ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།
ཤེས་རིག་གོང་འཕེལ་དུ་འགྲོ་བ་ལ་ངེས་པར་དུ་སློབ་གྲ་དགོས་པ་ཞིག་མིན་ན་ཡང་ད་ལྟའི་ཆར་སྤྱི་ཚོགས་ཤིག་གི་ཤེས་རིག་གོང་འཕེལ་དུ་གཏོང་བར་ངེས་པར་དུ་སློབ་གྲ་ལ་བརྒྱུད་དགོས། བོད་ལ་མཚོན་ན་དུས་འགྱུར་མ་བྱུང་སྔོན་དུ་དགོན་པ་ཁག་སློབ་གྲར་རྩི་དགོས་པ་འམ་དེ་དག་གིས་སློབ་གྲའི་ཚབ་བྱེད་ཀྱིན་ཡོད། དེའི་ཕྱིར་སློབ་གྲའི་གོ་དོན་དེ་སྒྲ་ཡང་འཇུག་གི་དབང་དུ་བྱས་ན་དགོན་པའི་སློབ་གསོའི་ལམ་ལུགས་ཀྱང་ཚུད་ཡོད། འོན་ཀྱང་ད་ལྟའི་ཆར་དགོན་པ་དང་སློབ་གྲ་སོ་སོར་འཇོག་རྒྱུ་ཡོད་པས་སྒྲ་དོགས་འཇུག་གི་དབང་དུ་བྱས་ཆོག
༡༽ སློབ་གྲའི་སློབ་གསོའི་བྱུང་རབས་དང་ལམ་ལུགས།
འཛམ་གླིང་ཐོག་སློབ་གྲ་རྙིང་ཤོས་དེ་སྤྱི་ལོའི་སྔོན་གྱི་བརྒྱ་ཕྲག་གཉིས་པའི་ནང་(སྤྱི་ལོ་སྔོན་༡༤༣)་རྒྱ་ནག་ལ་བྱུང་བཤད་ཚུལ་ཞིག་ཀྱང་ཡོད་འདུག དེ་ནི་རྒྱ་ནག་གི Chengdu Shishi High School (石室中学) ཞེས་པ་དེ་རེད། རང་རེ་ལ་འབྲེལ་བ་ཡོད་པ་ནི་དཔལ་ན་ལེནཌ་ཡིན་པ་དང་དེ་ནི་ཕྱི་ལོ་དུས་རབས་༥་བ་ཙམ་ལ་གསར་དུ་བཞེང་བར་བཤད། ད་ལྟ་འདྲ་དཔར་མཐོང་རྒྱུ་ཡོད་པ་སྤྱི་ལོ་༥༩༧་ལ་བཙུག་པ་དང་ལོ་༡༤༢༠་ཡར་སྔོན་དུ་བྱུང་ཞིག་བཤད་ཀྱིན་འདུག གང་ལྟར་ཤེས་ཡོན་རིག་གནས་སྦྱོང་བའི་ཆེད་དུ་སློབ་གྲ་འཛུགས་པ་ནི་ཡར་ཐོན་གྱི་རྟགས་མཚན་ཞིག་ལས་མ་འདས།
བོད་དུ་སློབ་གྲ་ཐོག་མ་དེ་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་དེ་ཡིན་པར་བཤད་མཁན་ཡོད། དགོན་པའི་ཐོག་མ་ཡིན་ཡང་སློབ་གྲ་ཐོག་མར་འཇོག་མི་འོས་པ་མིན། དེང་དུས་ཀྱི་སློབ་གྲྭ་ལ་མཚོན་ན་རྩེ་སློབ་གྲྭ་དང་། རྩིས་ཁང་སློབ་གྲྭ་ཞེས་པ་གཉིས་ལ་བར་ཆད་མ་བྱུང་བར་གནས་ཐུབ་པའི་མི་སྐྱའི་སློབ་གྲ་གཉིས་ཡོད་པ་དེ་ཡིན། དེ་ཡང་སྐུ་དྲག་གི་བུ་ཕྲུག་གི་དག་གཞུང་ཞབས་སུ་ཚུད་ཆེད་དུ་བཙུགས་པ་ཞིག་ཡིན་འདུག གཞན་སློབ་གྲ་རེ་ཟུང་བསྐྲུན་ཡོད་ཚོད་འདུག་མོད་གནས་མ་ཐུབ་ཟེར།
དུས་འགྱུར་རྗེས་ཀྱི་བོད་ཀྱི་སློབ་གྲའི་སློབ་གསོ་གཞི་རྒྱ་ཆེ་བའི་ཐོག་ནས་དངོས་སུ་མགོ་བཙུགས་ཤིང་། སློབ་གྲའི་ཁ་གྲངས་ཡང་མང་དུ་སོང་ཡོད། འོན་ཀྱང་སློབ་གྲ་དག་གི་ཤེས་ཡོན་གྱི་དམིགས་ཡུལ་ནི་དཔེར་ན། ༡༩༩༤་ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲེན་ཁུའེ་ཡོན་གྱིས་“པེ་ཅིང་ནས་བོད་ཐོག་བཟུང་བའི་སློབ་གསོའི་དམིགས་ཡུལ་ནི་མཐར་ཐུག་ཐུག་ན་ཕྲུ་གུའི་སེམས་སུ་མེས་རྒྱལ་དང་དམར་ཤོག་ཚོགས་པར་དགའ་ཞེན་སྐྲུན་ཐུབ་པ་དེ་རེད།”ཅེས་བཤད་ཡོད། དབང་འཛིན་པ་གཞན་ཞིག་གིས་“ང་ཚོའི་སློབ་གསོའི་བྱ་བཞག་ལམ་ལྷོང་བྱུང་ཡོད་མེད་དེ་སློབ་གྲ་ཆེ་འབྲིང་ཆུང་གསུམ་ལས་མཐར་ཕྱིན་དཔང་ཡིག་གྲངས་ག་ཚོད་སྤྲད་ཡོད་མེད་ཀྱིས་བལྟ་རྒྱུ་མིན་པར། མཐར་ཕྱིན་པའི་སློབ་ཕྲུག་དེ་དག་ཏཱ་ལའེ་རུ་ཚོགས་ལ་རྒྱབ་ཀྱིས་ཕྱོགས་འདུག་གམ་མི་འདུག་པ་དེ་ལ་བལྟ་དགོས། དེ་དག་གིས་མེས་རྒྱལ་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་ཀྱིན་ཡོད་མེད་ཀྱིས་བལྟ་དགོས།”་ཞེས་བཤད་ཡོད།
གཏམ་བཤད་འདི་དག་ལས་མཐོང་ཐུབ་པ་ནི་དུས་འགྱུར་གྱི་རྗེས་སུ་བོད་ནང་ཁུལ་དུ་སློབ་གསོའི་ཁ་ཕྱོགས་དེ་ཤེས་ཡོན་རིག་པའི་ཐོག་ནས་བལྟས་ན་ཧ་ཅང་ནོར་ཚབ་ཆེན་པོ་ཆགས་ཡོད་པ་མཐོང་ཐུབ། རང་གི་ནུས་པ་སད་པར་བྱེད་པའི་དམིགས་ཡུལ་ལས་ཡོངས་སུ་གོལ་ནས་གཞན་གྱི་བྲན་དུ་འགྱུར་བའི་དམིགས་ཡུལ་ཞིག་བཟུང་ཡོད་པ་ནི་སྐྱི་གཡའ་དགོས་པའི་གནས་ཞིག་རེད།
ལམ་ལུགས། སློབ་གྲའི་སློབ་གསོ་ལ་ལམ་ལུགས་མི་འདྲ་བ་མང་པོ་ཡོད་ངེས་རེད། རྒྱལ་ཁབ་རེར་ཅུང་ཟད་མི་འདྲ་བ་རེ་ཡོད་ངེས། སློབ་ལོ་ལོ་༦། སློབ་ཚན་ལྔ་དང་དྲུག འཛིན་སྐྱོང་གཞུང་སྒེར། ངོས་ལེན་ཡོད་མེད། སློབ་གྲ་མེད་པའི་ཤེས་ཡོན་ཞེས་པ་སོགས་ཡོད། དེ་དག་རྒྱལ་ཁབ་དེའི་ཤེས་ཡོན་སྲིད་ཇུས་ཞིག་ལ་གཞི་བཞག་ནས་འགྲོ་བཞིན་ཡོད།
1. འཛིན་གྲ་སྒྲུབ་སྟངས། རྒྱ་གར་ལ་མཚོན་ན་གཞི་རིམ་ནས་འབུམ་རམ་པ་བར་དུ་ལོ་ཉི་ཤུ་ཙམ་འགོར་བ་རེད། དེ་ནི་གཞི་རིམ་འོག་མ་ལོ་རིམ་༥། གཞི་རིམ་འབྲིང་བ་ལོ་རིམ་༣། གཞི་རིམ་བར་མ་ལོ་རིམ་༢། གཞི་རིམ་གོང་མ་ལོ་རིམ་༢། ཉེ་བའི་གཙུག་ལག་ལོ་རིམ་༣། གཙུག་ལག་ལོ་རིམ་༢། འབུམ་རམ་པ་ལོ་རིམ་༣། བཅས་སྤྱིའི་ཆ་ནས་ཉུང་རྩི་བྱས་ན་འདི་ལྟར་ཡིན་ཞིང་། གཞི་རིམ་སློབ་གྲའི་སྐབས་སུ་འཛིན་གྲ་རེར་སློབ་ཕྲུག་གྲངས་མང་མཐའ་༤༠་རེ་གཏན་འབེབ་བྱས་ཡོད།
2. རྒྱུགས་སྤྲོད་ལམ་ལུགས། རྒྱུགས་སྤྲོད་ལམ་ལུགས་ནི་ཤེས་ཡོན་མཁོ་སྤྲོད་ཀྱི་ནང་དུ་བཟང་ཕྱོགས་ཀྱི་བྱ་བ་ཞིག་ལོས་ཡིན་སྙམ་པ་ཞིག་ཡིན་མོད་། དོན་དུ་ཁུར་བོ་ཞིག་ཏུ་གྱུར་ཡོད། དུས་ཡུན་ཆུ་ཚོད་༣་གྱིས་ལོ་གཅིག་གི་ཤེས་ཚད་འཇལ་མི་ཐུབ། རྒྱུགས་སྤྲོད་གཙོ་འཛིན་ལམ་ལུགས་འདིས་སློབ་གྲའི་སློབ་གསོའི་ནང་དུ་གོ་གནས་ཧ་ཅང་གལ་ཆེན་དུ་བཟུང་ཡོད།
༢༽ སློབ་གྲའི་སློབ་གསོའི་ངོ་བོ།
སློབ་གསོ་ཞེས་པ་ནི་སྐབས་འདིར་ཤེས་ཡོན་ཞེས་འབོད་ཀྱིན་པ་དེ་ལ་གོ་རྒྱུ་རེད། དེས་ན་ཐོག་མ་ཤེས་ཡོན་ཟེར་བ་ཅི་ཡིན་ལ་དཔྱད་པ་ཞིག་ངེས་པར་བྱེད་དགོས། ཤེས་ཡོན་གསར་དུ་འབྱོར་བ་ནི་དོན་དུ་ཤེས་པ་གསར་དུ་སྐྱེས་པ་ལས་གཞན་དུ་མེད། ཤེས་པ་གསར་དུ་སྐྱེས་པ་ཞེས་པ་ཚན་རིག་གི་བཤད་ལུགས་དང་མ་འགལ་བ་ཞིག་བཤད་ན་དབང་རྩའི་མཐུད་ཁ་གསར་དུ་འཕྲད་བ་ལ་གོ་རྒྱུ་ཡིན། དེས་ན་སློབ་གྲ་ནི་མདོར་བསྡུས་ན་དབང་རྩའི་མཐུད་སྦྱོར་མཉམ་དུ་བྱེད་ས་ཞིག་ལ་གོ་དགོས། སློབ་གྲའི་སློབ་གསོ་མ་ཡིན་པའི་སློབ་གསོ་ནི་དབང་རྩའི་མཐུད་སྦྱོར་དེ་སློབ་གྲ་མེད་སར་བྱེད་ཀྱིན་ཡོད་པ་དེ་རེད། མི་ནི་ཤེས་པ་དང་ལྡན་པའི་དངོས་པོ་ཞིག་རེད། ཤེས་པ་ཟེར་བ་སྔར་ཐོག་མ་མེད་པ་ནས་བྱུང་དགོས་པ་ཞིག་དང་ཕྱིས་སུ་མཐའ་མ་མེད་པར་འགྲོ་དགོས་པ་ཞིག་ཡིན་དགོས་པ་དེ་འདྲ་ཤེས་པའི་མཚན་ཉིད་“གསལ་ཞིང་རིག་པ”་ཞེས་པའི་འདིའི་ཚིག་ཟུར་ན་གང་ཡང་སྟོན་གྱི་མེད།
དེས་ན་ཤེས་པའི་མཚན་ཉིད་ལ་ཚན་རིག་གི་བཤད་ཚུལ་དང་མ་འགལ་བ་ཞིག་བཤད་ན་“དབང་རྩའི་མཐུད་ཁ་ཤེས་པའི་མཚན་ཉིད”་དང་དབང་རྩའི་མཐུད་ཁ་ཅན་གྱི་དངོས་པོ་སེམས་ལྡན་དུ་བཤད་ན་གོ་རྒྱུ་མཚར་མོ་ཞིག་ཡོད་པར་སྙམ། ཚན་རིག་པས་མི་ཞིག་ལ་དབང་རྩ་ཁྲག་ཁྲིག་གཅིག་ལྷག་གམ་ཡང་ན་དུང་ཕྱུར་ཁྲི་གཅིག་ལྷག་(༡༠༠༠༠༠༠༠༠༠༠༠)་ཅིག་ཡོད་པར་ཟེར། གང་ཟག་གི་རྒྱུད་ལ་ཤེས་པ་འཕེལ་བའི་སྐབས་སུ་དབང་རྩ་དེ་དག་གཅིག་ལ་གཅིག་མཐུད་དགོས་ཤིང་། དབང་རྩ་དེ་དག་མཐུད་ཁ་གསར་དུ་འཕྲོད་པའི་ཚེ་དེ་ལ་གནས་སྐབས་སམ་རྒྱུད་རིམ་ངེས་ཅན་ཞིག་ཡོད། གནས་སྐབས་དེ་དག་གི་ཁྱད་པར་ནི་ཡུལ་བྱེ་བྲག་གཅིག་གི་ཆེད་དུ་དབང་རྩའི་མཐུད་ཁ་མང་ཉུང་དང་དམ་ཞན་གྱིས་འབྱེད་པ་ཡིན། དེ་དག་ནིཿ
ཀ༽ སྣེམས་པ། འདི་ནི་ཁོ་བོས་འདོད་རྒྱལ་གྱི་ཐ་སྙད་ཅིག་ཆེད་དུ་བཀོལ་བ་ཡིན་ཞིང་། དེའི་དོན་ནི་རང་རེའི་“སྣང་ལ་མ་ངེས་པ”་ཞེས་པ་དེ་ལ་གོ་བ་ཡིན། འདིའི་གནས་སྐབས་སུ་རང་ཡུལ་ཤེས་པའི་ངོར་ཤར་བ་ཙམ་བྱས་ཡང་དྲན་པས་མ་ཉར་བ་བའི་སྐབས་ཡིན། གང་ཟག་ཅིག་གི་རྒྱུད་དུ་སྣང་ལ་མ་ངེས་པའི་བློ་ཞིག་སྐྱེས་པ་འམ་སྣེམས་པ་ཞེས་པའི་ཚེ་དེས་གང་ཟག་དེའི་ཀུན་སྤྱོད་ལ་ཤུགས་རྐྱེན་གང་ཡང་སྤྲོད་ཐུབ་ཀྱི་མེད། འདིའི་སྐབས་སུ་དབང་རྩའི་མཐུད་ཁ་ཉུང་ལ་མི་བརྟན་པས་ཞིག་ཆོག་ཆོག་ཡིན།
ཁ༽ ཐོས་པ། འདིའི་སྐབས་སུ་རང་ཡུལ་ཤེས་པའི་ཡུལ་དུ་གྱུར་བ་མ་ཟད་དྲན་པས་ཀྱང་ཉར་ཡོད། འོན་ཀྱང་གྲངས་ཐོ་ཙམ་ལས་ནང་ཁུལ་གྱི་འབྲེལ་བ་ཟབ་མོ་རྣམས་ངོས་མ་འཕྲོད། འདི་ནི་གཞུང་ཆེན་མོ་དག་གི་ས་བཅད་དང་དབྱེ་བ་བློ་ཐོག་ཏུ་སྐྱོར་རྒྱུ་ཡོད་མཁན་དག་གམ་ནེ་ཙོའི་མ་ཎི་འདོན་པ་ལྟ་བུ་འོ། གང་ཟག་ཅིག་གིས་ཡུལ་ཞིག་ལ་ཐོས་པ་སྐྱེས་པའི་ཚེ་དེ་ལ་བརྟེན་ནས་གང་ཟག་དེའི་ཀུན་སྤྱོད་ལ་ཤུགས་རྐྱེན་ཅུང་ཟད་རེ་ཐེབས་སྲིད། དཔེར་ན་ཞལ་འདོན་མང་པོ་བློ་ལ་སྐྱོར་རྒྱུ་ཡོད་ན་གང་ཟག་རྣམས་རང་རང་གནས་སའི་མི་ཚོགས་ནང་དུ་ཞལ་འདོན་གྱི་དབུ་མཛད་དུ་འགྱུར་སྲིད་པ་བཞིན་ནོ། འོན་ཀྱང་འདིའི་སྐབས་སུ་དབང་རྩའི་མཐུད་ཁ་སྔར་ལས་མང་ཞིང་དམ་པ་ཡིན་པ་ལས་གང་ཟག་གི་ཀུན་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་མི་འབྱུང་།
ག༽ རྟོགས་པ། འདིའི་སྐབས་སུ་རང་ཡུལ་ཤེས་པའི་ཡུལ་དུ་གྱུར་བ་དེ་ཡུལ་དེའི་ཁྱབ་ཁོངས་འབྲེལ་ཡོད་རིགས་འདྲ་བ་གཞན་དང་གཞན་གྱི་བར་ལ་འབྲེལ་གང་དང་གང་གྲུབ་ཡོད་པ་ངོས་འཕྲོད་པ་རེད། དེ་ནི་གཞུང་སྤྱི་ཁོག་གི་གོ་བ་ཧྲིལ་གྱིས་ལོན་ནས་གཅིག་ལ་གཅིག་འབྲེལ་ནས་བསམ་ཐུབ་པ་ལྟ་བུ་ལ་གོ་བ་སྟེ། འདིའི་སྐབས་སུ་གཞུང་ལུགས་ཤིག་རང་ཉིད་ཀྱི་གོ་བ་ལ་བསྟུན་ནས་དབྱེ་སྒོ་སྐྱར་དུ་དང་གསར་དུ་སྒྲིག་ཐུབ། དཔེར་ན་༧གོང་ས་མཆོག་གིས་སངས་རྒྱས་ཀྱི་གསུང་དེ་ལ། ནང་པའི་ཆོས་དང་། ནང་པའི་བལྟ་གྲུབ། ནང་པའི་ཚན་རིག་ཅེས་དབྱེ་ཚུལ་གསར་བ་གསུམ་དུ་ཕྱེས་པ་བཞིན་ནོ། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་ཟེར་དེ་ཡང་འདིའི་དཔེར་མཚོན་ཡིན། རང་རྒྱུད་ལ་ཡུལ་རྟོགས་པའི་བློ་སྐྱེས་པའི་ཚེ་གང་ཟག་རང་གི་ཀུན་སྤྱོད་ལ་འགྱུར་བ་ངེས་ཅན་ཞིག་ཐེབས་ངེས་ཡིན། དཔེར་ན་དགེ་མི་དགེའི་རྣམ་བཞག་རང་ཉིད་ཀྱིས་རྟོགས་པའི་དབང་གིས་རང་ཉིད་དེའི་བླངས་དོར་ལ་ངང་ངམ་ཤུགས་ཀྱིས་འཇུག་ལྡོག་ཡོང་བ་བཞིན། འདིའི་སྐབས་སུ་དབང་རྩའི་མཐུད་ཁ་སྔར་ལས་མང་ཞིང་དམ་པ་ཡིན། སྲོག་གཅོད་པ་མི་དགེ་བ་ཡིན་པར་ཤེས་པའི་དབང་རྩའི་མཐུད་ཁ་དེ་ཧ་ཅང་བརྟན་ཞིང་དམ་པས་སྲོག་གཅོད་པའི་ལས་ཡེ་ནས་མི་འཇུག་པ་དེ་འབྱུང་།
ང༽ གོམས་པ། འདི་ནི་ངོས་འཕྲོད་པའི་རང་ཡུལ་དེ་ལ་སྔར་བས་ཀྱང་ངེས་པ་གཏིང་ཟབ་ཏུ་རྙེད་ནས་དེའི་བྱ་བ་རྣམས་གང་ཟག་རང་ཉིད་ཀྱི་ཉིན་རེའི་འགྲོ་འཆགས་ཉལ་འདུག་གི་སྤྱོད་ལམ་དུ་གྱུར་བ་ཡིན། འདིའི་སྐབས་སུ་རྒྱུད་ལ་གོམས་པའི་གནས་སྐབས་ཟེར་བ་ཡིན། དཔེར་ནཿ ཆོས་དད་པས་ཆོས་སྒྲུབ་པ། ཞིང་པས་ཞིང་ལས་བྱེད་པ། ཚོང་པས་ཚོང་བྱེད་པ་ལྟ་བུ་འོ། ཡུལ་ཞིག་ལ་གོམས་པ་བྱུང་ན་གང་ཟག་དེའི་ཀུན་སྤྱོད་དེའི་ཤུགས་སུ་ཕྱོགས་ངང་ངམ་ཤུགས་ཀྱིས་འཇུག་པ་ཡིན། འདིའི་སྐབས་སུ་ཞིང་ལས་བྱེད་པ་དེ་གང་ཟག་རང་ཉིད་དང་ངོ་བོ་དང་སོ་སོར་འབྱེད་དུ་མེད་པ་མིན་དེ། ཞིང་པ་ཞིག་གིས་ཞིང་ལས་སྐྱུར་ནས་ལས་རིག་གཞན་དུ་འཇུག་ཆོག་པས་སོ།
