང་རྐྱེན་ལམ་དུ་ཤོར་འདུག དུས་གང་ཞིག་དང་གནས་གང་ཞིག་ཏུ་སྤྲོ་ཚིགས་ཆོས་གྲགས་ལ་ཐུབ་རྒྱུ་རེད་འདོད་ཡོད། ཨ་ཁ་ཁ། ད་ཐུག་རྒྱུ་ཞིག་གང་ན་ཡོད། ཕངས་པ་ལ། སྐྱོ་བ་ལ། དེ་འདྲའི་བོད་གཞོན་བློ་གསལ་ཅན་ཞིག་ཆག་སྒོའི་དབང་དུ་སོང་འདུག།
ད་ད་དུང་ཡིད་ཆེས་ཐབས་མི་འདུག སྤྲོ་ཚིགས་ད་དུང་རྡ་སའམ་ལྡི་ལི་ཞིག་ཏུ་ཡོད་སྣང་འཆར་གི ངོ་མ་ཚོར་སྣང་དེ་འདྲ་ཞིག་འཆར་གི ངའི་ངོ་ཤེས་ཡག་པོ།
དང་པོ།
ཁོང་གི་འཆི་རྐྱེན་སྐོར་ལ་གསར་འགོད་པ་དང་ཉེན་རྟོག་པ་གཉིས་ཀས་ཞིབ་འཇུག་དང་བརྩད་ཞིབ་གཏིང་ཟབ་ཞིག་བྱས་མ་སོང་བསམ་པའི་ཚོར་སྣང་དེ་ང་ལ་ད་དུང་ཡང་ཡོད་། ལྷག་པར་དུ་། རྒྱ་གར་དུས་བབ་སྟེང་ཐོན་པའི་གནས་ཚུལ་དེ་ལས་ལྷག་ཅིག་གཞན་ལ་ཐོན་མེད་། དོན་རྐྱེན་འདི་དང་འབྲེལ་ནས་ལྡི་ལིར་འགྲོ་མཁན་ཁོང་གཉིས་ཀའི་གྲོགས་པོ་ཡིན་པ་ཞིག་ལ་ངེད་ཀྱིས་སྐད་ཆ་དྲིས་བ་ཡིན། ཉེན་རྟོག་པར་དམིགས་བསལ་བཤད་ཡ་མི་འདུག་ཟེར། ཁོང་གཉིས་འཛིང་བ་རེད་ཟེར་བ་ལས་གཞན་མི་འདུག་ཟེར།
རྒྱ་གར་དུས་བབ་སྟེང་གི་གསར་འགྱུར་དེའི་འབྲེལ་ཐག
http://m.timesofindia.com/city/delhi/tibetan-monk-kills-man-self-in-delhi/articleshow/46248602.cms
གཉིས།
རྒྱ་གར་ཉེན་རྟོག་པར་མཚོན་ན། གཅིག་བྱས་ན་གནད་དོན་འདི་(High Profile)མིན་ཙང་། གང་མགྱོགས་སྒོ་བརྒྱབ་པ་ཡིན་སྲིད་། དེ་མ་གཏོགས། ཁོང་གཉིས་ཀྱིས་ཕན་ཚུན་འཛིང་རེས་བྱས་བ་བདེན་ཚེ། གྲི་དེ་གང་ནས་སླེབས་པ་རེད་། ཉོས་བ་ཡིན་ན་ཚོང་ཁང་གང་ནས་དུས་ཚོད་ག་དུས་ཉོས་བ་རེད་དམ། ཁོང་གཉིས་ཇི་ལྟར་ཐུག་པ་རེད་། གང་ནས་ཐོག་མར་ཐུག་པ་རེད་། མ་ཐུག་སྔོན་ལ་སུའི་མཉམ་དུ་འདུག སྐད་ཆ་ག་རེ་བཤད་འདུག ལས་ཀ་ག་རེ་བྱས་འདུག གང་དུ་བསྡད་འདུག ཁོང་གཉིས་དབར་ལ་ལག་འཁྱེར་ཁ་པར་དང་གློག་འཕྲིན། ངོ་དེབ་སོགས་སུ་འབྲེལ་བ་བྱུང་འདུག་གམ། འདུག་ན་ཅི་ཞིག་གི་སྐོར་ལ་རེད་འདུག་གམ། ད་རེས་ཀྱི་ཁོང་གཉིས་ཀྱི་མཐའ་མའི་ཐུག་འཕྲད་འདིའི་སྔོན་ལ་ཁོང་གཉིས་ཐུག་འདུག་གམ། ཡོད་ན་གང་དུ་ཐུག་འདུག་གམ་སོགས་རེ་རེ་བཞིན་རྒྱུ་མ་ཕུ་འདེད་བྱེད་རྒྱུ་འདུག་དྲན་མོད་། དེ་འདྲ་ནི་གསར་འགྱུར་བརྒྱུད་ལམ་སོགས་སུ་སྣ་གཅིག་ཀྱང་མཐོང་མ་སོང་། དེ་ཙམ་ཞུ།
བཀླགས་ཟིན། མཇུག་མཐའི་ཚིག “བོད་ཀྱི་ནང་ཆོས་ཀྱི་སྲོལ་རྒྱུན་ལྟ་ཚུལ་ལྟར། གལ་སྲིད་སྐྱེ་བ་ཕྱི་མ་ཟེར་བ་དེ་ཡོད་ཚེ།” ཟེར་བ་དེའི་ཤུགས་ལས་ཁྱོད་བོད་པ་ཞིག་ཡིན་པ་ལས་ནང་པ་སངས་རྒྱས་པ་ཞིག་མ་ཡིན་པ་གསལ་བོར་བསྟན་སོང་། ཧཧཧ། ཀུ་རེ་ཡིན། བོད་རིག་པའི་ཞིབ་འཇུག་གི་བྱ་བ་བསྒྲུབ་པར་ཕྱི་ནང་གང་ནས་ལོ་རྒྱུས་དངོས་ཀྱི་ཞལ་རིས་ལ་ཆོས་ལུགས་ཀྱི་གདོང་འབག་མི་གཡོག་རྒྱུ་གལ་ཆེ་གི། ད་ཆར་ལོ་རྒྱུས་ཞིབ་འཇུག་པ་མང་པོར་བོད་ཀྱི་རྒྱལ་པོ་རིམ་བྱུང་གི་ལོ་རྒྱུས་གསལ་ཁ་ཅན་ཉུང་བ་དང་། ཕྲན་བུ་རེ་ཡོད་པའང་བལྟ་ཀློག་མི་འདོད་པའི་སྣང་བ་ཞིག་སླེབས་ཡོད། དེ་ནི་ལོ་རྒྱུས་འབྲི་མཁན་ཚོར་ཀུ་ཡངས་ཀྱི་བསམ་བློའི་གཞི་རྩ་མེད་པ་དང་ཆོས་ལུགས་ཀྱི་དྲི་མས་བརྗོད་དོན་དངོས་གཡོག་རྒྱུ་མང་དྲགས་པས་ཡིན། མདོར་ན་ད་ལྟའི་ཆར་དངོས་བྱུང་ལོ་རྒྱུས་འཚོལ་ཞིབ་ལ་དོ་སྣང་ཆེ་བའི་བོད་མི་བསམ་བློ་ཅན་ཁག་ཅིག་ཡོད་པའི་གྲས་ནས་གསར་བུ་སྟག་འདྲ་བ་རེ་འདི་ལྟར་བཞུད་དུས་ངོ་མ་སེམས་སྡུག་གི། འོ། བརྗེད་སོང་བ་ཞིག་ལ། ཁྱོད་ཀྱིས་གོང་དུ་བཤད་པ་ “བོད་ལ་སྐྱེས་ནས་སྐྱེ་བ་སྔོན་མའི་མཛད་འཕྲོ་མུ་མཐུད་དུ་སྐྱོང་བར་ཤོག” ཅེས་སྨོན་འདུག ཁྱོད་ལའང་གླེན་པའི་འབྱར་རྩི་ཕྲན་བུ་ཞིག་ཡོད་པ་འདྲ། ཨ་མའི་ཁོག་ལས་སྐྱེས་ཁྱེའུ་དེར་རྗེས་གཞི་ནས་ཨུ་ཚུགས་དང་བཅས་ཀ་ཁ་སློབ་དགོས་པ་རེད། གྲྭ་བ་བྱེད་དགོས་པ་རེད། ཡང་ན་སློབ་གྲྭར་འགྲོ་དགོས་རེད། གང་ལྟར་བསྐྱར་དུ་མི་ཚེ་ཞིག་གི་བརྒྱུད་རིམ་བགྲོད་དགོས་པ་རེད། སྐྱེ་བ་སྔོན་མའི་སྦྱང་འཕྲོ་ཅན་ཞིག་གང་དུ་འདུག དོན་ཐོག་ཏུ་མི་འགྲོ་བའི་སྨོན་ལམ་དེ་འདྲ་མི་རྒྱག་རོགས། །
གུས་པས་སེམས་ལ་ཤར་ནས་འདྲི་དགོས་བསམ་པའི་དོག་འདྲི་ཆ་ཚང་རིག་འབྱུང་གིས་བྲིས་སོང་བས་ཐུགས་རྗེ་ཆེ།
