དགའ་བྱང་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས།
ཁ་སྔོན་སློབ་གཉེར་མེད་པའི་དགོན་སྡེ་ཁག་གི་ནང་རང་རིགས་ན་ཆུང་བྱིས་པ་མང་པོའི་མི་ཚེ་འཕྲོ་བརླག་ཏུ་གཏོང་གི་ཡོད་ཚུལ་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་བརྗོད་དོན་གསལ་བོར་འཁོད་པའི་རྩོམ་ཡིག་ཅིག་སྤེལ་མོད། ཤེས་ལྡན་པ་མང་པོས་བདེན་པ་རེད་ཅེས་དང་། ཁས་ལེན་མི་བྱེད་ཐབས་མེད་རེད། དུས་འདིར་གནད་ལ་འཁེལ་བའི་གཏམ་དང་དུས་ཐོག་ཆར་བ་རང་རེད། བདེན་པ་རེད་ཟེར་བ་ཙམ་ལས་ལོ་ཆུང་གཞོན་ནུ་ཞིག་གི་མི་ཚེ་འཕྲོ་བརླག་ཏུ་བཏང་བའི་གནད་དོན་དང་ཉེན་ཚབས་ཆེ་ཆུང་དེ་ད་དུང་ཚོར་བས་མྱོང་ཐུབ་པ་ཞིག་ཡོང་གི་མེད་པའི་ཁར། འགའ་ཤས་ཀྱིས་ཤེས་ཀྱང་མ་ཤེས་ཁུལ་དང་། ད་དུང་མང་པོ་ཞིག་ལ་སྣང་ལ་མ་ངེས་པ་ལྟ་བུ་ཆགས་ཡོད་པ་དང་། དེའི་སྟེང་ཤེས་ལྡན་འགས་དེའི་སྐོར་གྱི་རྩོམ་ཡིག་མུ་མཐུད་སྤེལ་དགོས་ཚུལ་ནན་གྱིས་སྐུལ་མ་གནང་བའི་རྐྱེན་གྱིས་སྔོན་གྱི་ཡི་གེའི་རྒྱབ་གནོན་གྱི་ཚུལ་དུ་འདི་སྤེལ་བ་ཡིན།
དེ་ཡང་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། ། ཞེས་རྗེ་རིན་པོ་ཆེའི་ལམ་རིམ་ཉམས་མགུར་ལས་གསུངས་པ་ལྟར། དལ་འབྱོར་གྱི་མི་ལུས་འདི་རྩ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་ཡིན་པ་དང་། ད་རེས་ང་ཚོས་རྙེད་པར་དཀའ་བའི་མི་ལུས་ཐོབ་ཡོད་ཀྱང་། སྙིང་བོ་ཞིག་མ་བླངས་ན། འཇིག་སླ་བ་ནམ་མཁའི་གློག་དང་འདྲ་བས་སྐད་ཅིག་སྐད་ཅིག་གིས་འཇིག་པས་མི་རྟག་པའི་ངང་ཚུལ་དང་། ད་རེས་མི་ལུས་འདིའི་ཐོག་ནས་སྙིང་བོ་ཞིག་ལེན་དགོས་པར་ནན་གྱིས་འདོམས་པར་མཛད་ཡོད། སྙིང་བོ་ཇི་ལྟར་ལེན་པའི་ཚུལ་ནི་རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། ཐར་བ་འདོད་མཁན་ཁོང་གི་རྗེས་འབྲངས་ཚོས་ཀྱང་ཉམས་ལེན་དེ་ལྟར་དུ་མཛོད་ཅེས་གསུངས་པ་རེད། དལ་འབྱོར་གྱི་མི་ལུས་འདིའི་ཐོག་ནས་སྙིང་བོ་ལེན་ལུགས་ལེན་སྟངས་ནི། དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།།ཞེས་རྗེ་རིན་པོ་ཆེའི་མཛད་པ་རྣམ་ཐར་མདོར་བསྡུས་ནས་གསུངས་པའི་ཤོ་ལོ་ཀ་འདིའི་ཐོག་ནས་སྙིང་བོ་ལེན་པའི་གོ་རིམ་སྒྲིག་དགོས་པ་ལས་ཐབས་གཞན་མེད། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་སྟོན་པའི་བསྟན་པ་ལ་དབྱེ་ན་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་སུ་གྲངས་ངེས་པ་དང་། ལུང་གི་བསྟན་པ་ནི་ཐོས་བསམ་སློབ་གཉེར་གནང་ནས་འཛིན་དགོས་ལ། རྟོགས་པའི་བསྟན་པ་ནི་རང་རྒྱུད་ལ་བསྐྱེད་པར་བྱེད་པའི་སྒོ་ནས་འཛིན་དགོས་པ་ཁོ་ན་ལས་ཐབས་གཞན་མེད་པ་ཡིན། ཁོ་ན་ཞེས་པ་ནི་དེ་མ་གཏོགས་ཐབས་གཞན་མེད་ཅེས་པའི་དོན་རེད། དང་པོ་ཐོས་བྱུང་གི་ཤེས་རབ་བསྐྱེད། དེ་ནས་བསམ་བྱུང་གི་ཤེས་རབ་དང་། དེ་ནས་སྒོམ་བྱུང་གི་ཤེས་རབ་བཅས་བསྐྱེད་ནས་དལ་འབྱོར་གྱི་མི་ལུས་ལ་སྙིང་བོ་ཞིག་ལེན་དགོས་རྒྱུ་ནི་རྗེ་རིན་པོ་ཆེ་སོགས་རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་ཡིན།
འོན་ཀྱང་སློབ་གཉེར་མེད་པའི་དགོན་སྡེ་ཁག་གི་ནང་རྗེ་རིན་པོ་ཆེ་སོགས་དམ་པ་གོང་མ་ཚོའི་འདྲ་སྐུ་ཆེན་པོ་རེ་བཞེངས། མདུན་དུ་མཆོད་པ་མཆོད་མེ་སོགས་ཕུལ་ནས་དཀོན་མཆོག་མཁྱེན་ཞེས་རྨོངས་དད་བྱས་པ་ཙམ་ལས་དམ་པ་དེ་དག་གི་སློབ་སྟོན་ལ་ཉན་རྒྱུ་དང་བསྒྲུབ་རྒྱུ་ཕར་བཞག གཞན་གྱིས་ནང་ཆོས་སློབ་གཉེར་ཕྱོགས་ལ་ཕྱག་ལས་གནང་ཚེ་འགོག་རྐྱེན་འདྲ་མིན་བཟོ་ཡི་ཡོད། དཔེར་ན། ཁམས་དཀར་མཛེས་ཕྱོགས་སུ་དགེ་བཤེས་ཁག་ཅིག་གིས་མི་དམངས་ཚོར་ནང་ཆོས་སློབ་ཁྲིད་གནང་ནས་གང་ལ་གང་མཚམས་ཡག་པོ་ཆགས་ཡོང་སྐབས། སློབ་གཉེར་མེད་པའི་དགོན་སྡེ་དེའི་གྲྭ་བ་འགའ་ཡོང་ནས་མི་དམངས་ཚོ་ལ་ནང་ཆོས་སློབ་ཁྲིད་མ་གནང་རོགས། ང་ཚོ་གྲོང་ཆོག་ལ་འགྲོ་སྐབས་མི་དམངས་ནང་ནས་བདེན་བཞི་དང་མི་རྟག་སོགས་བཅུ་དྲུག་སོགས་དྲི་བ་བཏང་ནས་ང་ཚོར་ངོ་ཚ་བོ་བཟོ་ཡི་འདུག་ཅེས་ཁྲེལ་དང་ངོ་ཚ་རྒྱབ་ཏུ་བསྐྱུར་ནས་འབོད་སྐུལ་དེ་ལྟར་བྱས་པ་ལྟ་བུ་རེད། གནའ་ནས་ད་བར་དུ་སློབ་གཉེར་བཀག་འགོག་བཟོས་པ་བགྲང་གིས་མི་བླངས་ལ། ལོ་ཆུང་བྱིས་པའི་མི་ཚེ་འཕྲོ་བརླག་བཏང་བའང་གྲངས་ཀྱིས་མི་ཟིན། དེར་བརྟེན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས། ཁྱེད་ཅག་གིས་ངའི་འདྲ་པར་ལྷ་ཁང་མཆོད་ཁང་དུ་བཤམས་ཏེ་དད་པ་ཡོད་མདོག་གིས་ཕྱག་འབུལ་དང་སྤོས་ཀྱིས་བདུག་པ་ལས། ངའི་ཁར་ཉོན་ལ་བོད་ཡིག་སྦྱོངས། ཚིག་བརྩིས་ཏེ་བོད་སྐད་ཤོད། ཁ་ལེན་ཚིག་བརྩི་མེད་པའི་དད་པ་དེ་འདྲ་ང་ལ་མི་མཁོ། སྐྱག་རྫུན་རེད། ཅེས་བཀའ་བཀྱོན་ཕེབས་ཡོད་པའང་རྒྱུ་མཚན་དེ་འདྲ་དབང་གིས་ཡིན། བསྟན་པའི་བདག་པོ་སྟོན་པ་ཐུགས་རྗེ་ཅན་དང་། རྒྱ་བོད་ཀྱི་མཁས་གྲུབ་དམ་པ་དེ་དག་ལ་དད་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་ཀྱང་། དེ་ལས་ཀྱང་གལ་ཆེ་བ་ནི། དམ་པ་དེ་དག་གི་གསུངས་ལ་སློབ་གཉེར་བྱེད་དགོས་པ། པཎ་ཆེན་སྣང་བ་མཐའ་ཡས་ཀྱི་གསུང་ལས་ཀྱང་ཤེས་ཐུབ་ལ། ལམ་རིམ་ཆེ་ཆུང་སོགས་བཀའ་བསྟན་གཞུང་ལུགས་བྲག་རི་ལྟར་བརྩིགས་པ་ཚང་མས་ནང་སྣོད་ཀྱི་སྐྱོན་གསུམ་སྤངས་ཤིང་འདུ་ཤེས་དྲུག་བསྟེན་ནས་སངས་རྒྱས་ཀྱི་གསུངས་ལ་སློབ་གཉེར་བྱེད་དགོས་ཚུལ་ཡང་ཡང་གསུངས་ཡོད། དེ་ཡང་ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར།།ཐོས་པས་སྡིག་ལས་ལྡོག་པར་བྱེད།།ཐོས་པས་དོན་མ་ཡིན་པ་སྤོང། །ཐོས་པས་མྱ་ངན་འདས་པ་འཐོབ།།ཅེས་དང་།། ས་སྐྱ་པཎྜི་ཏས། རྒྱུ་འབྲས་བསླུ་བ་མེད་པ་དེ།།ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན།། ཞེས་དང་། རྗེ་རིན་པོ་ཆེས་ཐོག་མཐའ་བར་གསུམ་དུ་སངས་རྒྱས་ཀྱི་གསུང་ལ་སློབ་སྦྱོང་བྱེད་དགོས་པར་འདོམས་པར་མཛད་པའི་ལུང་རིགས་བགྲང་གིས་མི་བླངས། རྗེ་བླ་མའི་ཐུགས་སྲས་ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་རྒྱལ་རོང་གི་ཕྱོགས་སུ་དགོན་སྡེ་བརྒྱ་དང་བརྒྱད་བཏབ་པ་ཡང་སློབ་གཉེར་གྱི་ཆེད་དུ་བཏབ་གནང་མཛད་ཡོད་པ་ཁོང་གི་མཛད་པ་རྣམ་ཐར་ལ་ལྟོས་ན་ཤེས་ཐུབ། དེའི་རྐྱེན་གྱིས་རྗེ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ནས་གནང་སྦྱིན་དང་བཅས་ཆབ་ཤོག་བསྐུར་གནང་བའི་ནང་། བློ་ལྡན་ཁྱོད་ཀྱིས་ཐུབ་བསྟན་ཉི་མའི་འོད། །གང་དང་བྲལ་བའི་མཐའ་འཁོབ་མུན་གླིང་དུ། །ཐུབ་པའི་བརྟུལ་ཞུགས་དྲི་མེད་འཛིན་པ་ཡི། །ཤཱཀྱའི་སྲས་ཀྱིས་གང་བར་བྱས་ཞེས་གྲགས། ། ཞེས་བསྟོད་བསྔགས་བླ་མེད་གནང་ཡོད། ད་ཆར་ཚ་མོ་རྒྱལ་རོང་ཕྱོགས་ཀྱི་དགོན་སྡེ་དེ་དག་མང་ཆེ་བ་ཉམས་ཆག་ཏུ་ཕྱིན་ཚར་བ་དང་། འགའ་ཤས་ཡོད་པ་དེ་ཚོར་ཡང་སློབ་གཉེར་མེད་པའི་དགོན་པའི་གཟུགས་བརྙན་ཙམ་ལས་ལྷག་མེད། དེ་དང་ཕྱོགས་མཚུངས་བོད་ཁམས་ཡོངས་ཀྱི་སློབ་གཉེར་མེད་པའི་དགོན་སྡེ་ཚང་མ་ཕྱི་རྫིག་ནང་སྟོང་ཆགས་ཡོད་པའི་ཁར། ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་ན་ཆུང་བྱིས་པའི་མི་ལུས་རིན་ཆེན་འཕྲོ་བརླག་ཏུ་གཏོང་མཁན་གྱི་བཟོ་གྲྭ་ལྟ་བུ་ཆགས་ཡོད་པ་བསམ་གཞིག་ཡག་པོ་དང་། དེའི་ཐོག་ཞིབ་འཇུག་བྱེད་ན་གསལ་བོར་ཤེས་ངེས་ཡིན།
གྲོང་སྡེ་གཅིག་གི་ལོ་མཉམ་བྱིས་པ་ཁ་ཤས་སློབ་གྲྭར་བཏང་བ་དང་ཁ་ཤས་སློབ་གཉེར་མེད་པའི་དགོན་པའི་ནང་བཞག་ནས་དུས་ཡུན་ལོ་ལྔ་ལྷག་ཙམ་རྗེས་ཕྲུ་གུ་དེ་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཤོར་ཡོད། སློབ་གྲྭ་འགྲོ་མཁན་གྱི་ཕྲུ་གུ་དེ་ཚོ། སྐད་ཡིག ཨང་རྩིས། རྒྱ་ཡིག སྤྱི་ཚོགས་ཚན་རིག ཚན་རིག དབྱིན་ཡིག་སོགས་ཚང་མ་ལ་གྲུབ་འབྲས་འབུར་འཐོན་གྱི་སློབ་སྦྱོང་རག་ཡོད་ལ། དེའི་རྐྱེན་གྱིས་ཀུན་སྤྱོད་དང་བསམ་བློའི་ཤེས་ཚད་ཀྱང་མཐོ་རུ་སོང་ཡོད། གཞན་པ་དེ་ནི་གོང་གི་ཚིག་སྐམ་ཁོ་ན་ལས་ཤེས་ཚད་གཅིག་ཀྱང་འབྱོར་མེད་པ་མ་ཟད། ཀུན་སྤྱོད་ཀྱང་རྩུབ་པོ་ཡོད་པ་ཡོངས་གྲགས་ལྟ་བུ་རེད། སྡེ་བ་ག་གེ་མོའི་ཁྱིམ་ཚང་ཞིག་གི་ཕ་མས་བུ་ཆུང་གྲྭ་བ་བྱས་ནས་དགོན་པར་བཞག་ཀྱང་ལོ་གསུམ་ལ་ཇ་མ་བྱས་བཅུག་ནས་སློབ་སྦྱོང་བྱེད་བཅུག་མེད་པས། དགོན་པ་ནས་ཕྱིར་འཐེན་བྱས་ནས་སློབ་གྲྭ་ལ་བཏང་དགོས་པས་རྒྱུ་མཚན་སོགས། ཤེས་ལྡན་མི་སྣ་ཞིག་གིས་གྲྭ་བ་དགོན་པར་མི་འཇོག་པར་ཕྱིར་འཐེན་དགོས་པའི་རྒྱུ་མཚན་དྲི་བའི་ལན་དུ་བརྗོད་འདུག གཞན་ཡང་དགོན་པ་ག་གེ་མོའི་གྲྭ་ལོག་ཞིག་གིས་དགོན་པར་ལོ་ཉི་ཤུ་ལྷག་བསྡད་ནས། དེའི་རིང་དགེ་རྒན་གསུམ་བསྟེན་པ་ཡིན། ཁོང་ཚོས་ང་ལ་ཚིག་སྐམ་པོ་ཞིག་བློར་བཟུང་བཅུག་པ་ལས་སྐྱབས་འགྲོའི་ཚིག་འགྲེལ་ཙམ་ཡང་བཤད་མ་མྱོང་། ད་ལྟ་ཡང་ངས་མ་ཎི་ཡིག་དྲུག་གི་ཚིག་འགྲེལ་ཙམ་ཡང་མི་ཤེས་ཞེས་དགོན་པར་འཁང་ར་དང་བཅས་ཁོའི་གྲོགས་པོ་ལ་བཤད་ཡོད། སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་ནི། ནང་བ་ཡོངས་རྫོགས་ཀྱི་ཕྲག་ཏུ་བབ་པའི་འོས་འགན་ཞིག་ཡིན། དཔེ་ཆའི་ནང་དོན་ཤེས་ནས་ནང་བསྟན་ལ་དད་པ་བསྐྲུན་རྒྱུ་ལས། ཚིག་སྐམ་པོ་དེས་ཆོས་འཇིག་རྟེན་གང་ལའང་ཕན་ཐོགས་མེད་ཚུལ་གུང་ཐང་བསླབ་བྱ་ལས།
