ཀིཤ་ཎ་མུར་ཏི་ཡིས་གསུངས། རང་འཚོལ་གྱིས་བསྒྱུར།
སློབ་ཕྲུག: རྒན་ལགས། ཉོབ་སྣང་སྐྱེ་རྒྱུ་དེ་མེད་པ་ཇི་ལྟར་བྱེད་དགོས།
ཀིཤ་ན་མུར་ཏི།: སྒུག་ནས་གསོན་དང་། མི་ཕལ་ཆེ་བ་ཉོབ་སྣང་སྐྱེ་གི་ཡོད་པ་རེད། དེ་རྒྱུ་མཚན་ཅིའི་ཕྱིར་རེད། ཁྱེད་ཀྱིས་ཉོབ་སྣང་མེད་པ་ཇི་ལྟར་བྱེད་དགོས་མིན་དྲིས་པ་རེད། ད་འཚོལ་ཞིབ་གྱིས། ཁྱེད་རང་ཆུ་ཚོད་གཅིག་རིང་སོ་སོ་ཁེར་རྐྱང་སྡོད་དུས་ཉོབ་སྣང་སྐྱེ་གི་ཡོད། དེའི་ཕྱིར་ཁྱེད་ཀྱིས་དེབ་བླངས་ནས་ཀློག་པ་དང་། སྐད་ཆ་བཤད་པ། དུས་དེབ་ལ་ལྟ་བ། གློག་བརྙན་ཁང་དུ་འགྲོ་བའམ་བྱ་བ་གང་ཞིག་བྱེད་ཀྱི་རེད། ཁྱེད་རང་སེམས་ནང་ལ་བསམ་བློ་ཞིག་འཁོར་གྱིན་སྡོད་ཡོད་པ་རེད། དེ་རང་ཉིད་ལས་གཡོལ་བ་ཞིག་བ་ཡིན། ཁྱེད་ཀྱིས་དྲི་བ་དྲིས་པ་རེད། ད་ག་རེ་བཤད་རྒྱུ་ཡིན་མིན་དོ་སྣང་བྱས་ནས་གསོན།
ཁྱེད་རང་ཁྱེད་རང་གི་མཉམ་དུ་ཡོད་པས་ཁྱེད་རང་ཉོབ་སྣང་སྐྱེ་གི་ཡོད་པ་རེད། གང་ཡིན་ཞེ་ན། ཁྱེད་རང་ཁྱེད་རང་མཉམ་དུ་ནམ་ཡང་སྡོད་མྱོང་མེད་པས་ཡིན། དེའི་ཕྱིར་ཁྱེད་རང་ཉོབ་སྣང་སྐྱེ་གི་ཡོད། ཁྱེད་ཀྱིས་ང་འདི་ལས་མེད་རེད་དམ། ང་ཧ་ཅང་ཉམ་ཆུང་ཡིན། ང་ལ་ཧ་ཅང་སེམས་ཁྲལ་འདུག ང་དཀའ་ངལ་འདི་ཐམས་ཅད་ལས་གྲོལ་འདོད་ཀྱི་འདུག་ཅེས་བཤད་ཀྱི་ཡོད། ཁྱེད་རང་ཉོབ་སྣང་ཞེ་དྲག་སྐྱེ་གི་ཡོད་པས་གཡོལ་འདོད་ཀྱི་ཡོད་པ་རེད། འོན་ཀྱང་གལ་སྲིད་ཁྱེད་ཀྱིས་ང་ཉོབ་ནས་སྡོད་ཀྱི་མིན།
ངས་ག་རེ་བྱས་ནས་ང་འདི་ལྟར་ཆགས་པའི་རྒྱུ་མཚན་དེ་འཚོལ་རྒྱུ་ཡིན། ངས་དོན་དངོས་སུ་ང་གང་འདྲ་ཡོད་མིན་ལྟ་འདོད་ཅེས་ཟེར་ན། དེ་ནས་ཁྱེད་ཀྱིས་ཤེལ་སྒོའི་ཞིག་གི་ནང་དུ་རང་ཉིད་ལ་ལྟ་བ་འདྲ། དེ་ནས་ཁྱེད་ཀྱིས་ཁྱེད་རང་གང་ཡིན་པ་དང་ཁྱེད་ཀྱི་ངོ་གདོང་ཅི་འདྲ་ཡོད་པར་ཧ་ཅང་གསལ་པོར་མཐོང་ཀྱི་རེད། མ་ཟད་ཁྱེད་ཀྱིས་ཁྱེད་རང་ཡིན་ཅིག་སྣང་བ་འགྲོ་པོ་ཞིག་དང་གློག་བརྙན་འཁྲབ་མཁན་ལྟ་བུ་ཞིག་ཆགས་འདོད་ནས། སོ་སོའི་གདོང་ལ་སྣང་བ་འགྲོ་གི་མི་འདུག་ཟེར་གྱི་རེད།
འོན་ཀྱང་གལ་ཏེ་ཁྱེད་ཀྱིས་རང་ཉིད་ལ་བལྟས་ནས་ “ང་རང་གང་ཡིན་པ་དེ་འདི་རེད། སྣ་ཏོག་ཙམ་འཁྱོག་པ། མིག་ཆུང་ཆུང་། སྐྲ་ཤང་ཤང་འདུག”ཟེར་ན། ཁྱེད་ཀྱིས་དེ་ངོས་ལེན་བྱེད་པ་རེད། ཁྱེད་ཀྱིས་ཁྱེད་རང་གང་ཡིན་པ་དེར་ལྟ་དུས་ཉོབ་སྣང་སྐྱེ་གི་མ་རེད། ཉོབ་སྣང་ནི་ཁྱེད་ཀྱིས་གང་མཐོང་བ་དེ་དང་ལེན་མི་བྱེད་པར། དེ་ལས་གཞན་པ་ཞིག་བྱ་འདོད་པའི་དུས་དེར་ཁོ་ནར་སླེབས་ཀྱི་ཡོད།
དཔེ་དེ་ནང་བཞིན་ཁྱེད་ཀྱིས་ཁ་ནང་ཕྱོགས་ཀྱིས་རང་ཉིད་ལ་ལྟ་ཐུབ་པ་དང་རང་ཉིད་གང་ཡིན་པ་ཏག་ཏག་མཐོང་ཐུབ་པའི་དུས། དེ་ལ་ལྟ་རྒྱུར་ཉོབ་སྣང་སྐྱེ་གི་མ་རེད། དེ་ནི་ཇི་ཙམ་བལྟས་ཀྱང་དེ་ཙམ་ལྟ་རྒྱུ་ཡོད་པས་ཧ་ཅང་སྤྲོ་སེམས་འཁོལ་པ་ཞིག་ཡིན། དེ་ལ་མཐའ་གཏན་ནས་མེད། ཁྱེད་རང་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འགྲོ་ཆོག དེ་ལ་ཉོབ་སྣང་མེད། གལ་ཏེ་ཁྱེད་ཀྱིས་དེ་བྱེད་ཐུབ་ན། དེ་ནས་ཁྱེད་ཀྱིས་གང་བྱེད་པ་དེ་ཁྱེད་རང་དགའ་ནས་བྱེད་ཀྱི་ཡོད་ལ། ཁྱེད་རང་བྱ་བ་ཞིག་བྱེད་པར་དགའ་བའི་སྐབས་དེར་དུས་ཞེས་པ་དེ་ཡོད་མ་ཡིན། ཁྱེད་རང་ཤིང་སྡོང་གདབ་རྒྱུར་དགའ་བའི་དུས་དེར། ཁྱེད་ཀྱིས་ཤིང་སྡོང་ལ་ཆུ་བླུག ལྟ་སྐྱོང་བྱེད། སྲུང་སྐྱོབ་བྱེད་ཀྱི་རེད་ལ། དེ་ནས་དོན་ངོ་མར་ཁྱེད་རང་ག་རེ་བྱེད་པར་དགའ་བ་ཤེས་དུས། ཁྱེད་ཀྱིས་ཉིན་མོ་ཧ་ཅང་ཐུང་ཐུང་ཚོར་ངེས་རེད། དེས་ན་ཁྱེད་ཀྱིས་འཚོ་ཐབས་གཅིག་པུར་སེམས་ཁུར་བྱེད་མི་སྡོད་པར། ད་ལྟ་ནས་རང་ཉིད་ཀྱི་ཆེད་དུ་དོན་ངོ་མར་ཁྱེད་རང་ག་རེ་བྱ་རྒྱུར་དགའ་བ་དང་འདོད་པ་དེ་ཤེས་དགོས།