འདིའི་སྐབས་སུ་དབང་རྩའི་མཐུད་ཁ་སྔར་ལས་ཀྱང་མང་ཞིང་དམ་པ་ཡིན། དཔེར་ན་ཚོང་བྱེད་པའི་དབང་རྩའི་མཐུད་ཁ་ཧ་ཅང་བརྟན་ཅིང་བཙན་པས་གང་ཟག་དེའི་བྱ་བཞག་གཞན་ཐམས་ཅད་ལས་འདི་གལ་ཆེན་དུ་མཐོང་ནས་འདི་ཁོ་ནའི་ཐོག་ཏུ་གཞོལ་བ་དེ་འབྱུང་བ་ཡིན། མདོར་ན་མཐུད་ཁ་དེས་རང་རྒྱུད་ལྡན་གྱི་གང་ཟག་གི་འགྲོ་འདུག་གི་སྤྱོད་པ་ལ་དབང་བསྒྱུར་བའི་ནུས་པ་ཐོན་པའི་གནས་སྐབས་དེ་འདྲ་ལ་ཤེས་ཡོན་རིག་པའི་ངོས་ནས་གོམས་པའི་གནས་སྐབས་ཞེས་འབོད་པ་ཡིན།
ཅ༽ འདིམས་པ། འདིར་ཡང་འདོད་རྒྱལ་གྱི་ཐ་སྙད་ཅིག་བཀོལ་བ་ཡིན། དོན་ནི་ཤེས་པའི་ཡུལ་དུ་གྱུར་བའི་དོན་དངོས་དེ་ལ་སྔར་བས་ངེས་ཤེས་རྙེད་པ་ཙམ་མ་ཡིན་པར་དོན་དེ་ལ་ཤེས་པ་དེ་དབང་འབྱོར་ནས་འབད་བརྩོན་མེད་པ་ཤེས་པ་དེ་སྐྱེས་ཐུབ་པའམ། ཡུལ་འཇལ་བའི་ནུས་པ་ཡོད་པ་དེ་གང་ཟག་རང་གི་ངོས་འཛིན་དུ་གྱུར་བའི་གནས་སྐབས་སྟོན་པ་ཡིན། འདི་ཤེས་པ་དང་གང་ཟག་རང་གི་ངོས་འཛིན་སོ་སོར་འབྱེད་དུ་མེད་པར་རོ་གཅིག་ཏུ་བལྟིམས་པའི་གནས་སྐབས་འདི་འདྲ་ལ་འདིམས་པའི་གནས་སྐབས་ཟེར་བ་ཡིན། དེ་ནི་དཔེར་ནཿ མི་གྱེན་དུ་འགྲེངས་ཐུབ་པ། སྤྲུལ་ལྟོ་བས་འགྲོ་ཐུབ་པ། བྱ་གནམ་ལ་འཕུར་ཐུབ་པ་སོགས་ལ་བཤད་པ་ཡིན། ཡང་གཅིག་བཤད་ན་“སྨྲ་ཤེས་དོན་གོ་བ”་མིའི་མཚན་ཉིད་དུ་བཞག་པ་འདིས་སྨྲ་ཤེས་པ་དང་དོན་གོ་མིན་གྱིས་མི་ཡིན་མིན་གྱི་ཁྱད་པར་འཇོག་པ་རེད། དེ་གཉིས་ཡིན་ཁྱབ་མཉམ་ཡིན་དགོས་པ་རེད།
དབང་རྩའི་མཐུད་ཁ་དེ་སྨྲ་ཤེས་པ་ཐུབ་དང་དོན་གོ་ཐུབ་པ་ཞིག་ལ་ཆགས་པའི་བར་དུ་མཐུད་ཁ་སྦྱོར་དགོས་ཤིང་དེ་འབྱོར་བའི་ཚེ་ན་ད་གཟོད་དེ་ལྟར་འབྱོར་ཡོད་པའི་དབང་རྩ་རྒྱུད་ལྡན་གྱི་སྲོག་ཆགས་དེ་ལ་མི་ཞེས་འཇོག་པ་རེད། མདོར་ན་དེ་འདྲའི་མཐུད་ཁ་འབྱོར་མ་འབྱོར་གྱིས་མི་ཡིན་མིན་འཇོག་པས་འདི་ལ་སློབ་གསོ་རིག་པའི་ངོས་ནས་འདིམས་པའི་གནས་སྐབས་ཞེས་བཤད་པ་ཡིན།
གནད་དོནཿ སྣེམས་པ་ནས་འདིམས་པའི་བར་གྱི་རྒྱུད་རིམ་དེ་དབང་རྩའི་མཐུད་ཀའི་ངོས་ནས་བཤད་ན་མཐུད་ཁ་རྣམས་ལ་རང་རང་གི་ཐད་ཀྱི་བྱ་བ་བྱེ་བྲག་པ་ཡོད་ཀྱང་དེ་དག་གཞི་རྩའི་བྱ་བ་གཅིག་གི་མཐུན་རྐྱེན་དུ་འགྲོ་བར་མཉམ་རུབ་བྱས་མ་བྱས་ལས་འཇོག་དགོས། དེར་བརྟེན་མཐུད་ཁ་ཇི་ཙམ་མང་བ་དང་བརྟན་པ་དེ་ཙམ་གྱིས་རང་རྒྱུད་ལྡན་གྱི་གང་ཟག་གི་ཀུན་སྤྱོད་ལ་དེ་ཙམ་གྱིས་ཤུགས་རྐྱེན་སྤྲོད་ཐུབ།
1. སྣེམས་པའི་གནས་སྐབས་སམ་སྣང་ལ་མ་ངེས་པའི་སྐབས་དབང་རྩ་བྱེ་བྲག་པ་རེ་ཟུང་གི་མཐུད་ཀ་ཙམ་ཞིག་སྦྱར་བའི་གནས་སྐབས་ཡིན། དེའི་ཕྱིར་མཐུད་ཀ་དེ་དང་མཐུད་ཀ་གཞན་གྱི་བར་ལ་མཉམ་རུབ་ཀྱི་བྱ་བ་མེད། དེའི་ཕྱིར་དེས་རང་རྒྱུད་ལྡན་གྱི་གང་ཟག་གི་ཀུན་སྤྱོད་ཀྱི་ཐོག་ལ་་ཤུགས་རྐྱེན་གང་ཡང་མི་ཐེབས།
2. ཐོས་པའི་སྐབས་སུ་གང་ཟག་དེའི་དབང་རྩའི་མཐུད་ཀ་སྔར་ལས་མང་པར་མཐུད་ཡོད། དེར་བརྟེན་དེས་ཤུགས་རྐྱེན་ཅུང་ཟད་རེ་འཇོག་སྲིད་ན་ཡང་ཆེན་པོ་མི་ཡོང་།
3. རྟོགས་པའི་གནས་སྐབས་སུ་དབང་རྩའི་རིགས་མི་འདྲ་བ་མང་དག་ཅིག་ལ་མཐུད་ཀ་ཕོགས་པ་ཡིན་པས་མཐུད་གྲངས་སྔར་ལས་མང་ཞིང་བརྟན་པ་དང་ཡུལ་བྱེ་བྲག་པ་གང་དེའི་ཆེད་དུ་མཐུད་པའི་དབང་རྩའི་མཐུད་པའི་བརྒྱ་ཆ་སྔར་བས་མང་། དེའི་ཕྱིར་དེས་རང་རྒྱུད་ལྡན་གྱི་གང་ཟག་གི་ཀུན་སྤྱོད་ལ་ཤུགས་རྐྱེན་ཡང་སྔར་ལས་ཆེ།
4. གོམས་པའི་སྐབས་སམ་རྒྱུད་ལ་འབྱར་བའི་གནས་སྐབས་སུ་གང་ཟག་རང་གི་དབང་རྩ་དེ་ལས་མང་པོ་ཞིག་གིས་མཉམ་རུབ་ཀྱིས་ལས་དོན་གཅིག་གི་ཆེད་དུ་ཆེད་དུ་མཐུད་སོང་ཡོད་སྟབས་དེ་རྒྱུད་ལྡན་གྱི་གང་ཟག་དེའི་ཉིན་རེའི་འགྲོ་འདུག་གི་སྤྱོད་པ་ལ་འགྱུར་བ་ཆེན་པོ་སྤྲོད།
5. འདིམས་པའི་གནས་སྐབས་སམ་ཤེས་པ་དང་རང་ཉིད་ངོ་བོ་གཅིག་ཏུ་གྱུར་བའི་གནས་སྐབས་སུ་དབང་རྩ་དེ་ལས་ཀྱང་མང་བ་ཞིག་གིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་གཞི་རྩའི་ལས་དོན་གཅིག་གི་དོན་དུ་ནུས་ཤུགས་འདོན་པ་འམ། དེ་དང་མ་འགལ་བ་བའི་སྒོ་ནས་རང་རང་གི་བྱེད་ལས་དག་བྱེད་ཀྱི་ཡོད་སྟབས་ངོ་བོ་གཅིག་ཏུ་བལྟིམས་པ་དེ་བྱུང་། འདིའི་སྐབས་སུ་མཐུད་ཁ་དེ་དག་གི་ཤུགས་རྐྱེན་ཟུར་དུ་འདོན་རྒྱུ་མེད་པར་རང་རྒྱུད་ལྡན་གྱི་གང་ཟག་དང་མཐུད་ཁ་རྣམས་ངོ་བོ་ཧྲིལ་གྱིས་སོང་བ་ལྟ་བུ་ཡིན། ཡང་ན་མཐུད་ཁ་དེ་དག་མེད་ན་དེ་དེ་རྒྱུད་ལྡན་གྱི་གང་ཟག་ལ་འཇོག་མི་ཐུབ། དཔེར་ན་སྨྲ་ཤེས་པ་དང་དོན་གོ་བའི་དབང་རྩྱའི་མཐུད་ཁ་དེ་ཚང་མེད་ན་མི་ཡིན་པར་འཇོག་པའི་འཇོག་བྱེད་ཚང་མེད་པ་ལྟ་བུ་རེད།
འདིའི་སྐབས་སུ་དབང་རྩའི་མཐུད་ཁ་བྱེ་བྲག་དེ་བརྒྱ་ཆ་མང་ཤོས་དང་དམ་ཤོས་སུ་སླེབས་ཡོད། དཔེར་ན་མི་ཞིག་ཡིན་ན་དེའི་རྒྱུད་དུ་སྨྲ་ཤེས་པ་དང་དོན་གོ་བའི་དབང་རྩའི་མཐུད་ཁ་དེ་བརྒྱ་ཆ་མང་ཤོས་དང་ཆེས་བརྟན་ཤོས་དང་ཆེས་བཙན་ཤོས་སུ་གྱུར་ཡོད་པས་མི་ཞིག་ཡིན་ཕྱིན་ཆད་ལ་སྨྲ་ཤེས་པ་དང་དོན་གོ་བའི་ནུས་པ་དེ་ཡོད་པས་ཁྱབ་ཐུབ་པ་དེ་བྱུང་བ་རེད། དེའི་ཕྱིར་སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཅེས་གོ་བ་གཙོ་བོ་བྱས་པའི་མཚན་ཉིད་འདི་བཞག་པ་རེད། གོང་དུ་ཞིང་ལས་ཤེས་མིན་དེ་ཞིང་པ་ཡིན་མིན་གྱི་འཇོག་བྱེད་དེ་ཆགས་མེད།
