འབྲོང་བུ་ཟླ་བ་ཚེ་རིང་གིས།
ད་ནི་ང་རང་མཐོ་སློབ་ལ་སླེབས་ཚར་བས་ང་རང་སློབ་ཆེན་སློབ་མའམ་སློབ་ཆེན་པ་ཞིག་ཏུ་གྱུར་ཚར་བ་རེད། ང་རང་ཉིད་ལ་མཚོན་ན་མིང་འདི་ནི་ཅི་འདྲའི་ལྗིད་ཁོག་ཆེ་ཞིང་ཅི་འདྲའི་བརྗིད་ཆེན་པོ་ཞིག་རེད་ཨང། སྦེང་ལོར་ནས་ལོ་ངོ་གཅིག་གི་དུས་ཡུན་ཇི་ལྟར་རྫོགས་པའང་མ་ཚོར་ལ། སྐད་ཅིག་མའི་དུས་ཡུན་འདི་ནི་བྱ་འཕུར་བ་ལྟར་རང་ཉིད་དང་རྒྱང་དུ་གྱེས་ཀྱིན་པ་ཚོར་བས། རང་ཉིད་དང་ལས་དབང་མཐུན་པའི་སློབ་ཆེན་པ་ཚོའི་ཉིན་རྒྱུན་གྱི་འཚོ་གནས་སམ་བྱ་བྱེད་གང་མང་ཞིག་ལ་ཕྱིར་བལྟ་ཞིག་བྱེད་པར་འདོད་ལ། ང་ཚོའི་འཐུས་ཤོར་གྱི་གནས་གང་མང་ཞིག་ལ་ཚ་འདྲི་རེ་ཡང་བྱེད་པར་འདོད། འདི་ནི་ངས་རང་སྐྱོན་རང་གིས་འདོན་དགོས་པར་འདོད་ཀྱིན་པས་ཡིན། ཁྱེད་ཚོས་གསུངས་དང། སློབ་ཆེན་པ་ཟེར་དུས་ཅི་འདྲ་ཞིག་དགོས་པ་རེད་དམ། ན་ཚོད་དར་ལ་བབས་ཞིང། གཞི་རིམ་དང་འབྲིང་རིམ་གྱི་ཤེས་བྱའི་གནས་ལ་བྱང་ཆུབ་པ་དང། སྣ་མང་ཤེས་བྱའི་གནས་ནས་རང་ཉིད་ཀྱི་འདོད་པ་དང་མཐུན་ལ་རང་ཉིད་ཀྱི་དམིགས་ཡུལ་མངོན་འགྱུར་བྱ་བར་ཕན་པའི་བསླབ་བྱ་ཞིག་སྦྱངས་བར་ཡོང་མཁན་ཞིག་ལ་གོ་དགོས་པ་རེད་དམ། ལོ་ཚོད་ཀྱིས་དེད་ཅིང་སྤྱི་ཚོགས་ཀྱིས་དེད་དེ་ཅི་བྱ་གཏོལ་མེད་ཀྱིས་མཐོ་སློབ་ལ་ཉི་མ་གང་འཁྱོལ་བྱེད་དུ་ཡོང་མཁན་ཞིག་ལ་གོ་དགོས་པ་རེད། རེད་ཡ། ཁྱེད་ཚོས་བསམ་པ་དེ་ནོར་ཡོད་པ་མ་རེད། ང་ཚོས་དུས་རྟག་ཏུ་ཡག་པོ་ཞིག་དང་མཛེས་པོ་ཞིག་ལ་རེ་ལྟོས་བྱེད་བཞིན་ཡོད་པས་སྔོན་མ་དེ་ཁྱེད་ཚོས་བདམས་ཀ་ཡིན་ངེས། དོན་དངོས་སུ་འདི་འདྲ་ཞིག་ཡིན་ན་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་རེད། འོན་ཀྱང། ཁྱེད་ཚོས་བསམ་པ་དེ་འདྲ་ཞིག་གཏན་ནས་མིན་ཏེ། མཐོ་སློབ་ཀྱི་སྒོ་ཆེན་འགྲིམས་བཞིན་པའི་སློབ་ཕྲུག་ཕལ་མོ་ཆེར་ངེས་གཏན་གྱི་དམིགས་ཡུལ་མེད་པ་མངོན་སུམ་རེད། སློབ་ཕྲུག་ཁ་ཤས་ཤིག་གྲོགས་ཕོ་མོའི་རྗེས་སུ་འབྲངས་ནས་ཡོང་མཁན་