སློབ་ཕྲུག: རྒན་ལགས། ཁྱེད་ཀྱིས་ཁྱེད་རང་ག་རེ་བྱ་རྒྱུར་དགའ་བ་དེ་ཇི་ལྟར་ཤེས་ཀྱི་འདུག
ཀིཤ་ན་མུར་ཏི།: ཁྱེད་ཀྱིས་ཁྱེད་རང་ག་རེ་བྱ་རྒྱུ་ལ་དགའ་བ་དེ་ཇི་ལྟར་ཤེས་ཀྱི་འདུག ཁྱེད་ཀྱིས་དེ་ཁྱེད་རང་ག་རེ་བྱ་འདོད་པ་དང་ཁྱད་པར་ཡོད་སྲིད་པ་ཤེས་དགོས། གཅིག་བྱས་ན། ཁྱེད་ཀྱི་ཕ་ཁྲིམས་རྩོད་པ་ཡིན་པའི་རྒྱུ་མཚན་ནམ། ཁྲིམས་རྩོད་པ་ཞིག་ཆགས་ན་ཁྱེད་ཀྱིས་དངུལ་མང་པོ་གསོག་ཐུབ་པའི་རྒྱུ་མཚན་གྱིས། ཁྱེད་རང་ཁྲིམས་རྩོད་པ་ཞིག་བྱ་འདོད་སྲིད། དེ་ནས་ཁྱེད་ཀྱིས་ཁྱེད་རང་ལ་ཁེ་ཕན་ཡོད་པ་དང་། གྲགས་ཅན་ཆགས་པའི་ལས་ཤིག་བྱ་རྒྱུའི་སྐུལ་སློང་ཡོད་པས། ཁྱེད་རང་སོ་སོས་གང་བྱེད་པའི་བྱ་བ་དེར་དགའ་གི་མ་རེད།
འོན་ཀྱང་གལ་ཏེ་ཁྱེད་རང་བྱ་བ་གང་ཞིག་ལ་དགའ་ན། སྐུལ་སློང་ཅི་ཡང་ཡོང་གི་མ་རེད་ལ། ཁྱེད་ཀྱིས་གང་བྱེད་བཞིན་པ་དེ་རང་ཉིད་ལ་ཁེ་ཕན་གྱི་ཆེད་དུ་སྤྱོད་ཀྱི་མ་རེད། ཁྱེད་རང་ག་རེ་བྱ་རྒྱུར་དགའ་མིན་ཤེས་རྒྱུ་དེ་ནི་དཀའ་ངལ་ཆེ་ཤོས་ཤིག་ཡིན། དེ་སློབ་གསོ་ཡི་ཆ་ཤས་རེད། དེ་ཤེས་པར་ཁྱེད་རང་ཁྱེད་ཀྱི་ནང་གི་གཏིང་ཟབ་སར་འགྲོ་དགོས་ཀྱི་རེད། དེ་ལས་སླ་པོ་ཞིག་མིན།
ཁྱེད་ཀྱིས་ “ང་ཁྲིམས་རྩོད་པ་ཞིག་བྱ་འདོད་ཡོད།”ཅེས་བཤད་སྲིད། ཁྲིམས་རྩོད་པ་ཞིག་བྱ་རྒྱུར་འབད་རྩོལ་བྱས་རྗེས། གློ་བུར་དུ་ཁྱེད་ཀྱིས་ཁྱེད་རང་ཁྲིམས་རྩོད་པ་ཞིག་བྱ་འདོད་མེད་པར་ཤེས་ཡོང་། དེ་ནས་ཁྱེད་ཀྱིས་རི་མོ་འབྲི་འདོད་ཀྱི་རེད། འོན་ཀྱང་དེ་ནི་ཧ་ཅང་ཕྱི་དྲགས་རེད། ཁྱེད་རང་གཉེན་སྒྲིག་བྱས། སྐྱེ་སྨན་དང་ཕྲུ་གུ་ཡོད། ཁྱེད་ཀྱིས་འཚོ་ཐབས་དང་འགན་ཁུར་དོར་ཐུབ་ཀྱི་མ་རེད། དེའི་ཕྱིར་ཁྱེད་རང་སུན་སྣང་དང་མ་སྐྱིད་པ་ཆགས་ཀྱི་ཡོད།