༣༽ སློབ་གྲའི་སློབ་གསོའི་ཞན་ཆ།
གལ་སྲིད་ང་ཚོའི་ཤེས་པ་འདིའི་ནུས་པ་བརྗོད་དུ་མེད་པ་ཞིག་ཡོད་ན་དེའི་ནུས་པ་ཧྲིལ་གྱིས་འཕེལ་མ་ཐུབ་པ་དེ་སློབ་གྲའི་སློབ་གསོ་འདིའི་སྐྱོན་ཡིན་གྱི་རེད། འོན་ཀྱང་དེ་འདྲ་ཞིག་ཡོད་མེད་ཀྱང་ཁ་ཚོན་གཅོད་མི་ཐུབ་པ་རེད།
1. མི་ཐམས་ཅད་བསམ་ཚུལ་གཅིག་ཅན་གྱི་གླེན་པ་ལུག་འདྲ་ཞིག་བཟོ་བའི་གྲ་ཞིག་རེད། སློབ་གྲའི་སློབ་གསོ་ནི་མི་ཡི་འདུས་ཚོགས་ལ་དམིགས་པ་ལས་སྒེར་གྱི་ནུས་པ་ཐོག་དམིགས་པ་མིན་པས་སློབ་ཚན་སོགས་བཀོད་སྒྲིག་བྱེད་སྐབས་མང་ཕྱོགས་ལ་རན་པ་ཁོ་ན་གཙོ་བོ་བཟུང་ཡོད། དེ་ལ་བརྟེན་ནས་དེ་ལས་མཐར་ཕྱིན་པའི་སློབ་མ་རྣམས་བསམ་ཚུལ་གཅིག་པ་འདྲ་ཞིག་ཡོང་རྒྱུ་ཡིན། བསམ་ཚུལ་གཅིག་མཐུན་དེ་ཕྱོགས་ཞེན་གྱི་རྩ་བ་རེད་སྙམ།
2. མཐའ་མེད་པའི་ཀླད་པའམ་ཤེས་པའི་ནུས་པ་གོང་འཕེལ་དུ་འགྲོ་བར་འགོག་རྐྱེན། སློབ་གྲའི་སློབ་གསོ་བཀོད་སྒྲིག་བྱེད་སྐབས་སྒྲིག་ལམ་ཞིག་དང་ལམ་ལུགས་ཤིག་གི་འོག་ཏུ་འགྲོ་དགོས་སྟབས་སྐྱེ་བོ་སོའི་སོའི་དམིགས་བསལ་ཅན་གྱི་བསམ་བློའི་ནུས་རྩལ་གོང་མཐོར་འགྲོ་བར་ལེགས་སྐྱེས་མེད། མི་གཅིག་གིས་ཤེས་བྱ་ཀུན་ཀྱབ་བློ་ཐོག་ནས་སྐྱོར་ཐུབ་པ། བལྟ་ཐེངས་གཅིག་གིས་ཤོག་ཤོ་གྲངས་ཚང་མིན་ཤེས་ཐུབ་པ། ལོ་ལྔ་ཅན་གྱིས་འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་ས་སྐྱོར་ཐུབ་པ། གཅིག་ཐངས་ན་སྐྱེ་བ་སྔ་ཕྱི་དྲན་ཐུབ་པ་སོགས་སྒེར་བྱེ་བྲག་པའི་རིག་པའི་ནུས་པ་གོང་སྤེལ་གྱི་བྱ་བ་ལ་ལེགས་སྐྱེས་གང་ཡང་མེད་པ་མ་ཟད། དེ་འགོག་རྐྱེན་དུ་འགྲོ་བ་ཡིན།
3. ལེགས་བཅོས་བྱས་མ་ཐུབ་པའི་སྐྱོན་ཡིན་སྲིད་མོད། ཡིག་རྒྱུགས་ཀྱི་ལམ་ལུགས་འདིས་གནོད་པ། ལམ་ལུགས་འདིར་ཡིག་རྒྱུགས་ཀྱི་ལམ་ཁ་ཞིག་ལ་སོང་ཡོད་པས་འདིས་མི་ཤེས་ཚད་འཇལ་མི་ཐུབ་པ་མ་ཟད་ཤེས་ཚད་གོང་མཐོར་འགྲོ་བའི་མི་མཐུན་ཕྱོགས་སུ་འགྲོ་གི་ཡོད། འདིའི་འགག་རྩ་གཙོ་བོ་དེ་འཛིན་རིམ་གོང་མར་འགྲོ་དང་མི་འགྲོ་གི་ཚད་གཞི་འཛིན་བྱེད་ལ་ཡིག་རྒྱུགས་བཞག་པ་དེ་མ་འགྲིག་པ་ཡིིན་པར་སྙམ།
4. འཇིག་རྟེན་གྱི་རྣམ་རྟོག་འབྱུང་བའི་ཁུངས་སུ་འགྱུར། སློབ་གསོ་ལམ་ལུགས་འདི་ལམ་དང་ལུགས་སྲོལ་ཅན་དུ་སོང་བས་ལམ་དང་ལུགས་སྲོལ་ལ་མ་མཐུན་པ་དེ་བློ་ཡུལ་ལ་མི་ཤོངས་པ་ཞིག་འབྱུང་བས་སོ། གནས་སྟངས་འདི་འདྲ་ཞིག་གིས་སམ་ཁོར་ཡུག་དེ་འདྲ་ཞིག་གི་འོག་ནས་འཚར་བའི་མི་རྣམས་ཀྱི་སེམས་དང་བསམ་བློ་འདྲ་མཚུངས་ཤ་སྟག་མ་གཏོགས་ཡོང་དཀའ་།
5. འགྲོ་བ་མིའི་མཐར་ཐུག་གི་མངོན་འདོད་སྒྲུབ་པར་གནོད་སྲིད། ལམ་ལུགས་འདིས་སྤུས་དག་པའི་མངོན་འདོད་ཅིག་ལ་དམིགས་དཀའ། གང་ལགས་ཤེ་ན་མང་ཚོགས་ལ་སྤྱི་ཁྱབ་ཀྱིས་ཕན་དགོས་པས་སོ། འགྲོ་བ་མིའི་མཐར་ཐུག་གམ་རྩེ་ཕུད་ཀྱི་མངོན་འདོད་དེ་ཆོས་ཕྱོགས་ན་འཆད་བཞིན་པའི་དམིགས་ཡུལ་ལམ་མཐར་ཐུག་གི་བདེ་བ་འདི་ཡིན་དགོས། གང་ལགས་ཤེ་ན་འགྲོ་བ་མི་ནི་གཞན་ལས་རྣམ་དཔྱོད་མཆོག་ཡིན་པས་དེ་ལ་གཞན་ལས་མཐོ་བའི་མངོན་འདོད་ཅིག་གམ་དམིགས་ཚད་ཅིག་ཡོད་འོས། སྤྱིར་ན་ཁོ་བོ་ནི་ཆབ་སྲིད་ཀྱི་ནང་དུ་ཆོས་ལུགས་བསྲེས་ན་མི་འགྲིག་པར་བཤད་མཁན་ཞིག་ཡིན་མོད། ཆོས་པ་རྣམས་ཀྱིས་སྙེག་ས་དེ་མ་ནོར་བ་ཞིག་ལ་སྙེག་གི་ཡོད་པར་འདོད།
6. མི་ལ་རྣམ་དཔྱོད་ཀྱི་ནུས་པ་ཆུང་བ་འདི་ཡང་སློབ་གྲའི་སློབ་གསོའི་སྐྱོན་ཡིན་སྲིད། སྤྱིར་ན་དེ་སྐབས་ཤེས་ཡོན་སྤྲོད་པ་ནི་བསམ་གཞིགས་ཀྱི་གོམས་གཤིས་གོང་སྤེལ་བྱེད་པ་ལ་གོ་དགོས་པར་བཤད་པ་ཤུགས་ཆེ་རུ་འགྲོ་གི་ཡོད་མོད། སྤྱིའི་ཆ་ནས་ད་ལྟའི་སྤྱི་ཚོགས་འདིའི་མི་རྣམས་ཀྱིས་བསམ་གཞིགས་ཀྱི་དུས་ཚོད་དང་། བསམ་གཞིགས་ཀྱི་ཟབ་ཚད་ཧ་ཅང་ཆུང་བར་མཐོང་། བསམ་གཞིགས་མེད་པར་འཇུག་པའི་སྣང་ཚུལ་མང་པོ་ཡོད་པ་རེད། དཔེར་ན་ཉེ་སྲིད་སྐྱོང་འོས་བསྡུའི་སྐབས་སུ་སྣང་ཚུལ་དེ་ཡོད།
༤༽ སློབ་གྲའི་སློབ་གསོའི་ལེགས་ཆ།
སྤྱིར་ན་ད་ལྟའི་སྐབས་འདིར་འཛམ་གླིང་འདིར་ཤེས་ཡོན་གྱི་གནས་ཚད་གང་དུ་སླེབས་ཡོད་པ་འདི་ཐམས་ཅད་སློབ་གྲའི་སློབ་གསོའི་གྲུབ་འབྲས་རེད། ད་བར་གྱི་ཚན་རིག་གི་ཤེས་འདི་ལྟར་ཡར་རྒྱས་སོང་བ་འདི་འདིའི་བཀའ་དྲིན་རེད། མི་རིང་བར་མི་མགོ་བརྗེ་ཐུབ་སྲིད་པ་དང་། གཟུགས་ཕུང་ལས་གཞན་པའི་ཕུང་པོ་ལྔ་བོ་ཡང་འདྲ་བཤུས་ཀྱིས་ཉར་ཚགས་བྱེད་རྒྱུ་ཡོད་སྲིད་པའི་སྐད་ཆའི་བར་དུ་སླེབས་ཡོད། དེང་དུས་ཀྱི་སློབ་གྲ་མེད་པའི་སྐབས་སུ་དགོན་པའི་སློབ་གསོས་དེང་དུས་སློབ་གསོའི་ཚབ་བྱེད་རྒྱུ་ཡིན་པས་ད་སྐབས་ཀྱི་དགོན་པའི་སློབ་གསོའི་གནས་ཚད་འདི་ཡང་སློབ་གྲའི་སློབ་གསོའི་གྲུབ་འབྲས་སུ་འདྲེན་ཆོག།
1. གཞན་གྱི་བསམ་ཚུལ་ལས་ལེགས་སྤེལ་ཉེས་འགོག་ལེན་ཐུབ་པའི་དགེ་མཚན། སློབ་གྲའི་ནང་ཁམས་དང་མོས་པ་དང་། ནུས་པ་མི་འདྲ་བའི་སློབ་མ་སྣ་ཚོགས་འདུས་པའི་སྐབས་སུ་གཅིག་གིས་མ་ཤེས་པ་དང་། མ་དྲན་པ་ཞིག་གཞན་ཞིག་གིས་དྲན་ཡོང་བས་གཅིག་གིས་གཅིག་ལ་ཕན་ཐོགས་འབྱུང་གི་ཡོད།
2. མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གཅིག་ལས་གཉིས་དང་གཉིས་ལ་བཞི་འཕེལ་བ་འབྱུང་། རྒྱུད་རིམ་དེ་འདྲ་ཞིག་གི་དབང་གིས་འགྲོ་བའི་མིའི་ཤེས་རིག་གི་རྦ་རླབས་དེ་སྲིད་པའི་རྩེ་མོ་བར་དུ་འཕགས་འགྲོ་བ་ཡིན། ད་རབ་གྱི་ཚན་རིག་གི་འཕེལ་རྒྱས་འདི་ཡང་འདི་ལྟར་གཅིག་ལས་གཅིག་བརྒྱུད་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་གི་ཡོད་པ་ལས་གློག་ཀླད་ལྟ་བུ་གསར་གཏོད་བྱེད་མཁན་མི་གཅིག་ལ་བྱེད་རྒྱུ་མེད་པ་ལྟ་བུ་རེད།
3. ད་བར་གྱི་འཛམ་གླིང་གི་བསམ་བློའི་འཕེལ་ཕྱོགས་ཞི་བདེ་ལ་དགའ་བ་ཅན་འདི་འདིའི་བཀའ་དྲིན་ཡིན། ང་ཚོའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་དག་སློབ་གྲའི་སློབ་གསོ་འདིས་བཞག་པའི་འབྲས་བུ་ཡིན། ཁྲོ་གཏུམ་ཅན་ནས་ཞི་དུལ་ཅན་དུ་འགྱུར་བ། ཤེས་མེད་ནས་ཤེས་ལྡན་གྱི་སྤྱི་ཚོགས་སུ་འགྱུར་བ། རེས་བཅད་ལམ་ལུགས་ནས་སྤྱི་ཚོགས་ལམ་ལུགས་སུ་འགྱུར་བ། གྲོང་གསེབ་ཁེར་བཅད་ནས་གོ་ལ་གཅིག་གྱུར་ཅན་དུ་འགྱུར་བའི་ཁ་ཕྱོགས་འདི་སློབ་གྲའི་སློབ་གསོའི་བཞག་པའི་འབྲས་བུ་རེད། མདོར་ན་ད་ལྟའི་སྐབས་ཀྱི་རྒྱལ་ཁག་གི་དབུ་ཁྲིད་ཚང་མ་སློབ་གྲའི་སློབ་གསོ་འདི་བརྒྱུད་ནས་ཡོང་བ་ཤ་སྟག་ཡིན་སྟབས་དེ་དག་གིས་བྱས་རྗེས་གང་བཞག་པ་ཐམས་ཅད་སློབ་གྲའི་སློབ་གསོའི་ཕན་ཡོན་ལ་འབྲེལ་ཡོད་པར་བཤད་དགོས། དེ་བཞིན་དུ་ལྡོག་ཕྱོགས་ནས་ནུས་པ་དག་ཀྱང་སློབ་གྲའི་སློབ་གསོའི་ངན་ཕྱོགས་ཀྱི་འབྲས་བུར་ངོས་འཛིན་དགོས།
4. ཆབ་སྲིད་ཀྱི་གོ་རྟོགས་འཕེལ་བར་ཕན། ཆབ་སྲིད་ཀྱི་གོ་རྟོགས་ཞེས་པ་ནི་མི་རབས་རང་དང་དུས་མཉམ་པའི་མི་སྡེ་གཞན་གྱི་བསམ་བློའི་འཁྱེར་ཕྱོགས་ཞིབ་པར་ངོས་འཕྲོད་པ་ལ་གོ་དགོས་པར་བསམ། དེའི་ཕྱིར་མི་རྣམས་སློབ་གྲའི་སློབ་གསོ་བརྒྱུད་མྱོང་མ་མྱོང་དང་མྱོང་བའི་ཚད་ཆེ་ཆུང་གིས་མི་དེ་དང་དེ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་མེད་དང་མཐོ་དམན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན། ང་ཚོའི་བོད་ཤོར་བ་དེ་དེང་དུས་ཤེས་ཡོན་གྱིས་མ་འདང་ནས་ཤོར་བ་ཡིན་ཟེར་ཞིང་། དེའི་དོན་ནི་དུས་རབས་རང་ཐད་ཀྱི་འགྲོ་བ་མི་སྡེ་གཞན་གྱི་བསམ་བློའི་འཁྱེར་སྟངས་ལ་རྒྱུས་ལོན་མེད་པའི་དོན་ཡིན་དགོས། དེ་མིན་དངོས་ཁམས། རྫས་འགྱུར་། སྐྱེ་དངོས་རིག་ རྩིས་རིག་པ་སོགས་མ་ཤེས་པས་བོད་ཀྱི་བདག་དབང་ཤོར་བ་རེད་ཟེར་ན་འབྲེལ་བ་གང་ཡང་མི་མཐོང་། ཆབ་སྲིད་ཅེས་པའི་རིག་པའི་གནས་འདི་སློབ་གྲའི་སློབ་གསོའི་གནང་སྦྱིན་དེ་ཡིན་པར་བསམ།
སློབ་གྲའི་སློབ་གསོ་ཞེས་པ་འདི་འཇིག་རྟེན་འདིར་དར་མེད་ན་ད་ལྟའི་ཆར་འཇིག་རྟེན་འདིའི་ཤེས་ཚད་ཀྱང་འདི་འདྲ་ཞིག་མིན་ངེས་ལ། ཆབ་སྲིད་ཅེས་པའི་བྱ་བ་འདི་ཡང་མཐོང་རྒྱུ་མེད་པར་སྙམ། སློབ་གྲའི་སློབ་གསོ་འདི་དར་ནས་ཚོགས་སུ་འདུ་བའི་གལ་གནད་དེ་མཐོང་། དེ་ལ་བརྟེན་ནས་ཚོགས་སུ་འཚོ་བ་དེ་གལ་གནད་དུ་མཐོང་། དེ་ལ་བརྟེན་ནས་ངེད་ཅག་དང་ཁྱེད་ཅག་ཁོ་ཅག་ཅེས་ཚོགས་སུ་བཅད་པ་དེ་ཡང་བྱུང་བར་སྣང་། དེ་ལྟར་བྱུང་ནས་ཆབ་སྲིད་ཀྱི་འཐབ་རྩོད་རིམ་པ་སྣ་ཚོགས་པ་འདི་དག་བྱུང་བར་བསམ། མདོར་ན་མི་སྡེ་ཕན་ཚུན་གྱི་གཅིག་ཤོས་ཀྱི་སེམས་ཁམས་གཅིག་ཤོས་ཀྱིས་རྒྱུས་ལོན་ཐུབ་པ་འདི་སློབ་གྲའི་སློབ་གསོ་ནས་བྱུང་བར་སྙམ།
5. བུད་མེད་ཀྱི་ནུས་སྟོབས་གོང་སྤེལ། སློབ་གྲའི་སློབ་གསོའི་ལམ་ལུགས་འདི་དར་ནས་ཕན་ཐོགས་ཆེ་ཤོས་ནི་བུད་མེད་རྣམས་ལ་བྱུང་ཡོད། དེའི་ཡར་སྔོན་དུ་བུད་མེད་རྣམས་རིགས་དམན་པ། ནུས་པ་ཞན་པ། མཐའ་ན་མི་ཕྱེད་ལ་རྩིས་བ་ཡང་བྱུང་ཡོད། དེང་སྐབས་ཡུལ་གྲུ་ཕལ་ཆེ་བར་བུ་དང་བུ་མོ་འདྲ་མཉམ་གྱི་ཐོབ་ཐང་སྤྱོད་བཞིན་པ་རེད། དེའི་དབང་གིས་བུ་མོ་རྣམས་ཀྱི་རང་རང་ལ་རང་ཆས་སུ་ཡོད་པའི་འཇོན་ཐང་དེ་ཕྱིར་མངོན་པར་སྔར་གྱི་འགོག་རྐྱེན་དེ་དག་མེད་པར་འགྱུར་བཞིན་ཡོད། འདི་ལྟར་མུ་མཐུད་དུ་སོང་ན་མ་འོངས་བར་མོ་མཆོག་ཕོ་དམན་གྱི་དུས་སྐབས་ཀྱང་ཤར་མི་སྲིད་པ་རེད་མི་འདུག་སྙམ་པ་འབྱུང་། གཤམ་དུ་འདས་པའི་ལོ་ལྔའི་ནང་དུ་རྒྱ་གར་རྒྱལ་ཡོངས་དབུས་ཡིག་རྒྱུགས་ལས་ཁུངས་(CBSE)གིས་གཉེར་བའི་རྒྱལ་ཡོངས་སྤྱི་ཁྱབ་ཡིག་རྒྱུགས་ཀྱི་ནང་དུ་བུ་དང་བུ་མོའི་ཡིག་རྒྱུགས་གྲུབ་འབྲས་རྣམས་ལུང་དུ་དྲངས་ཡོད།
ལོ། བུ་མོའི་གྲུབ་འབྲས་བརྒྱ་ཆ། བུའི་གྲུབ་འབྲས་བརྒྱ་ཆ།
2010 90.68% 88.30%
2011 86.93% 77.83%
2012 87.56% 77.77%
2013 87.98% 77.78%
2014 88.52% 78.27%
2015 87.57% 77.77%
༥༽ སྐབས་འདིར་ཞོར་འཕྲོས་བསམ་ཚུལ་ཞིག
1. དེང་དུས་ཤེས་ཡོན་ལས་བུད་མེད་ཀྱི་ནུས་པ་མངོན་གསལ་དུ་སླེབས་པའི་རྣམ་པ། གོང་དུ་གཞིགས་དེང་དུས་སློབ་གྲས་བུད་མེད་རྣམས་ལ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད་པའི་སྣང་ཚུལ་ཡོད། ལར་ནས་ཕོ་མཆོག་མོ་དམན་གྱི་འདུ་ཤེས་འདི་རང་གིས་མོ་མཆོག་ཕོ་དམན་གྱི་བདེན་དོན་ཞིག་བསྟན་པར་སྲིད། ཁྱིམ་གྱི་ལས་ཀ་སོགས་ཆུང་ཙག་ལས་བུད་མེད་ཀྱིས་མི་འཇོན་ཟེར་བ་འདི་ལ། ཁྱིམ་ལས་འདི་ཆུང་ཙག་ཡིན་པར་ཐག་གཅོད་མཁན་ཡང་སྐྱེས་པ་རེད། གལ་སྲིད་ངོ་མ་ཆུང་ཙག་ཡིན་སྐྱེས་པ་རྣམས་ཀྱིས་མི་འཇོན་པའི་རྒྱུ་མཚན་གང་ཡིན།