གཞུང་ཚིག་མང་དུ་བཟུང་ནས་བསྐྱར་ནའང་། །
དོན་ལ་མི་སེམས་རིམ་གྲོ་ཆོས་ཀློག་དང་། །
ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས། །
བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས། །
དོན་ལ་བརྟག་དཔྱད་ཟབ་མོ་གྱིས་ཤིག་ཨང་། །
ཞེས་དོན་མ་ཤེས་པར་ཚིག་སྐྱོར་བ་ནི་ཕན་པ་མེད་པ་ནེ་ཙོ་མ་ཎི་འདོན་པའི་དཔེ་རུ་གསུངས་ཡོད། བླ་མ་རྡོ་རྗེ་འཆང་གིས་དུས་རྒྱུན་དུ་མ་ཎི་ཡིག་དྲུག་གི་ནང་དོན་མ་ཤེས་པར་འབུམ་གཅིག་བཏོན་པ་ལས། མ་ཎི་ཡིག་དྲུག་གི་ནང་དོན་ཤེས་ནས་གཅིག་འདོན་པ་ཕན་ཡོན་ཆེ་ཞེས་གསུངས་པ་འདིས་ཐོས་བསམ་སློབ་གཉེར་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་ཤེས་ཐུབ། ཡང་གུང་ཐང་བསླབ་བྱ་ལས།
ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན། །
ཆོས་ཀྱི་སྒོ་འབྱེད་རྣམ་དག་ཐོས་པ་ཡིན། །
ཆོས་སུ་སོང་ཚད་འདི་སྣང་ཞེན་ལོག་ཡིན། །
ཆོས་ཀྱི་སྙིང་པོ་ཐབས་ཤེས་ཟུང་འཇུག་ཡིན། །
ཆོས་ལ་ཆོས་བཞིན་སྤྱོད་པར་གྱིས་ཤིག་ཨང༌། །
ཞེས་རྣམ་པར་དག་པའི་ཐོས་པ་བྱེད་ན་ད་གཟོད་ཆོས་ཀྱི་སྒོ་འབྱེད་ནས་ཆོས་ལ་ཞུགས་ཐུབ་པ་ལས། དེ་མིན་ཞུགས་མི་ཐུབ་པས་ཆོས་ཀྱི་སྒོ་འབྱེད་རྣམ་དག་ཐོས་པ་ཡིན་གསུངས་པ་རེད། དེར་བརྟེན་ནང་བ་སྤྱི་དང་ལྷག་ཏུ་རྗེ་རིན་པོ་ཆེ་ལ་དད་པ་ཡོད་མཁན་དང་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན་ན། རྗེ་རིན་པོ་ཆེའི་སྐུ་འདྲ་བཞེངས་རྒྱུ་ལས་ཀྱང་གལ་ཆེ་བ་ནི་ཁོང་གི་གསུངས་ལ་སློབ་གཉེར་བྱེད་རྒྱུ་དེ་ཡིན་པ་གོང་གི་ནང་དོན་དག་ལས་གསལ་བོར་མཐོང་ཐུབ་པ་དེ་ལྟར་རེད། མི་སྒེར་དང་ཚོགས་པ་འདྲ་མིན་གྱིས་རྗེ་རིན་པོ་ཆེ་རྗེས་དྲན་མང་པོ་འཚོགས་དང་ཚོགས་བཞིན་པ་ནི་རྗེས་སུ་ཡི་རངས་བའི་གནས་ཡིན་ཡང་། ད་དུང་མ་འདང་ས་ནི་སློབ་གཉེར་མེད་པའི་དགེ་ལུགས་པའི་དགོན་སྡེ་ཕྱི་རྫིག་ནང་སྟོང་དེ་ཚོའི་ནང་སློབ་གཉེར་འཛུགས་ཕྱོགས་སྐོར་ལ་བགྲོ་གླེང་དང་དེ་ཚོའི་ནང་སློབ་གཉེར་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཐོག་ཕྱག་ལས་གནང་ཐུབ་ན་དོན་དངོས་དང་མཐུན་པའི་རྗེ་ཐམས་ཅད་མཁྱེན་པའི་རྗེས་དྲན་ཡིན་པ་རེད། དགོན་སྡེ་དེ་དག་ནང་ལ་སློབ་གཉེར་འཛུགས་མ་ཐུབ་ཚེ་ཡུན་མི་རིང་བར་དགོན་པ་དེ་ཚོ་སྟོང་རྒྱུ་ཡིན་པ་གཏན་འཁེལ་རེད། ད་ལྟ་ནས་ལྟག་ཆུ་ཆད་པའི་རྫིང་བུ་ཇི་བཞིན་ཆགས་ཚར་བ་ཀུན་གྱིས་མཁྱེན་གསལ་ཡིན། རྒྱུ་མཚན་ནི་སློབ་གཉེར་མེད་པར་བརྟེན་ཕ་མ་ཚོས་སློབ་གྲྭ་དང་དགོན་པ་གཉིས་ལས་སློབ་གྲྭ་འདེམས་བཞིན་པ་དེ་རེད།
སློབ་གཉེར་མེད་པའི་དགོན་སྡེ་ནང་སློབ་སྦྱོང་ལ་མི་དགའ་བ་དང་སློབ་གཉེར་ལ་འགོག་རྐྱེན་བཟོ་བ་ལ་རྒྱུ་མཚན་གཉིས་ཡོད། གཅིག་ནི་གྲྭ་ཆུང་ཚོར་སློབ་སྦྱོད་སྤྲོད་ན། གནས་ལུགས་མང་པོ་ཞིག་ཤེས་ཡོང་བ་དང་། རྗེས་མ་གྲྭ་རྒན་ཚོའི་སྐད་ཆ་ལ་གནས་ལུགས་མེད་པ་དང་གནས་ལུགས་དང་འགལ་ཡོད་པ་ཤེས་ནས་ཁོང་ཚོའི་ཁ་ཐོག་ལ་མི་འཇོག་པ་དེ་རེད། ཐད་སྤྱོད་རང་ལུགས་པ་ཚོས་ཡུལ་དེའི་ཕྲུ་གུ་སློབ་གྲྭར་འགྲོ་བ་བཀག་འགོག་དང་། ཕྲུ་གུས་སྨྱུ་གུ་བཟུང་ན་ལག་པ་གཏུབ་པ་སོགས་ཀྱིས་བཀག་པ་དང་། ཕྲུ་གུ་སློབ་གྲྭར་མ་སོང་། ཡི་གེ་མ་སྦྱངས་པར་དུད་འགྲོ་ལྟ་བུ་ཆགས་སོང་ན། ཐད་སྤྱོད་པ་ཚོས་བེད་སྤྱོད་ག་རེ་བྱས་ཆོག་པའི་དབང་གིས་བཀག་པ་དང་འདྲ་བོ་ཡོད་པ་རེད། གཉིས་པ་ནི། གྲྭ་ཕྲུག་ཚོར་སློབ་སྦྱོང་བྱེད་བཅུག་ན་དཔེ་ཆའི་ནང་དོན་དང་དྲི་བ་སྣ་ཚོགས་བཏང་ནས་སུན་པོ་དང་ཁོང་ཚོའི་རང་མདོག་ལྷང་ལ་འབུད་རྒྱུར་སྐྲག་གི་ཡོད་པ་དེ་གཉིས་རེད། མདོར་ན་རང་རིགས་ལོ་ཆུང་བྱིས་པའི་མི་ཚེའི་རིན་ཐང་ནི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་ཚུལ་ཚོར་བས་མྱོང་བ་ཞིག་མ་ཡོང་བར་དུ་ཕྲུ་གུའི་མི་ཚེ་མུ་མཐུད་འཕྲོ་བརླག་ཏུ་འགྲོ་རྒྱུ་ཡིན་པ་དང་། དེའི་རྐྱེན་གྱིས་བོད་རྗེས་ལུས་ཀྱི་རྣམ་པ་བསྒྱུར་མི་ཐུབ་པ་གཏན་འཁེལ་རེད།
ཅེས༢༠༡༩ ཟླ༥ ཚེས་༡༢ ལ་དགའ་བྱང་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས།
བདེན་པ་རེད། ཡག་པོ་ཞིག་བྲིས་འདུག ང་ཚོས་གྲྭ་གྲངས་གཙོ་བོར་མི་འཛིན་པར་གྲྭ་སྤུས་གཙོ་བོར་འཛིན་རྒྱུ་ཧ་ཅང་གལ་ཆེ།
ཚེ་ཕྱི་མ་གཙོ་བིར་འཛིན་མཁན་ཞིག་གི་དབང་དུ་བྱས་ན་ཡག་པོ་འདུག་