ཡང་ན་ཁྱེད་ཀྱིས་ “ང་ངོ་མ་རི་མོ་འབྲི་འདོད།”ཅེས་བཤད་སྲིད། དེ་ནས་ཁྱེད་ཀྱིས་མི་ཚེ་ཆ་ཚང་དེ་ལ་བཏང་ནས། གློ་བུར་དུ་ཁྱེད་ཀྱིས་ཁྱེད་རང་རི་མོ་མཁན་ཡག་པོ་ཞིག་མིན་པར་ཤེས། ཁྱེད་རང་ངོ་མ་བྱེད་འདོད་པ་དེ་ནི་གནམ་གྲུའི་ཁ་ལོ་བ་ཞིག་བྱ་རྒྱུ་དེ་ཡིན་སྲིད།
ཚད་ལྡན་གྱི་སློབ་གསོ་ནི་ཁྱེད་ལ་འཚོ་ཐབས་འཚོལ་རོགས་བྱ་རྒྱུ་དེ་མིན་པས། དཀོན་ཅོག་གི་ཆེད་དུ་བསམ་བློ་དེ་སྒེའུ་ཁུང་གི་ཕྱི་རོལ་དུ་གཡུག་ཞོག སློབ་གསོ་ནི་དགེ་རྒན་ཞིག་ལས་གནས་ཚུལ་མགོ་སྒྲུག་བྱ་རྒྱུ། དེབ་ཅིག་ལས་ཨང་རྩིས་སྦྱང་རྒྱུ་དང་། ཡང་ན་རྒྱལ་པོ་དང་ལུགས་སྲོལ་སོགས་ཀྱི་བྱུང་བའི་ཚེས་གྲངས་སྦྱང་རྒྱུ་ཙམ་མིན་པར། སློབ་གསོ་ནི་དཀའ་ངལ་འཕྲད་རེས་བཞིན་ཁྱེད་ལ་དཀའ་ངལ་དེ་དག་ཤེས་རྟོགས་ཐུབ་པའི་གྲོགས་བྱ་རྒྱུ་དེ་ཡིན་ལ། དེ་ལྟར་ཡོང་བར་རྣམ་དཔྱོད་དང་གྲུང་པོ་དང་ཡིད་ཆེས་མི་བྱེད་པའི་བློ་གྲོས་བཟང་པོ་ཞིག་དགོས། གང་ལགས་ཞེ་ན་ཡིད་ཆེས་ནི་དངོས་ཡོད་མིན། དཀོན་ཅོག་ལ་ཡིད་ཆེས་མཁན་གྱི་མི་དེ་ནི། དཀོན་ཅོག་ལ་ཡིད་མི་ཆེས་མཁན་གྱི་མི་དེ་ནང་བཞིན་གྱི་རྨོངས་དད་ཅན་ཞིག་ཡིན།
དེ་ཤེས་པ་ལ་ཁྱེད་ཀྱིས་རྒྱུ་མཚན་འཚོལ་དགོས་ལ། གལ་ཏེ་ཁྱེད་ལ་སྔོན་ཚུན་ནས་བསམ་ཚུལ་ཞིག་ཡོད་པ་དང་། ཁྱེད་རང་ཕྱོགས་ལྷུང་བ་དང་ཁྱེད་ཀྱིས་སེམས་ནང་སྔོན་ནས་སྡོམ་ཞིག་བརྒྱབ་ཚར་བ་ཡིན་ན། ཁྱེད་ཀྱིས་རྒྱུ་མཚན་འཚོལ་རྟོགས་ཐུབ་ཀྱི་མ་རེད། དེས་ན་ཁྱེད་ལ་ཡིད་ཆེས་དང་དབང་ཐོབ་ཀྱི་རྗེས་སུ་མི་འཇུག་པར། གྲུང་པོ་དང་དག་མ། ངེས་གཏན་དང་ཐང་པོ་ཡོད་པའི་སེམས་ཡག་པོ་ཞིག་དགོས།