རང་ཅག་སྲོག་ལྡན་གྱི་དངོས་པོ་ཡིན་པའི་ཆ་ནས་འཚོ་གནས་ལས་གལ་ཆེ་བའི་བྱ་བ་ཞིག་རྩ་བ་ནས་མི་སྲིད། ཐམས་ཅད་ཀྱི་འཚོ་གནས་འདིའི་ཆེད་དུ་འདུར་ཞིང་རྒྱུག་གིན་ཡོད། ཐམས་ཅད་བདེ་བའི་ཆེད་དུ་རྒྱུག་པ་ཡང་དོན་དུ་འཚོ་བའི་ཆེད་དུ་ཡིན། དེས་ན་ཆེས་གལ་ཆེ་བ་ནི་རང་ཉིད་འཚོ་ཐུབ་པར་བྱེད་རྒྱུ་དེ་ཡིན། འཛམ་གླིང་སྤྱི་དོན་ལས་རྒྱལ་ཁབ་སྤྱི་དོན་སྔོན་དུ་འཇོག་དགོས། རྒྱལ་ཁབ་སྤྱི་དོན་ལས་ས་ཁུལ་སྤྱི་དོན་སྔོན་དུ་འཇོག ས་ཁུལ་སྤྱི་དོན་ལས་གཉེན་ཚན་སྤྱི་དོན་སྔོན་དུ་འཇོག གཉེན་ཚན་སྤྱི་དོན་ལས་ཁྱིམ་ཚང་སྤྱི་དོན་སྔོན་དུ་འཇོག ཁྱིམ་ཚང་སྤྱི་དོན་ལས་རང་ཉིད་སྒེར་དོན་སྔོན་དུ་འཇོག་དགོས། དེས་ན་རྒྱུད་རིམ་འདི་བུད་མེད་ཀྱི་སེམས་ཁམས་ན་ཡོད་པའི་གོ་རིམ་དེ་རེད་སྙམ།
གོ་རིམ་འདི་བྱུང་ན་རིམ་ལུགས་ལྡོག་གི་རིམ་པ་དེ་འབྱུང་བས་མཐར་འཛམ་གླིང་སྤྱི་དོན་དེ་འབྱུང་བ་ཡིན། རང་ཉིད་འཚོ་གནས་བྱས་པའི་རྗེས་སུ་ཁྱིམ་ཚང་འཚོ་གནས་ཀྱི་བྱ་བ་འབྱུང་། དེའི་རྗེས་སུ་ཉེ་སྐོར་འཚོ་གནས་ཀྱི་བྱ་བ་འབྱུང་། དེའི་རྗེས་སུ་ས་ཁུལ་འཚོ་གནས་ཀྱི་བྱ་བ་འབྱུང་། དེའི་རྗེས་སུ་རྒྱལ་ཁབ་དང་དེའི་རྗེས་སུ་འཛམ་གླིང་འཚོ་གནས་ཀྱི་བྱ་བ་འབྱུང་ཐུབ། གལ་སྲིད་ལུང་ཚན་སྤྱི་དོན་གལ་ཆེ་ན་ཅིའི་ཕྱིར་རྒྱལ་ཁབ་སྤྱི་དོན་ལས་འཛམ་གླིང་སྤྱི་དོན་གལ་མི་ཆེ་ཞེས་པའི་དྲི་བ་ལ་ལན་འཚོལ་བའི་ཚེ་གོང་གི་གོ་རིམ་དེ་རྣམས་རིགས་ལམ་གྱིས་ར་འཕྲོད་པར་འགྱུར།
ཚན་རིག་གི་ཐོག་ནས་བལྟས་པའི་ཚེ་ཡང་སྐྱེས་པ་ལས་བུད་མེད་གལ་ཆེ་བ་ལྟ་བུ་རེད། སྐྱེས་པ་མེད་པར་བུད་མེད་འབྱུང་བ་མེད་ཀྱང་། ལན་གཅིག་ཡོད་པས་ཆོག་ཅིང་བུད་མེད་ནི་ཉུང་མཐར་ཡང་ཟླ་དགུ་ཞག་བཅུ་ལ་མེད་ཐབས་མེད། ལར་ནས་ཕོ་མཆོག་གི་འདུ་ཤེས་དེ་གཏུམ་པོའི་དུས་སྐབས་སུ་དར་བ་ཞིག་ཡིན་ཞིང་དེ་ནི་ཏག་ཏག་ཚེ་སྲོག་གི་ཟློག་ཕྱོགས་སུ་ཡོད། རྒྱུ་མཚན་ནི་ཚེ་སྲོག་ལ་རྒོལ་བ་ཚེ་སྲོག་པ་ཞིག་གི་ཆེས་ཐབས་རྡུགས་དེ་ལོས་ཡིན།
དེས་ན་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་མཆོག་དམན་འདུས་ཤེས་པ་ནི་ཏག་ཏག་གོ་ལྡོག་པ་ཡིན་པར་བསམ་ལོས་ཆོག ཡང་སྐྱེས་པ་རྣམས་ལ་རྒྱུ་མཚན་དཔྱོད་བྱེད་དེ་བུད་མེད་མཐོ་བ་ཞིག་ཡོད་ཚོད་རེད་ལ། བུད་མེད་རྣམས་ལ་ཚོར་བའི་ནུས་པ་སྐྱེས་པ་ལས་མཐོ་བ་རེད། ནང་རོལ་ནས་འཚོ་གནས་ཀྱི་འབྱུང་རྩ་གཙོ་བོ་ནི་ཚོར་སྣང་ཡིན་པ་ལས་རྒྱུ་མཚན་མིན། དེས་ན་འདི་ཡང་སྲོག་ལྡན་རིག་པའི་ཁྱབ་ཁོངས་ནས་བལྟས་པ་ཡིན་ན་སྐྱེས་པ་རྣམས་བཟང་བ་དང་བུད་མེད་རྣམས་དམན་པ་ཡིན་པ་གང་ཡང་སྒྲུབ་མི་ཐུབ།
སྤྱིར་ན་ཚོར་བའི་རྗེས་སུ་འབྲང་ནས་རང་ཉིད་ཀྱི་ཚེ་སྲོག་ཕུང་བ་མང་པོ་ཡོད་ཀྱང་རྒྱུ་མཚན་གྱི་རྗེས་སུ་འབྲང་ནས་རང་ཉིད་ཀྱི་ཚེ་སྲོག་སྡུག་ལ་སྦྱར་བ་དང་ཕུང་བའི་གྲངས་ཡང་དེ་ལས་མང་བ་མེད་རུང་དེ་དང་མཉམ་དུ་ཡོད། དེས་ན་རྒྱུད་མ་སྨིན་པའི་གཏུམ་སྤྱོད་ཀྱི་དུས་སྐབས་དང་ཁོར་ཡུག་ཅིག་གི་ནང་ཕོ་རྣམས་ཀྱིས་ཕོ་མཆོག་མོ་དམན་དུ་བཞག་པ་ནི་མོ་མཆོག་ཕོ་དམན་ཡིན་སྲིད་པའི་ཁ་དྲག་པ་ཡིན། དམའ་མཐར་ཡང་ཕོས་བཤད་པས་མོ་དམན་ཡིན་པར་གང་ཡང་སྒྲུབ་ཀྱི་མ་རེད་སྙམ།
1. བུད་མེད་ཀྱི་འཕེལ་ཕྱོགས་ནི་ཡར་རྒྱས་ཀྱི་འཕེལ་ཕྱོགས་ཡིན། སྲོལ་རྒྱུན་གྱི་སློབ་གསོའི་ནང་དུ་བུད་མེད་ནི་དྲན་རྒྱུ་མང་ཞིང་རྒྱུད་མི་བརྟན་པ་སོགས་ངན་དམད་སྣ་ཚོགས་བྱེད། འོན་ཀྱང་ད་ལྟ་བལྟ་སྐབས་བུད་མེད་ཀྱི་འཕེལ་ཕྱོགས་འདི་འགྲོ་བ་མི་སྤྱིའི་འཕེལ་ཕྱོགས་ཤིག་ཡིན་སྲིད་པར་མཐོང་། ཞིབ་ཚགས་མེད་པ་ནས་ཡོད་པ། འཛར་འཛོར་ནས་གྲ་དག ངན་ངོན་ནས་མཛེས་ཆོས། སོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འདི་ཐམས་ཅད་བུད་མེད་ཀྱི་གཤིས་ཀ་དང་འཚམས། ཁོ་ཚོའི་སེམས་ཁམས་དེ་འཕེལ་ཕྱོགས་འདི་དང་ཏག་ཏག་འགྲིག་ཡོད། འདས་པའི་ལོ་རྒྱུས་ནས་ད་ལྟའི་བར་དུ་བསམ་གཞིགས་བྱས་ན་འགྲོ་བ་མི་སྤྱིའི་འཕེལ་ཕྱོགས་དེ་འདི་འདྲ་ཞིག་ཏུ་མཐོང་ཐུབ།
2. སློབ་ཕྲུག་བུ་དང་འགྲན་མི་ཐུབ་ཐུབ་པ། ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཀྱི་དབང་གིས་བུད་མེད་རྣམས་ཀྱི་རང་ཐད་ཀྱི་ནུས་པ་ཧྲིལ་གྱིས་འཕེལ་བར་འགོག་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། ད་སྐབས་བུ་དང་བུ་མོ་རྣམས་ལ་ལྟ་སྟངས་ལ་ཁྱད་པར་གང་ཡང་མེད་པར་དཀྱུས་ས་གཅིག་གི་ནས་བང་ཁ་འགྲན་པའི་སྐབས་སུ་བུ་རྣམས་ཀྱིས་བུ་མོ་རྣམས་ལ་འགྲན་མི་ཐུབ་པའི་ཕྱོགས་མང་པོ་མཐོང་རྒྱུ་ཡོད། ཆུང་ས་ནས་ལས་ཀ་ཞིག་སྐུལ་བའི་ཚེ། དེ་ནས་སློབ་སྦྱོང་གི་སྐབས། སོགས་གནས་སྐབས་མང་པོར་བུ་ཡིས་བུ་མོ་ལ་མི་འགྲན་པའི་གནས་མང་པོ་ཡོད། ཆུང་ས་ནས་རི་མོ། གཙང་སྦྲ ཅ་ལག་བདག་ཉར། རང་མགོ་རང་འཐོན། གཅུང་ལ་བདག་སྐྱོང་། ཆེ་ས་ནས་འཛིན་གྲ་དང་། ཁང་ཚན། སློབ་གྲ་སྤྱིའི་ལས་སྒོ་ཁག་སོགས་ད་སྐབས་ཕྱོགས་མང་པོར་བུ་མོ་རྣམས་སྔོན་དུ་ཐོན་པའི་སྣང་ཚུལ་མང་།