དམ་པ་ཁོང་འདས་རྐྱེན་གཙང་མ་བཟོས་ནས་ཁོང་གི་ལོ་རྒྱུས་ནང་ནག་ཐིག་ཕྲ་མོ་ཙམ་ཡང་ཡོད་མི་སྲིད་པས་བཞག་མི་ཉན། ཁོང་འདས་རྐྱེན་ལ་སྐབས་དེར་ཁོང་དང་འདྲིས་འབྲེལ་ཆེ་བའི་ལུང་པ་གཅིག་པ་དང་། ལས་རོགས། གྲོགས་པོ་སྐོར་ཞིག་གིས་གནད་དོན་ལྷག་དུས་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་རང་སྲུང་རང་གཅེས་དང་སྒེར་སེམས་གཙོ་དོན་གྱིས་ཁོང་ལ་དག་སེལ་སླད་སྐད་ཆ་དྲང་པོ་ཚིག་འགའ་ཤས་ཀྱང་མ་བཤད་པ་ནི་གྲོགས་པོའི་ལར་རྒྱ་དང་འདུ་ཤེས་རྩ་བ་ནས་མེད་རྟགས་རེད་ལ་ང་ཚོ་ཚང་མས་ཁོང་ལ་ལ་མ་དག་པ་བྱས་སོང་། ཁོང་ལ་དགོངས་དག་ཞུ་རྒྱུ་ཡིན།
ཁོང་གི་རྒྱབ་ཁུག་ཉེན་རྟོག་པའི་ལག་ཏུ་ཡོད་པ་དེའི་ནང་དུ་དབྱིན་ལན་ལ་ཐོངས་མཆན་ཞུས་ཏེ་མ་རག་པའི་ཕྱིར་སྐྱོད་ལག་འཁྱེར་ཞིག་དང་སྒོར་གྱི་གྲངས་ཀ་ཅི་ཙམ་ཞིག་ཡོད་པ་བཅས་ཀྱང་ཞིབ་ཕྲ་བཀོད་སོང་། ཡིན་ནའང་ཁོང་གི་ལག་འཁྱེར་ཁ་པར་གྱི་སྐོར་བཤད་མ་སོང་།
ཁོང་གཉིས་སུ་རུང་གི་ཁ་པར་ཉེན་རྟོག་པའི་ལག་ཏུ་ཆུད་ཡོད་པ་རེད་དམ། ཉེན་རྟོག་པས་ད་དུང་ཡང་མུ་མཐུད་དུ་བརྟག་དཔྱད་འདྲ་ཞིག་བྱེད་བཞིན་ཡོད་པ་རེད་དམ། ཡང་ན་བརྟག་དཔྱད་ཀྱི་མཐའ་མའི་ཐག་གཅོད་དམ་བཅད་ཁྲ་ཟེར་བ་དེ་འདྲ་ཞིག་བཏོན་ཚར་ཡོད་པ་རེད།
དང་པོ་གནད་དོན་དེ་གོ་དུས་ནང་འཛིངས་ཤིག་ཡིན་པ་གཏན་ནས་མ་ཚོར། མ་ཟད། དོགས་གཞི་འདྲ་མིན་སེམས་ལ་འཁོར་ནས་ག་འདྲ་ཡིན་ནམ་སྙམ་སོང་། རྗེས་ནས་དེའི་སྐོར་ལ་གྲོགས་པོ་རེ་ཟུང་མཉམ་དུ་ཁ་བརྡ་བྱེད་དུས་(རྔ་བ་ཆོས་གྲགས་)ཁོང་ནམ་རྒྱུན་ཁོང་ཁྲོ་ཟ་ཆོག་ཆོག་ཅིག་ཡིན་བསྐོར་བརྗོད་སོང་། དྲ་ཐོག་ཏུ་བལྟས་པ་ཡིན་ན་ཁོང་ཤེས་ཡོན་པ་མ་ཟད་གྲྭ་བ་ཡ་རབས་ཤིག་ཡིན་པའི་གནས་ཚུལ་འདུག ད་གང་ཤེས། གང་ལྟར་སྐྱོ་བོ་ནི་སྐྱོ་བོ་རེད་ཞག བསམ་བློ་གཞན་ཞིག་བཏང་ན་གནད་དོན་འདི་ལྟར་མཇུག་སྒྲིལ་ནའང་མ་འགྲིག་པ་མི་འདུག་བསམ་ཀི གང་ཡིན་ཟེར་ན། ལ་ཤས་ཀྱིས་གསོད་མཁན་གཞན་ཞིག་ཡོད་པའི་ཚོར་དཔག་བྱེད་ལ་ངས་ཀྱང་དེ་ལྟར་བསམ་མྱོང་། ཆོལ་ཁ་དང་ཡང་ན་རྒྱ་གར། ཡང་ན་ཆོས་ལུགས་བར་གྱི་འགལ་འབྲེལ་ཞིག་ཏུ་གྱུར་ན་རྙོག་དྲ་དེ་ལས་ཚབ་ཆེན་ཞོག་ཏུ་འགྱུར་རྒྱུ་གདོན་མི་ཟ། དེ་ལས་དུས་ཐུང་ནང་གནས་ཚུལ་བྱུང་བ་དང་མཇུག་བསྒྲིལ་ན་མ་འགྲིག་པའང་མི་འདུག་བསམ་སོང་།
གདུང་སེམས་དང་བཅས་བཀླགས་ཟིན།