ཚད་ལྡན་གྱི་སློབ་གསོ་ནི། དོན་ངོ་མར་ཁྱེད་རང་སྙིང་ཁོང་རུས་པའི་གཏིང་ནས་ཅི་ཞིག་བྱ་རྒྱུར་དགའ་བ་དེ་འཚོལ་རྟོགས་ཀྱི་གྲོགས་བྱ་རྒྱུ་དེ་ཡིན། དེ་ནི་ཁ་ལག་བཟོ་རྒྱུའམ་ལྡུམ་ར་བ་ཞིག་བྱ་རྒྱུ་གང་ཞིག་ཡིན་མིན་ལ་མ་ལྟོས་པར། ཁྱེད་ཀྱི་བློ་སྙིང་གཏད་སའི་བྱ་བ་ཞིག་ཡིན། དེ་ནས་ཁྱེད་གདུག་རྩུབ་ཅན་དུ་མི་འགྱུར་བར་དོན་ངོ་མའི་འཇོན་པོ་ཞིག་ཡིན་ངེས། སློབ་གྲྭ་འདི་བགྲོ་གླེང་དང་ཉན་པ་དང་ལྷིང་འཇགས་ཀྱི་བརྒྱུད་ནས་ཁྱེད་ལ་རང་ངོ་རང་ཤེས་དང་། ཁྱེད་ཀྱི་མི་ཚེའི་བརྒྱུད་ལམ་ཁྲོད་ཁྱེད་རང་དོན་ངོ་མར་ག་རེ་བྱ་རྒྱུར་དགའ་བ་དེ་འཚོལ་རྟོགས་ཀྱི་གྲོགས་བྱེད་པའི་གནས་ཞིག་ཆགས་དགོས།
སློབ་ཕྲུག: རྒན་ལགས། ང་ཚོས་རང་ངོ་རང་ཤེས་ཇི་ལྟར་བྱེད་ཐུབ་ཀྱི་རེད།
ཀིཤ་ན་མུར་ཏི།:དྲི་བ་དེ་ཧ་ཅང་ཡག་པོ་འདུག ང་ལ་གཟབ་གཟབ་ཀྱིས་ཉོན། ཁྱེད་ཀྱིས་ཁྱེད་རང་ག་རེ་ཡིན་པ་ཇི་ལྟར་ཤེས་ཀྱི་འདུག ཁྱེད་ཀྱིས་ངའི་དྲི་བ་ཤེས་ཨེ་བྱུང་། ཁྱེད་ཀྱིས་མེ་ལོང་ལ་ཐེངས་དང་པོར་བལྟས་ནས། དེ་རྗེས་ཉིན་འགའ་ཤས་སམ་བདུན་ཕྲུག་ཁ་ཤས་རྗེས་ཁྱེད་ཀྱིས་ཡང་སྐྱར་ལྟ་དུས་ “ང་རང་འཇགས་རེད་འདུག”ཅེས་བརྗོད། ཨེ་རེད། དེས་ན་ཉིན་ལྟར་མེ་ལོང་ལ་ལྟ་རེས་བཞིན་ཁྱེད་ཀྱིས་རང་གི་ངོ་གདོང་ཅི་འདྲ་ཡོད་མེད་ཤེས་འགོ་ཚུགས་ནས། ཁྱེད་ཀྱིས་ “ཕ་གི་ང་རེད།”ཅེས་ཟེར། དེས་ན་དཔེ་དེ་བཞིན་དུ་ཁྱེད་ཀྱིས་རང་ཉིད་ལ་རྟོག་ཞིབ་བྱས་ནས་ཁྱེད་རང་ག་རེ་ཡིན་མིན་ཤེས་ཐུབ་བམ།
ཁྱེད་ཀྱིས་ཁྱེད་རང་གི་འགྲོ་སྟངས། སྐད་ཆ་བཤད་སྟངས། སྤྱོད་ལམ་འཁྱེར་སོ། ཁྱེད་རང་མཁྲེགས་པོ་དང་གདུབ་རྩུབ་ཅན་དང་རྩུབ་པོ་དང་བཟོད་སྲན་ཅན་གང་ཞིག་ཡིན་མིན་གྱི་བྱ་སྤྱོད་རྣམས་ལ་རྟོག་ཞིབ་ཐུབ་བམ།