3. བུད་མེད་དང་བུ་ལྷན་དུ་སྡུར་བའི་ཚེ་བུ་མོ་རྣམས་འཚར་མགྱོགས། ལར་ནས་བུ་མོ་རྣམས་བུ་ལས་འཚར་མགྱོགས་པ་ཡོད་པ་ཚན་རིག་གིས་ཀྱང་ཁ་གྲག་ཡོང་གི་ཡོད། གང་ལྟར་ལོ་༡༠་ཅན་གྱི་བུ་ཞིག་དང་བུ་མོ་ཞིག་གཉིས་ལ་བཤིབས་བལྟས་པ་ཡིན་ན་བུ་དེ་བསམ་བློ་གཏོང་ཕྱོགས‚ ལུས་པོའི་གྲུབ་ཚུལ‚ སོགས་ལོ་གཉིས་གསུམ་ཞིག་གིས་རྗེས་སུ་ལུས་ཡོད། ལོ་གཉིས་གསུམ་ཞིག་གིས་མཚར་མགྱོགས་པ་དེས་ལོ་གཉིས་གསུམ་ཞིག་གིས་རྒས་མགྱོགས་པར་བསྟན་པ་ལོས་ཡིན། འོན་ཀྱང་མིའི་ནུས་པ་ནི་དར་མའི་ཚེ་ན་འདོན་རྒྱུ་ཡིན་པ་ལས་རྒས་པའི་ཚེ་ན་འདོན་རྒྱུ་མིན། དེའི་ཕྱིར་ན་ཚོད་གཅིག་པ་ཅན་གྱི་སྐྱེས་པ་རྣམས་ཀྱིས་བྱས་རྗེས་མ་བཞག་སྔོན་དུ་བུད་མེད་རྣམས་ཀྱིས་བྱས་རྗེས་བཞག་ཡོང་ན་དེ་བུད་མེད་ཀྱི་ཡོན་ཏན་ཞིག་ལ་རྩི་རྒྱུ་ལོ་ཡིན།
4. ལས་འགུལ་ཞིག་སྐུལ་བའི་ཚེ་ན་བུ་མོ་རྣམས་ཀྱིས་དུས་ཐོག་ཏུ་བྱེད་པ། ངས་ལོ་༢༠་ཡི་ཉམས་མྱོང་གི་ཐོག་ནས་བལྟས་པ་ཡིན་ན་བུ་ཕྲུག་ལོ་ཚོད་༦་ནས་༡༦་བར་གྱི་བུ་མོ་དག་གི་ནི་དེ་དག་དང་ལོ་ཚོད་གཅིག་པ་ཅན་གྱི་བུ་དག་ལས་ལས་ལ་བརྩོན་ཞིང་ངག་ལ་ཉན་པ་ཡིན། སློབ་གྲའི་ལས་དོན་དང་འབྲེལ་བའི་བྱ་བ་གང་ཞིག་སྐུལ་རུང་བུ་མོ་རྣམས་ཀྱིས་ལས་དོན་དེ་སྒྲུབ་ཐུབ་པ་དང་བུ་རྣམས་ཀྱི་མི་ཐུབ་པ་ཡང་ཡང་འབྱུང་། ད་ལྟའི་ཆ་བུ་དང་བུ་མོ་སྡུར་བ་ཡིན་ན། བགྲོ་གླེང་། གྱེར་འདོན། འཁྲབ་སྟོན་སོགས་གང་ཞིག་གི་སྐབས་སུ་ཡིན་རུང་བུས་བུ་མོ་ལ་འགྲན་མི་ཐུབ་པའི་སྣང་ཚུལ་ཞིག་ཡོད། ད་ཆ་“ཁོ་བུ་རེད་བ། བུ་མོའི་ཁ་ཐད་ག་བ་གཅོག་ཐུབ་ཀྱི་རེད།”་ཅེས་པའི་བཤད་ལུགས་ཤིག་ཀྱང་གྲུབ་ཟིན་ཡོད། སྤྱིར་ན་ངག་ལ་ཉན་པ་འདི་བཟང་ངན་གྱི་རྟགས་གང་ཡིན་དཔྱད་དགོས་ན་ཡང་བུ་དང་བུ་མོ་དེ་རྣམས་མུ་མཐུད་ནས་ན་ཚོད་སྨིན་པའི་སྐབས་སུ་ཡང་གནས་སྟངས་དེ་ལ་འགྱུར་བ་འགྲོ་ངེས་པའི་རྟགས་མཚན་མི་འདུག
རེ་ཟུང་གིས་བུ་མོ་རྣམས་ལོ་ཆུང་དུས་དེ་འདྲ་ཡིན་ན་ཡང་ན་སྨིན་དུས་སྐྱེས་པ་དང་མི་འགྲན་གསུང་མཁན་ཡོད་ཀྱང་། ད་ལྟའི་སྐབས་སུ་བུ་དང་བུ་མོ་འདྲ་མཉམ་ལྟ་སྟངས་གཅིག་གི་འོག་ནས་འཚར་རྗེས་སུ་བཤད་ཚུལ་དེ་ཏག་ཏག་ཅིག་རེད་མི་བསམ། རྒྱུ་མཚན་ནི་དེ་དག་ལས་ཀར་ཞུགས་པའི་ཚེ་ན་ཡང་བུད་མེད་རྣམས་ཀྱིས་རང་རང་གི་མདུན་ལམ་གྱི་ཆེད་དུ་ཤེས་བྱ་གོང་འཕེལ་དུ་བཏང་ནས་གོ་ས་གོང་མར་འགྲོ་བཞིན་པ་དངོས་ཡོད་རེད། བུ་རྣམས་ཡིན་ན་ལོ་བཅུ་ཙམ་ཞིག་རྒྱལ་སྤྱིའི་བཟོ་ཚོང་ཁང་ཞིག་ཏུ་ལས་ཀ་རག་རྗེས་སུ་ད་དུང་གསོག་འཇོག་ཟེར་བ་གང་ཡང་སྟོན་རྒྱུ་མེད་ཅིང་བུད་མེད་རྣམས་ལོ་དེ་འདྲའི་ནང་དུ་གོ་ས་འཕར་བ། ཁང་པ་ཉོ་བ། ཤེས་ཚད་སྤར་བ་སོགས་སྔར་གྱི་ས་ན་བསྡད་མེད་པ་འདི་ས་ཕྱོགས་འདི་ན་དངོས་ཡོད་རེད་འདུག
5. སྒྱིད་ལུགས་ཀྱི་རྣམ་པ་སྐྱེས་པ་ལས་བུད་མེད་ཆུང་བཟོ་ཡོད་པ། ཁྱིམ་གྱི་བྱ་བ་བུད་མེད་ཀྱི་ལས་ཀ་ཡིན་པ་དང་དམན་པ་ཞིག་ལ་རྩི་བ་ངོ་མ་བཤད་ན་དེ་ལས་ལྡོག་པ་ཞིག་ལ་འགྲེལ་ཆོག བུ་རྣམས་ཀྱིས་ཁྱིམ་གྱི་བྱ་བ་ལས་མི་ཐུབ་པ་ནི་དེ་དག་སྒྱིད་ལུགས་ཆེ་བས་ཡིན། དེ་དག་ལ་རན་པའི་བྱ་བ་ནི་ཤུགས་ལས་བྱེད་རྒྱུ་ཞིག་ལས་གཞན་ཁྱིམ་ལས་གང་ཡང་མེད། བུད་མེད་ནི་ཁྱིམ་ཀ་བ་དང་སྲོག་ཤིང་ཡིན་ཀུན་ལ་གྲགས་པ་དོན་གནས། བུད་མེད་པའི་དུས་ནས་ཁྱིམ་གཞི་ལུག་འགྲོ་རྒྱུ་ཡིན་པའི་རྟགས་མཚན་ཧ་ཅང་ཆེ། དེ་ནི་ད་ལྟའི་སྐབས་སུ་མཐོ་སློབ་གྱི་སློབ་མ་བུ་དང་བུ་མོའི་ཉལ་ཁང་ནང་ལ་ལན་གཅིག་གཤིབ་སྡུར་བྱས་པ་ཙམ་གྱིས་ཀྱང་ཤེས་ནུས། དེས་ན་བུད་མེད་ལས་སྐྱེས་པ་སྒྱིད་ལུག་ཆེ་བར་སྡོམ་ཚིག་བརྒྱབ་ན་ཨེ་འགྲིག་དཔྱད་པར་འོས།
6. གནས་སྟངས་དང་བསྟུན་མཁས་པ། སྲོག་ལྡན་ཐམས་ཅད་བྱུང་བ་ནས་བཟུང་ད་བར་དུ་འཕེལ་འགྱུར་བྱས་ནས་བྱུང་བར་བཤད་ཅིང་། དེ་ཡང་བསྟུན་འགྱུར་བྱས་ནས་བྱུང་བ་ཡིན། འདས་པའི་དུས་སུ་ཕྱིར་འདང་ཞིག་བྱས་པའི་ཚེ་སུ་ཞིག་གིས་གནས་སྟངས་དང་བསྟུན་མ་ཤེས་ན་གནས་ཁྱོད་ཀྱི་གཤེད་མར་འགྱུར་བ་ཡིན་ལ་སུ་ཞིག་གིས་གནས་སྟངས་ལ་བསྟུན་འགྱུར་བ་གཏོང་ཐུབ་པ་ན་རང་ཉིད་ཚེ་ཐག་རིང་བ་ཡིན། ལོ་རྒྱུས་ཀྱི་ཐོག་ཏུ་དམག་འཁྲུག་ཐམས་ཅད་ཕོས་བྱས་པ་ཡིན་ཞིང་། དེའི་རྒྱུ་མཚན་མང་པོ་ཞིག་ལྟ་གྲུབ་གདོང་ཐུག་བྱས་ནས་བྱུང་ཡོད། ལྟ་བ་མགོ་མཁྲེགས་བྱེད་མཁན་ཕོའི་ནང་དུ་མང་བ་ཡོད། ཡང་འདི་ལ་ངོས་གདོང་གཞན་ཞིག་ནས་བལྟས་པ་ཡིན་ན་ད་བར་གྱི་རིག་གནས་དང་ལྟ་གྲུབ་དར་སྤེལ་དང་སྲུང་སྐྱོབ་བྱས་པའི་བྱ་བ་ཡང་ཀླད་རྙིང་མགོ་མཁྲེགས་ཞེས་འབོད་སྲིད་པའི་ཕོའི་སེམས་གཤིས་འདིའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན།
7. འབྱུང་འགྱུར་བུད་མེད་ཀྱི་རྒྱལ་ཁབ་ཏུ་འགྱུར་སྲིད་པ། མིའི་ཤེས་རིག་ལ་རིགས་མང་པོ་ཞིག་ཡོད་ཅིང་། རེ་འགའ་བུད་མེད་ཀྱི་གཤིས་ཀ་དང་འཚམས་པ། རེ་འགའ་སྐྱེས་པའི་གཤིས་ཀ་དང་འཚམས་པ་ཡོང་ཆོག གལ་སྲིད་བུད་མེད་ཀྱིས་བྱེད་མི་ཐུབ་པ་ཞིག་ཡིན་སྲིད་པའི་རིག་པའི་གཞུང་ལུགས་གཅིག་འཇོག་དགོས་ན་བལྟ་གྲུབ་རིག་པ་འདི་ཡིན་སྲིད། དེ་ནི་ད་བར་དུ་བུད་མེད་བལྟ་གྲུབ་སྨྲ་བ་པོ་མང་པོ་བྱུང་མེད་པ་ལ་བསམ་པ་ཡིན། སྤྱིར་ན་ཁོ་ཚོའི་བསམ་བློ་གོང་འཕེལ་འགྲོ་བའི་གོ་སྐབས་མ་བྱུང་ཡིན་སྲིད་ན་ཡང་རིག་གཞུང་འདིའི་ངོ་བོ་ལ་བལྟས་ན་འདི་བུད་མེད་ཀྱི་གཤིས་ཀ་ལས་སྐྱེས་པའི་གཤིས་ཀར་རན་པ་ཞིག་ཏུ་མཐོང་།