ཡོད་ལ། སློབ་ཕྲུག་ཁ་ཤས་ཤིང་ཕ་མའི་བཀོད་མངགས་ལྟར་མཐོ་སློབ་ཏུ་བསླབ་བྱ་ཡ་མཚར་ཅན་ཞིག་སྦྱངས་བར་ཡོང་བའང་ཡོད། ད་དུང། རབ་འབྱམས་པ་ཐོན་རྗེས་སུ་ཅི་བྱེད་འདི་བྱེད་ཀྱི་དམིགས་ཡུལ་ངེས་གཏན་མེད་པའི་སློབ་ཕྲུག་ཤིན་ཏུ་མང་པོ་རེད། ཉིན་རྒྱུན་གྱི་འཚོ་བའི་ཕྱོགས་ནས་བལྟས་ན སློབ་ཆེན་པ་ཚོ་ཕ་མའི་ཐེ་གཏོགས་ཀྱི་རྒྱ་ལས་ཐར་ཞིང་ཟང་ཟིང་འདུ་འཛི་ཆེ་བའི་གྲོང་ཁྱེར་ན་འཚོ་བཞིན་ཡོད་པས། ཅི་བཤད་རང་གི་ཁ་དང། ཅི་སྒྲུབ་རང་གི་ལག་རེད། རང་དབང་མིན་པའི་རང་དབང་ཞིག་ལ་ལོངས་སུ་སྤྱོད་བཞིན་པས་སློབ་ཆེན་པ་ཕལ་མོ་ཆེས་རང་ཚུགས་ཐུབ་ཀྱི་ཡོད་པ་མ་རེད།
འདི་ནས་ངས་དགོས་མཁོ་དང་བག་མེད་ལོངས་སྤྱོད་ཀྱི་སྐོར་ཅུང་ཙམ་ཞིག་བཤད་ན་འདོད། ཁྱེད་ལ་འབྲེལ་མཐུད་བྱེད་པའི་ལག་འཁྱེར་ཁ་པར་ཞིག་དགོས་པར་འདུག་ན་དེ་ནི་དགོས་མཁོ་ཡིན་པར་རྩིས་ཆོག འོན་ཀྱང་ཁྱེད་གློག་འཕྲིན་དང་ངོ་དེབ། བརྙན་འཕྲིན་དང་དྲ་རྒྱ་སོགས་ཡོད་པའི་ལག་ཐོག་ཁ་པར་ཞིག་མཁོ་བར་འདུག་ན་དེ་ནི་དགོས་མཁོ་ལས་བརྒལ་ཏེ་བག་མེད་ལོངས་སྤྱོད་དུ་བརྩིས་ན་ཆོག སྐབས་འདིར་སླེབས་དུས། སློབ་ཆེན་པ་ཕལ་ཆེ་བའི་དམིགས་ས་ནོར་ཚར་བ་རེད།
བ་གམ་ཐགས་སུ་བཀྲ་བའི་སློབ་ཁང་དང་དཔེ་མཛོད་ཁང་ནས་རང་ཉིད་ལ་མཁོ་བའི་རིག་གནས་མི་སྦྱངས་བར། ལག་འཁྱེར་ཁ་པར་གྱི་རྫིག་ལོད་དང། རིན་གོང་ཆེ་ཆུང། སྦག་སྦག་གི་མྱུར་ཚད་དང་དེའི་རིན་གོང། གྱོན་གོས་ཀྱི་མཛེས་ལོད་དང་དེའི་དཔེ་གསར་གྱི་རྣམ་པ། ད་དུང་ཅ་ལག་ཅི་དང་གང་ཞིག་ཡིན་ན་ཡང་དེའི་ཚད་ལྡན་གྱི་རྟགས་དང་དེའི་བཟོ་གྲྭའི་སྐད་གྲགས་ཆེ་ཆུང་སོགས་ལ་གླེང་སློང་བྱེད་པ་ནི་རྒྱུན་ལྡན་གྱི་མཐོང་ཚུལ་ཞིག་ལས་མ་འདས། ཕ་མ་དང་སྦྱིན་བདག་ལ་མགོ་སྐོར་བཏང་ནས་ཐོབ་པའི་དངུལ་དངོས་དེ་དག་བག་མེད་ལོངས་སྤྱོད་ལ་གཏོང་བཞིན་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། འདི་ལྟར་རང་ཉིད་མཁོ་མི་མཁོ་དང་བེད་སྤྱོད་ཡོད་མེད་གཉིས་ཀ་ཡོད་པའི་ཅ་ལག་མང་པོ་ཞིག་གི་བར་དོ་ནས་མགོ་འཁོར་བཞིན་ཡོད་པ་རེད། དངུལ་དངོས་རེག་པའི་དུས་ལ་མཚན་ཚོགས་ཁང་ནི་ཁོང་ཚོའི་ཡིད་ན་ཆེས་འགྲོ་འདོད་ཆེ་བའི་ས་གནས་དེ་ཡིན་ལ། ཆང་རག་ནི་ཅི་དགར་སྤྱོད་འདོད་པའི་བདུད་རྩི་བསིལ་མ་དེ་ཡིན། འདི་ནི་བོད་རིགས་སློབ་ཆེན་པ་འཁྲུག་པ་ཤོར་སའི་གནས་དང་སློབ་ཆེན་པས་འཁྲུག་པ་རརྒྱག་པའི་རྐྱེན་ཡང་ཡིན་པར་འདོད། ལ་ལས་ཅ་ལག་རྫིག་པོ་དང་དང་གྱོན་ཆས་རྫིག་པོ་གྱོན་ན་རང་ཉིད་རྫིག་པོ་ཡིན་པར་བསམ་བཞིན་ཡོད་མདོག་ཁ་བོ་རེད བསམ་སྟངས་འདི་རྦད་དེ་ནོར་བ་རེད། འདི་ནི་བག་མེད་ལོངས་སྤྱོད་ཀྱི་བྱ་སྤྱོད་ཅིག་རེད། ཕ་མ་དང་སྦྱིན་བདག་སོགས་ཀྱིས་དཀའ་ལས་སྣ་ཚོགས་རྒྱབ་ཏེ་གནང་བའི་དངུལ་དངོས་དེ་དག་སློབ་སྦྱོང་དང་འཚོ་གནས་ཀྱི་ཆེད་དུ་གཏོང་བཞིན་ཡོད་ན་དེ་ནི་དགོས་མཁོ་སྐོང་བའི་ཐབས་ཤེས་མཆོག་གྱུར་ཞིག་རེད།
འོན་ཀྱང་། འདི་འདྲ་གནང་མཁན་གྱི་སློབ་ཕྲུག་ཤིན་ཏུ་ཉུང་ཉུང་རེད། སློབ་ཆེན་པ་ཕལ་ཆེ་བར་བབ་ཆགས་པའི་ལྟོ་གོས་གནས་མལ་གསུམ་གྱིས་མི་འགྲིགས་པར་ཕྱུག་པོའི་བུ་ལ་འགྲན་ཐུབ་པའི་ཁྱད་ཆོས་ཤིག་ཚང་དགོས་པར་འདོད་པ་རེད། བསམ་བློའི་འཁྱེར་ཕྱོགས་འདིས་བོད་པའི་སློབ་ཆེན་པ་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་བཞིན་འདུག སློབ་ཆེན་པའི་དུས་སྐབས་འདི་ནི་རང་ཉིད་ཁྲོམ་སྟོན་བྱེད་པའི་དུས་ཚོད་ཅིག་མིན་པར། རང་ཉིད་ཀྱིས་སྦྱངས་བ་དག་ལ་བྱི་དོར་བྱས་ནས་རིག་པའི་གནས་དེ་རུ་ཐོགས་པ་མེད་པ་བཟོ་བའི་དུས་རེད། ཁོང་ཚོས་བཤད་ན་དཔེ་གསར་གྱི་རྗེས་སུ་འགྲོ་བ་ནི་དུས་རབས་ཀྱི་རྗེས་སྙེགས་བཞིན་པར་བརྗོད།
རེད་ཡ། ང་ཚོས་དཔེ་གསར་འདི་ཕྱིའི་དངོས་པོའི་དཔེ་གསར་དང་ནང་སེམས་ཀྱི་དཔེ་གསར་གཉིས་ལ་དབྱེ་ན། སློབ་ཆེན་སློབ་མ་ཚོ་ཕྱིའི་དངོས་པོའི་དཔེ་གསར་གྱི་རྗེས་སུ་འགྲོ་བཞིན་ཡོད་པ་ལས་ནང་སེམས་ཀྱི་དཔེ་གསར་གྱི་རྗེས་སུ་འགྲོ་བཞིན་མེད། ཐ་ན་རང་ཉིད་ཀྱིས་ཆེད་སྦྱངས་བྱ་བཞིན་པའི་བསླབ་བྱ་དེའི་ནང་དུ་དུས་རབས་དང་མཐུན་པའི་འགྱུར་བ་ཅི་ཞིག་འགྲོ་བཞིན་པ་དང་འགྱུར་བ་དེ་དག་རླབས་ཆེན་གྱི་མཁས་དབང་སུ་དང་སུ་ཡི་དགོངས་པ་ཡིན་མིན་ཧ་གོ་མཁན་ཁག་པོ་རེད།