དེ་ལྟར་ཐུབ་ན་ཁྱེད་ཀྱིས་རང་ངོ་ཤེས་རྒྱུའི་འགོ་ཚུགས་ཀྱི་ཡོད། ཁྱེད་ཀྱིས་ཅི་བྱེད་ཀྱིན་ཡོད་མེད་དང་། ཅི་སེམས་ཀྱིན་ཡོད་མེད། ཅི་ཚོར་གྱིན་ཡོད་མེད་ཀྱི་མེ་ལོང་དེའི་ནང་དུ་རང་ཉིད་ལ་ལྟ་ཞིབ་བྱས་ནས་རང་ངོ་ཤེས་ཀྱི་རེད། དེ་འདྲའི་ཚོར་བ་དང་བྱ་བ་དང་བསམ་བློ་གཏང་རྒྱུ་རྣམས་ནི་མེ་ལོང་ཡིན་ལ། མེ་ལོང་དེའི་ནང་ཁྱེད་ཀྱིས་རང་ཉིད་ལ་ལྟ་ཞིབ་བྱེད་འགོ་རྩོམ་གྱི་ཡོད། མེ་ལོང་དེས་དངོས་ཡོད་འདི་རེད་ཅེས་བཤད་ཀྱི་ཡོད། འོན་ཀྱང་ཁྱེད་རང་དངོས་ཡོད་དེ་ལ་དགའ་གི་མེད་པས་ཁྱེད་ཀྱིས་དེ་སྒྱུར་བཅོས་བྱེད་འདོད། དེ་ནས་ཁྱེད་ཀྱིས་དེ་འཁྱོག་བརྗོད་བྱེད་འགོ་བརྩམས་པས། དེའི་གནས་ལུགས་གང་ཡིན་པ་ལྟར་མི་མཐོང་། དེས་ན་ངས་ཁེ་ཉིན་བཤད་པ་བཞིན། དོ་སྣང་དང་ལྷིང་འཇགས་ཡོད་པའི་དུས་དེར་ཁྱེད་ཀྱིས་སློབ་ཀྱི་རེད། ཁྱེད་རང་ལྷིང་འཇགས་ཡོད་པ་དང་དོ་སྣང་ཆ་ཚང་བ་སྤྲོད་པའི་དུས་སུ་སློབ་ཀྱི་རེད། གནས་
བབ་དེའི་སྐབས་སུ་ཁྱེད་ཀྱིས་སློབ་འགོ་ཚུགས་ཀྱི་ཡོད།
དེས་ན་ཁ་ཁུ་སིམ་པོར་སྡོད། དེ་ནི་སློབ་པའི་ཐབས་ལམ་ཡིན་པ་ལས་ངས་ཟེར་བའི་རྒྱུ་མཚན་གྱིས་མིན། ཧ་ཅང་ཁུ་སིམ་པོར་སྡོད་དགོས། གཟུགས་པོ་དང་གཟུགས་པོའི་ནང་ལོགས་གཅིག་པུར་མིན་པར། སེམས་པའི་ནང་ལ་ཡང་ཁུ་སིམ་པོ་བྱ་དགོས། ཧ་ཅང་ཁ་སིམ་པོ་བྱས་ནས་ཁུ་སིམ་དེ་ལ་དོ་སྣང་བྱ་དགོས། བྱ་དེ་ཕོའི་སྐད་དང་བྱིའུ་སྐད། མིའི་གློ་བ་རྒྱག་པ། འགྲོ་བའི་གོམ་སྒྲ་སོགས་ཁང་པའི་ཕྱི་རོལ་གྱི་སྒྲ་རྣམས་ལ་དོ་སྣང་བྱ་དགོས། དེ་ལྟར་ཐོག་མར་ཁྱེད་ཀྱི་ཕྱི་རོལ་དུ་ཡོད་པའི་བྱ་དངོས་རྣམས་ལ་ཉོན། དེ་ནས་ཁྱེད་ཀྱི་སེམས་པའི་ནང་ཅི་འབྱུང་བཞིན་ཡོད་མེད་ལ་ཉོན། གལ་ཏེ་ཁྱེད་ཀྱིས་ཧ་ཅང་དོ་སྣང་ཆེན་པོས་ཉན་བཞིན་ཡོད་ན། ཁྱེད་ཀྱིས་ཁུ་སིམ་དེའི་ནང་ཕྱི་རོལ་གྱི་སྐད་སྒྲ་དང་ནང་གི་སྐད་སྒྲ་གཉིས་གཅིག་མཚུངས་ཡིན་པར་ཤེས་ངེས་རེད།