འོན་ཀྱང་ཆབ་སྲིད་རིག་པ་འདི་ནི་བུད་མེད་ཀྱི་གཤིས་དང་འཚམས་པ་ཞིག་ཏུ་མཐོང་། ཆབ་སྲིད་ཀྱི་བྱ་བ་ནི་མིག་སྔར་དུ་ཡོད་པའི་འགྲོ་བ་མི་བུའི་ལས་དོན་ཞིག་ཡིན་ཞིང་། དེ་ལ་འཐུས་ཤོར་མེད་པར་སྒྲུབ་དགོས་པ་དེ་ཡིན་ཞིང་། དེ་ནི་བུད་མེད་ཀྱི་གཤིས་ཀ་དང་མཐུན་པ་ཞིག་ཏུ་ཁོ་བོས་མཐོང་། གལ་སྲིད་དོན་ངོ་མར་དེ་ལྟར་ཡིན་ན་མ་འོངས་བར་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་གོ་གནས་ཐམས་ཅད་བུད་མེད་ཀྱིས་འཛིན་པའི་དུས་རབས་ཤིག་འབྱུང་སྲིད་པ་རེད། གལ་སྲིད་དེ་བྱུང་བ་ཡིན་ན་དེ་དུས་འཛམ་གླིང་འདིའི་ཆབ་སྲིད་ཀྱི་ཁ་ལོ་བུད་མེད་ཀྱིས་སྒྱུར་སོང་བ་རེད། གལ་སྲིད་འཛམ་གླིང་གི་ཆབ་སྲིད་ཀྱི་ཁ་ལོ་བུད་མེད་ཀྱིས་སྒྱུར་སོང་ན་དེ་ནི་བུད་མེད་ཀྱི་རྒྱལ་ཁབ་ཅེས་པ་དེ་ཡིན་ནོ།།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ཤེས་རིག་གླིང་དུ་ཕུལ།
བཀའ་དྲིན་ཆེ། སློབ་གསོའི་སྐོར་ནས་འདི་འདྲའི་རྩོམ་ཡིག་འཐུས་ཚང་མཐོང་དཀོན་པོ་རེད།
བཀའ་དྲིན་ཆེ། སྐུ་ཞབས་ཀླུ་སྨྱོན་རིན་པོ་ཆེ་མཆོག་གིས་གདེངས་འཇོག་གནང་བར་བཀའ་དྲིན་ཆེ་ཞུ། གོང་དུ་གྲངས་སྔོན་མ་དེ་ཀློག་མི་བདེ་བ་ཞིག་ཆགས་འདུག་པ་རྩོམ་སྒྲིག་པ་ལ་དཔར་བཟོས་ནས་སྤེལ་རོགས་ཞུས་ཡོད། དེ་ལྟར་ཡོང་བའི་རེ་བ་དང་བཅས།
ཀ༽ སྣེམས་པ། དང་། ཅ༽ འདིམས་པ། ཚིག་གསར་འདི་གཉིས་དགོས་ངེས་ཅན་མིན་ན། ཕན་ལས་གནོད་ཆེ།
ཡང་། དཔལ་ན་ལེནཌ་སློབ་གསོ་ཐོག་མ་ཡིན་པ་ལྟར་གསུངས་པ་ཡང་མི་ཐད།
སློབ་གསོ་ལས། ཆབ་སྲིད་བྱུང་བར་བཤད་འདུག དེའའི་སྟེང་དུ་བོད་ཀྱི་སློབ་གསོ་ཐོག་མ་བསམ་ཡས་བཞེངས་དུས་ནས་ཐོག་མར་བྱུང་བ་གསུངས་འདུག བསམ་ཡས་སྔོན་གྱི་བོད་ཀྱི་རྒྱལ་བློན་ཚང་མ་ཆབ་སྲིད་མི་ཤེས་པའི་བླུན་པོ་ཁྱུ་གཅིག་ཏུ་ངོས་བྱེད་ཐུབ་བམ། ལགས།
བུ་དང་བུ་མོ་གཉིས་ལུས་པོ་སྔོན་ལ་རྒྱས་པའི་རྒྱུ་མཚན་གྱིས། བུད་མེད་གྲུང་པར་པར་བཞག་ན། མི་ལས་རྟ་བོང་གྲུང་པར་གྱུར་ཏེ། རྟ་བོང་སྐྱེས་ཙམ་ནས་གོམ་པ་སྤོ་ཐུབ་པའི་ཕྱིར། འདི་དང་། ཨ་མཆོད་ལགས། སྐུ་སྐྱེ་རྗེས་མ་བུད་མེད་ཀྱི་ལུས་སུ་ལེན་འཆར་ཡོད་པ་འདྲ། ཧ་ཧ། ཀུ་རེ་དང་བཅས་བྲིས།
རྩོམ་ཡག་བྱུང་ཨ་མཆོད་ལགས།
ཀ་རྡོ་ལགས།
ཚིག་དང་པོ་དེ་མེད་ཀྱི་ཐབས་ཆགས་མིན་ཡང་། དེའི་རོགས་པ་ཐོས་པ། རྟོགས་པ། གོམས་པ སོགས་དང་ཤེད་མཚུངས་བ་ཞིག་ཡོང་ཆེད་དུ་བཀོལ་བ་ཡིན། འདིའི་ཁུངས་ནི་ཡུལ་སྐད་ཅིག་ཡིན།
གཉིས་པ་དེ་ནི་མེད་ཀྱི་ཐབས་ཆགས་རེད། དེའི་ནང་དོན་སྟོན་ཐུབ་པའི་ཚིག་གོང་མ་དག་དང་ཤེད་མཚུངས་པ་ཞིག་རྙེད་མ་སོང་།
དེའི་འཕྲོ་ན་ཐལ་འགྱུར་རེ་འགའ་འཕང་འདུག་པ་ནི་ལན་འབུལ་ཐུབ་པར་མཐོང་མ་སོང་བ་དགོངས་དག་ཞུ། འདི་འདྲ་ལ་ལན་འབུལ་བའི་འབད་བརྩོན་བྱས་ན་ཉོག་འགྲོ་བའི་རྒྱུ་ལས་མེད།
གྱུར། > གསར་སྙིང་། > སྤེན་པ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་།
སྤེན་པ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་།
བོད་ཀྱི་དུས་བབ། སྐར་མ ༤༤ སྔོན་ལ། རིག་པ། (༠)
བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་འདུག
tibettimes
ད་ལྟ་རང་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩(༡) འོག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ ནང་གསེས་ ༣ བཅས་ཀྱི་དགོངས་དོན་ལྟར་དཔལ་ལྡན་བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་དང་འབྲེལ་ཨ་རིའི་ལས་གཉེར་ཐོངས་མཆན་ཐོན་ཚེས་དང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ གང་སྔ་ནས་ལས་ཁུར་མགོ་འཛུགས་གནང་རྒྱུ་གནང་སོང་། ཞེས་གསལ་བསྒྲགས་གནང་སོང་།
གསར་འགོད་པས་ཁ་པར་བརྒྱུད་སྤྱི་འཐུས་ཚོགས་གཙོ་མཆོག་ལ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཁ་སང་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་སྟབས་བསྟུན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་མཆོག་ཐུན་མོང་ནས་ཐུགས་ཐག་བཅད་པ་ལྟར། ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་རྒྱུ་ཡིན་པའི་བཀའ་ཕེབས་ཡོད་སྐོར་གསུངས་བྱུང་།
བསྐྱར་བཅོས།: ༢༠༡༦/༠༥/༠༧ཀློག་གྲངས། (༢༥༠)
ཨ་མཆོད་ལགས་ཀྱི་གསུང་ལ། ལེགས་བཤད་མང་པོ་འདུག མུ་མཐུད་ནས་འབྲི་རོག་གནོངས་།
ཡ་མ་ཚེ་རིང་ལགས།
སྐབས་འདིར་སྲིད་དོན་གྱི་སྐོར་མ་སྤེལ་ན་བསམ་སོང་།
དྲ་གྲོགས་ཚང་མ་ཁ་སྟོང་ཤ་སྟག་རེད་འདུག་ (རྒྱ་གར་སྐད་དུ་མུག་རྦ་རྡུར)
དེ་ལས་སྐྱོ་གླུ་ཞིག་ལེན་དགའོ།
༅༅། ཡུལ་གྱར་འཚོ་བ་སྐྱིད་ཀྱང་སྡུག་ཀྱང་རུང།། ཡུལ་གྱི་གནམ་གཤིས་གྲང་ཡང་ཚ་ཡང་རུང།།
ཉིན་གྱི་ལས་ཀ་སླ་ཡང་དཀའ་ཡང་རུང། ༧སྐྱབས་མགོན་སྐུ་ཚེ་བརྟན་པས་སེམས་པ་དགའ།།
རང་ཡུལ་བྲལ་ནས་མི་ཡུལ་བསྡད་ཀྱང་རུང།། སྐད་ཟས་ཐམས་ཅད་མི་གཅིག་སྤྱད་ཀྱང་རུང།།
མི་རིགས་སྐད་ཡིག་མི་འདྲ་མང་ཡང་རུང།། ༧སྐྱབས་མགོན་སྐུ་ཚེ་བརྟན་པས་སེམས་པ་དགའ།།
སྐྱེ་བ་ཕྱི་མའང་ཁྱེད་ཀྱི་རྗེས་སུ་འཛིན།། གངས་ཅན་ཡུལ་དུ་ཅི་ནས་སྐྱེ་བར་སྨོན།།