དུས་རབས་ཀྱི་རྗེས་སུ་བསྐྱོད་བཞིན་ཡོད་ན། དུས་རབས་ཀྱི་ཡར་ཐོན་གྱི་རང་བཞིན་ལྡན་པའི་གནས་ལ་བལྟ་དགོས་པ་ལས་དུས་རབས་འདི་རུ་སྐྱོན་དུ་བལྟ་བཞིན་པའི་གནས་ལ་འཇུག་པར་བྱས་ན་ང་ཚོར་གྱོང་གུད་ལས་མེད། གནས་ཚུལ་གཞན་ཞིག་ནི་ལྷོད་སྡོད་རིང་ལུགས་ཀྱི་བསམ་བློ་རེད། སློབ་ཆེན་པ་ཕལ་ཆེ་བར་བསམ་བློ་འདི་ཤུགས་རྐྱེན་ཤིན་ཏུ་ཆེ། འཛིན་རིམ་བཅུ་གཉིས་དབར་དུ་བཙོན་ཁང་ལྟ་བུའི་སློབ་གྲྭ་ནས་སློབ་སྦྱོང་བྱས་ནས་ཡོང་བ་ཡིན་ཙང། སློབ་ཆེན་གྱི་དུས་ཚོད་འདི་ནི་སྐྱིད་པོ་གཏོང་བའི་དུས་ཚོད་རེད་བསམ་བཞིན་ཡོད། སློབ་ཕྲུག་ཕལ་མོ་དུས་ཚོད་ངང་གིས་སྐྱེལ་བར་དགའ་ཞིང། དོན་ཆེན་མིན་པའི་དོན་ཆུང་གང་མང་ཞིག་ཉིན་རྗེས་མཚན་མཐུད་ནས་བསྒྲུབ་ངེས་རེད གྲོང་ཁྱེར་འདི་ན་མཐོ་སློབ་ལ་མུ་མཐུད་དེ་འགྲོ་མ་ཐུབ་པའམ་མཐོ་སློབ་ལ་ཁུངས་འཁྱོལ་ཙམ་འགྲོ་བའི་སློབ་ཕྲུག་འགའ་ཤས་ཡོད་ལ།
ཟུར་ཟའི་ཚུལ་དུ་ཁོང་ཚོར་༼ལྷོད་སྡོད་རབ་འབྱམས་པ།༽ཞེས་འབོད། ཀུ་རེ་རྩེད་དུས་ཀྱང་ཁྱེད་རང་ལྷོད་སྡོད་རབ་འབྱམས་པ་ག་དུས་མཐར་ཕྱིན་གྱི་ཡོད་དམ་ཞེས་འདྲི་ངེས། འདི་ལྟ་བུའི་བོད་པའི་སློབ་ཕྲུག་བཙན་བྱོལ་སྤྱི་ཚོགས་ན་མང་པོ་ཡོད་པ་རེད། འདི་ནི་གཅིག་ནས་ཐོག་མར་བདམས་པའི་སློབ་ཚན་གྱིས་ཡིད་མ་ཚིམ་པ་དང།
གཉིས་ནས་ཕ་མའི་ལྟ་རྟོག་གི་བཀག་རྒྱ་ལས་ཐར་བས་རང་དབང་ཡོད་པར་བསམ་པས་རེད། ༼བོད་མིའི་སྐྱིད་སྡུག་མཉམ་མྱོང།༽ཞེས་པའི་གཏམ་བརྗོད་དེ་སྦེང་ལོར་དུ་འཁྲབ་སྟོན་ལ་ཡོང་དུས། ངའི་ངོ་ཤེས་པ་ཞིག་གིས་ས་གནས་འདིའི་སློབ་ཆེན་བུ་མོ་ཁ་ཤས་ཤིག་ལ་ཁྱེད་ཀྱི་ཆེད་ལས་ཅི་ཞིག་ཡིན་ཞེས་དྲིས་དུས། ཆེད་ལས་ལབ་ན་ཅི་ཞིག་རེད་ཅེས་ཚུར་དྲི་བ་དྲིས་བྱུང་ཟེར། འདི་ནི་ས་གནས་འདིའི་གནས་ཚུལ་རེད་ལ། སློབ་ཆེན་པ་མང་ཆེ་བའི་གནས་ཚུལ་ཡང་ཅི་ལ་མིན། རང་ཉིད་ཀྱི་ཆེད་སྦྱོང་སློབ་ཚན་ཅི་ཡིན་ཡང་ཤེས་ཀྱིན་ཡོད་པ་མ་རེད། གནས་སྟངས་འདི་ཅི་ལྟར་འགྲེལ་བཤད་རྒྱག་དགོས་པ་རེད་དམ། སློབ་ཕྲུག་ཕལ་མོ་ཆེས་མཐོ་སློབ་ཐོན་ཐུབ་ཙམ་བྱེད་ལ། མཐོ་སློབ་ཐོན་པ་ཙམ་གྱིས་ཐམས་ཅད་འགྲིགས་པར་འདོད། རེད་ཡ། བཙན་བྱོལ་སྤྱི་ཚོགས་ན་༼རྡ་རམ་ས་ལའི་གནམ་ལ་རྡོ་གཅིག་འཕངས་བས།
རིག་གནས་རབ་འབྱམས་པ་ཞིག་གི་མགོ་ལ་ཕོག་སོང། ༽
ཞེས་པའི་བཤད་སྲོལ་ཞིག་ཡོད་པ་རེད། འདིས་རབ་འབྱམས་པའི་གྲངས་ཀྱི་མང་ཉུང་ལས་བརྒལ་ཏེ་ཁོང་ཚོའི་སྤུས་ཚད་ཀྱང་བཤད་བཞིན་ཡོད་པ་རེད།
སྤུས་ཚད་ཡོད་ན་འདི་ནི་དགའ་སྤྲོའི་གནས་ཤིག་ཅི་ལ་མིན། མཐོ་སློབ་ལ་བསྐྱོད་བཞིན་པའི་སློབ་ཕྲུག་གི་ཁྲོད་ན་སློབ་སྦྱོང་མུ་མཐུད་དུ་བྱེད་མཁན་ཤིན་ཏུ་ཉུང་ཉུང་རེད།
ལྷག་པར་དུ་ང་ཚོ་ལ་མཁོ་བའི་རིགས་གཅིག་རྐང་འཛིན་པ་དང། སློབ་དཔོན་གྱི་སློབ་གཉེར་གནང་མཁན་ཤིན་ཏུ་ཉུང་ཉུང་རེད། འདི་དག་ནི་དམིགས་ཡུལ་མེད་པས་རེད་ལ། གདོང་ལེན་དང་སྡུག་རུས་བྱེད་པའི་ཆོད་སེམས་མེད་པས་ཀྱང་རེད། ཁྱེད་ཚོའི་གསུང་དང། སློབ་ཆེན་པར་སློབ་སྦྱོང་གི་ཆུ་ཚད་གང་འདྲ་ཞིག་དགོས་པ་རེད་དམ། སློབ་ཆེན་པའི་བསམ་བློའི་ཆུ་ཚད་གང་འདྲ་ཞིག་དགོས་པ་རེད་དམ། ཁྱེད་ཀྱིས་སློབ་ཆེན་པའི་མཚན་ཉིད་གང་འདྲ་འཇོག་གམ།
སློབ་ཆེན་གྱི་འཚོ་བར་རོལ་དུས་ཚད་ལྡན་མིན་ལ་ཚད་གཞི་ཅན་དུ་འགྱུར་དཀའ་བའི་གནས་སྟངས་གང་མང་ཞིག་མིག་གི་མཐོང་ལམ་དུ་གྱུར་བས་རང་ཉིད་ལ་ཚ་འདྲི་འདི་ལྟར་མི་བྱེད་ཐབས་མེད་རེད།
༢༠༡༠ ལོའི་ཕྱི་ཟླ་༤ པའི་ཚེས་ ༥ ཉིན།
སློབ་ཆེན་པར་ཚ་འདྲི་བྱེད་དགོས་ན། ཐོག་མར་ཁྱིམ་ཚང་དང་། དེ་ནས་གཞི་རིམ་སློབ་གྲྭ། དེ་རྗེས་སྤྱི་ཚོགས་བཅས་ལ་ཚ་འདྲི་བྱེད་དགོས་འདུག དེ་རྗེས་སློབ་ཆེན་པར་ཚ་འདྲི་བྱས་ན་འཚམ་ཤོས་མ་རེད་དམ།།
གཞོན་དུས་གཟབ་གཟབ་དགོས་ས་བཞི་ནི།