༼འདི་ནི་ཚོད་ལྟའི་ཚུལ་དུ་བསྒྱུར་བས། བསྒྱུར་སྟངས་ཀྱི་འགྲོས་དང་ཚིག་སྦྱོར་སོགས་གང་གི་ཐད་ལ་བསམ་འཆར་དང་ལམ་སྟོན་ཡོད་ན། ཐེ་ཚོམ་མེད་པར་གནང་རོགས་གནང་།༽
ནོར་བཅོས།་་་་་དེ་རང་ཉིད་ལས་གཡོལ་བ་ཞིག་ཡིན།
གང་ཡིན་ནམ།
འགྱུར་བཟང་། མུ་སྒྱུར་གྱིས།
ཀིཤ་ཎ་མུར་ཏི་ ཞེས་ཡི་གེ་འཆལ་ཆོལ་དུ་བྲིས་པ་འདི་ཡང་སྒོམ་འཆལ་བ་དང་འདྲ། Kṛṣṇamūrti ཨིན་ཡིག་ཏུ་འབྲི་ཐུབ་ཅིང་བོད་ཡིག་ཏུ་འབྲི་མ་ཐུབ་པ་འདི་ངོ་ཚ་དགོས་པ་ཞིག་ཡིན། དགོངས་དག་ཞུའོ།
ཨིན་ཡིག་དུ་ཡང་། Krishna འབྲི་སྟངས་དང་། ཀློག་གདངས་ལ་ནོར་བ་ཅུངཟད་་ཡོད་དེ། Krishnaའི་aམཐའ་མ་དེ་མི་དགོས་པར། Krishan ཞེས་ཤ་ལ་ཨ་འམ་aསྦྱར་ནས། ཤ་སྲོག་ལྡན་དུ་དགོས། བོད་ཡིག་ནང་ལ། ཀྲི་ཤན། འམ། ཀིརི་ཤན། ཉིད་དག་གོ མུར་ཏི་ཡང་། རྒྱ་གར་གྱི་ཡིག་གཟུགས་ལྟར་བྱས་ན། མུརྟི། ཞེས་བྲིས་ན་ཤིནད་ཏུ་དག་པར་གྱུར་རོ།།
དཔེར་ན། རྒྱ་སྐད་ལ་བྱང་ཆུབ་པའི་རྒྱ་གར་བས། ལས་རྒྱུ་འབྲས་སམ། ལས་འབྲས་ལ། ཀརྨ་ཕ་ལ་(karma-phala)མི་ཟེར་བར། karm-phalཞེས་ཀ་སྲོག་ལྡན་དང་མ་སྲོག་མེད་དུ་ཀློག་ཅིང་སྐད་གདངས་དག་པར་འདོན་ནོ།།
དེ་བཞིན་དུ་པདྨ་ལ་ཡང་། རིགས་འགྲེ་རིགས་སོ།།
དེ་འབྲི་སྟངས་འདྲ་མིན་ཡོང་ཆོག སྒྲ་སོར་བཞག་གིས་སྔགས་འབྲི་སྟངས་བྱས་ན་ཀྲྀཥྞམཱུརྟི་ཞེས་འབྲི་དགོས།
འོན་ཀྱང་དེ་ལྟར་བྲིས་ན་སྔགས་ཚད་ལྡན་ཀློག་ཤེས་མཁན་ཉུང་བས་ཁག་པོ་ཡོད། དེས་ན་ཀིཤ་ན་མུར་ཏི་ཟེར་
བ་ལྟ་བུར་བྲིས་ན་བདེ་སྙམ།