འོན་ཀྱང་སེམས་ལ་ཕན་ཐོགས་གང་ཡང་མེད་པར་ཚིག་སྐམ་པོར་མི་ཚེ་བསྐྱལ་བ་ཡིན་ན་སྒྲ་བཅུག་འཕྲུལ་ཆས་ནང་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་སྒྲ་བཅུག་པ་ལྟ་བུ་ཞིག་དང་མཚུངས།
ང་ཚོས། མཁས་བཙུན་བཟང་གསུམ་གང་ཐུབ་བྱ་དགོས། དང་པོ་ཐོག་མར་མཁས་དགོས་ཏེ། ཆོས་དེ་ཤེས་དགོས་པའི་ཕྱིར། བཙུན་པ་ནི། དགེ་སློང་དགེ་ཚུལ་བཙུན་མ་རྣམས་བཙུན་དགོས་ཀྱང་། ང་ཚོ་ཁྱིམ་པ་ཚོས་ཀྱང་། ཤ་ཆང་། ཐ་མག རྒྱན་རྩེད། ལོག་གཡེམ་སོགས་ཀྱང་། གང་ཐུབ་ཐུབ་སྤོང་དགོས་འདུག དེ་ནས་བཟང་པོ་ནི། སེམས་བཟང་པོ་བྱ་རྒྱུ་དང་། ད་དུང་དེའི་སྟེང་དུ་སྤྱི་སེམས་དག་པ་དང་། དྭང་བླངས་ལས་འགུལ་དང་། དམིགས་བསལ་གཟེངས་སུ་ཐོན་པའི་ལས་བཟང་ལ་བརྩོན་དགོས་འདུག
སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་མེད་ཅིང་།། སངས་རྒྱས་ནམ་མཁར་འཕུར་ཡང་དད་པ་མེད་པའི་རྟོག་གེ་བའི་སྡེ་ཞིག་གི་འདབས་ནས་ཉན་ན་ཐལ་མོའི་སྟོང་སྐད་མཐོ་ཡང་དོན་ལ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཕྲན་བུ་ལས་མེད། དེ་བས་སྙིང་དབུས་ན་དད་པ་དང་དག་སྣང་ཤེས་རབ་གསུམ་འཕྱུར་བའི་གྲྭ་དགོན་སྔགས་དགོན་མང་ཙམ་ཡོད་ན་ཨང་། དེ་འདྲའི་ཆོས་སྡེ་ནས་ཡིན་མིན་མཆན་འབྲི་དུས་ཀྱི་ཚིག་སྦྱོར་ལས་ཤེས་ཡོང་། ལྟོས་ཨ།
ཡང་ཀླུ་སྨྱོན་པས་ཡིན་མདོག་ཁ་པོ་བཤད་ནས་རང་མདོག་སྟོན་གྱིས་འདུག་
ངེས་འབྱུང་མ་སྐྱེས་པས་རྨོངས་དད་ཡོད་ནའང་ནམ་ཞིག་ནས་དད་ལོག་དུ་འགྱུར་ངེས་
ཐ་མལ་སྣང་ཞེན་མ་ལྡོག་པའི་དག་སྣང་སྐྱེས་ནའང་སྒོ་ལྔའི་འཁྲུལ་ཤེས་ཡིན་སྲིད་
ཐོས་བསམ་སྒོམ་པ་ལས་མ་སྐྱེས་པའི་ཤེས་རབ་ནི་འཆལ་བའི་ཤེས་རབ་ཡིན་པར་ངེས་སོ་།
འདི། ཨི་བདེན་གི
རྟོག་གེ་བ་འདི་ཚོ་ཉུང་མཐར་ཡང་། བླ་མ་རྫུན་མ་གནམ་ལ་འཕུར་སྐད་ས་ལ་འཛུལ་སྐད་དེ་ཚོའི་མགོ་འཁོར་འོག་ལ་མི་ཤོར་བས། དེ་ཁོ་ནས་རྟོག་གེ་ལ་སྦྱངས་པས་ཕན་པ་རེད། དེ་མིན་རྟོགས་པ་ཡོད་སྐད་རྫུལ་འཕྲུལ་ཡོད་སྐད་རང་གཞན་དམྱལ་བ་ལ་འཁྲིད་མཁན་དེ་ཚོར་ཁ་གཏད་ཡག་ཤོས་ནི་མི་དམངས་ལ་ནང་ཆོས་ངོ་སྤྲོད་དང་རིག་པ་བསླབ་པ་དེ་རེད།
དགེ་ལུགས་པའི་དགེ་བཤེས་དང་གྲྭ་སར་སྐྱོད་མྱོང་མཁན་ཞིག་གིས་སྙིང་མའི་སྔགས་རྫུན་ཞིག་གི་རྐང་པ་མགོ་བོ་ནམ་ཡང་ལ་འཁུར་བར་མི་བྱེད། དེ་ནི་རྟོག་གེའི་སྟོབས་རེད།
ཀླུ་སྨྱོན་ལགས་འབྲས་སྤུངས་ལ་བཞུགས་པའི་བཀའ་དྲིན་གྱིས་ཁོང་གིས་ནམ་ཡང་མཁན་ཆེན་བླ་མའམ་ཨེ་མ་ཧོ་ཟེར་བའི་སྙིང་བླ་རྫུན་མ་དེའི་རྐང་པ་མགོ་བོར་འཁུར་མི་སྲིད།
སློབ་གཉེར་བྱས་པའི་འབྲས་བུ་མཐར་ཐུལ་དེ། འཚང་རྒྱ་རྒྱུ་དེ་ཡིན་ན་ཡང་། མི་ཚེ་འདི་ནང་རང་ལ། ཐོས་རྟགས་ཞི་ཞིང་འདུལ་བ། སྒོམ་རྟགས་ཉོན་མོངས་ཆུང་བ་ཞིག་ངེས་པར་དུ་དགོས་འདུག་གོ།
སྐད་ཆ་འདིའི་རིགས་གོ་ན་བླ་རྫུན་སྤྲུལ་རྫུན་སྔགས་རྫུན་མཁས་རྫུན་སོགས་རྫུན་རྒན་ཟོག་པོའི་རིགས་ལ་མི་བདེ་བ་ཆེན་པོ་ཞིག་འབྱུང་བ་ཆོས་ཉིད་རེད། དེ་ཡང་ཁག་མེད། ཁོ་ཅག་གི་ལྟོ་གོས་གཏམ་གསུམ་ཡོད་ཚད་རྨོངས་དད་འབའ་ཞིག་ལ་བརྟེན་ནས་འབྱུང་གིན་ཡོད་པས། ནམ་ཞིག་ཐོས་བསམ་སློབ་གཉེར་བའི་རིན་ཐང་ཇེ་མཐོར་ཕྱིན་ཚེ་ཁོ་ཅག་ལྟོ་གྲིར་འཆི་རྒྱུ་ཡིན་པས་སོ།
༄༅། དངོས་གནས་རེད། ཡིན་ཡང་ཆོས་ཡང་དག་ཅིག་སྦྱོང་འདོད་ཀྱང་འཇིག་
རྟེན་འཚོ་རྟེན་གྱི་གནས་སྟངས་ཀྱི་ཐོག་ནས་ལོ་ཉི་ཤུ་གསུམ་བཅུ་ཆོས་ཀྱི་སློབ་གཉེར་བྱེད་
ཐུབ་ཀྱི་མེད་པ་ཡང་དངོས་བདེན་རེད།
ནང་པ་ས་ཡ་བཅུ་ཡོད་པ་ནས་བརྒྱ་ཆ་བཅུ་ཙམ་མ་གཏོགས་ཆོས་ཡང་དག་ཤེས་ཀྱི་མེད་།
ཡིན་ཡང་ཡིད་ཆེ་ལ་བརྟེན་ནས་དད་པ་བྱས་ནས་ཕྱག་མཆོད་འབུལ་བྱེད་ཀྱི་ཡོད་པ་རེད།
འདི་འགྲིག་གི་མེད་པ་ཡིན་ནམ།
བསྟན་པའི་དོན་ལ་ཞབས་འདེགས་ཞུ་བ་དང་།།
འགྲོ་བའི་དོན་དུ་ངལ་བ་བསྟེན་པ་གཉིས།།
འགལ་མེད་ཉམས་སུ་ལེན་པར་བརྩོན་པ་ཡི།།
བགྱི་བ་འདི་འདྲར་ཡང་ཡང་ཐོས་བསམ་བྱེད།།
༄༅། ཚང་མས་བྱེད་དགོས་སྦྱོང་དགོས་སྒྲུབ་དགོས་ཤ་རྟག་རེད།།
བཤད་མཁན་ཁོ་ཡང་མི་སྦྱང་མི་སྒྲུབ་མི་དགེ་ཤ་རྟག་རེད།།
དཔལ་འབྱོར་རྒྱས་ན་བླ་སྤྲུལ་དགེ་བཤེས་མཁས་པ་ཡང།།
དབྱིན་ཇི་མགོ་སེར་ཤ་དཀར་བོུ་མོར་ཆགས་སྲེད་བྱེད།།
འདི་ནི་དམ་ཆོས་ཡང་དག་མ་ཤེས་མ་སྦྱང་མིན་ན་ཅི།།
༄༅། བསྟན་པའི་དོན་དུ་ཞབས་འདེགས་ཞུ་བ་དང།།
འགྲོ་བའི་དོན་དུ་ངལ་བ་བསྟེན་པ་གཉིས།།
དང་པོ་སོ་སོ་ཤེས་ཡོན་འཚོ་ལྡན་དགོས།།
ཤེས་ཡོན་འཚོ་བ་ལེགས་པར་མེད་ན་ནི།།
བསྟན་དང་འགྲོ་བའི་ཞབས་འདེགས་ཅི་ཞུ་ཐུབ།།
ཁ་བཤད་དོན་དུ་གནས་པར་མི་འགྱུར་དངོས།།