སློབ་ཆུང་འགྲོ་དུས་ཚག་གེ་ཚིག་གེ །
སློབ་འབྲིང་འགྲིམ་དུས་ཉབ་བེ་ཉོབ་བེ། །
སློབ་ཆེན་བསླེབས་དུས་ཕར་གཡེང་ཚུར་གཡེང་། །
ལས་འགོ་བཙུགས་དུས་ཐམ་མེ་འཐོམས་མེ། །
དེ་འདྲ་མི་ཡོང་རྒྱུན་བསྟེན་བརྩོན་འགྲུས། །
སྐུ་ཞབས་སྐྱབས་བཅོལ་ལགས། བསམ་ཚུལ་གསུངས་བར་ཐུགས་རྗེ་ཆེ། ཁྱེད་ཀྱིས་གསུངས་པ་དེ་འདྲ་ཡིན་པ་འདྲ། ཐམས་ཅད་གཅིག་ལ་གཅིག་རྟེན་གྱིས་གནས་ཡོད་པས། ཐོག་མའི་ཁྱིམ་ཚང་ནང་གི་སློབ་གསོ་དང་། དེ་ནས་སློབ་གྲྭ་ཆུང་འབྲིང་སྐབས་ཀྱི་མི་གཞི་བཟོ་བའི་སློབ་གསོའི་མ་ལག དེ་ནས་སྤྱི་ཚོགས་ཀྱི་འཐུས་ཤོར་རང་བཞིན་བཅས་ཀྱིས་ད་ལྟའི་སློབ་ཆེན་པ་འདི་འདྲ་ཞིག་བསྐྱེད་བསྲིངས་བྱས་དང་བྱེད་བཞིན་པ་ཁོ་ཐག་རེད། གང་ལྟར་ལྷོད་སྡོད་ལ་གོམས་ཤིང་འབྱུང་འགྱུར་ལ་བསམ་གཞིགས་དབེན་པའི་སློབ་ཆེན་པ་མང་པོ་མཐོང་དུས་སེམས་ནས་བཟོད་དཀའ་མོ་རེད་འདུག
སྐུ་ཞབས་ཀརྨ་རྡོ་རྗེ་ལགས། བཀྲ་ཤིས་བདེ་ལེགས།
གནད་ལ་འཁེལ་བའི་བསླབ་བྱ་འདི་སྙིང་དབུས་སུ་བཞག་ཡོད།
ང་ཚོས་རང་རང་ས་ནས་གངས་རིའི་གཞོན་སྐྱེས་དག་ཚད་ལྡན་ཞིག་ཏུ་འཚར་ལོངས་འབྱུང་བར་འབད་པ་བྱེད་དགོས་པས། གདོང་ལ་གདོང་གཏུགས་ཀྱིས་སྐྱོན་འདོན་རྒྱུ་ནི་དེང་གི་དུས་འདིར་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་ཞིག་ཏུ་གྱུར་འདུག
སྤྱིར་སློབ་སྦྱོང་གི་དུས་ཚོད་ཡག་ཤོས་དེ་སློབ་ཆེན་གྱི་དུས་སྐབས་ཡིན། སློབ་ཆུང་དང་སློབ་འབྲིང་གི་སྐབས་སུ་སྦྱོང་ཚན་ཙམ་པོ་སྲ་ཐག་ཐག་ཅིག་དགོས་པ་དང་སློབ་ཆེན་གྱི་སྐབས་སུ་རྒྱ་སྐྱེད་དགོས་པ་དེ་རེད། དངོས་གནས་བཤད་ན་འབྲོང་བུའི་སྐད་ཆའི་ནང་གི་རྡ་སའི་རབ་འབྱམས་པ་དེ་སྣང་བ་འགྲོ་སོང་། ད་དུང་དེང་གི་བཙན་བྱོལ་གྱི་སློབ་ཆེན་པ་ཁག་ཅིག་གིས་རང་གི་ཆེད་སྦྱོང་ངོས་ཟིན་གྱི་མེད་པར་བརྗོད་པ་དེ་ཡང་བདེན་པ་རེད། ངས་སྔོན་མ་ཞིག་ལ་སྐད་ཆ་འདི་འདྲ་ཞིག་བཤད་པ་ཡིན། བཙན་བྱོལ་གྱི་སློབ་ཆེན་པ་དག་གི་ཆུ་ཚད་ནི་བོད་ནང་གི་སློབ་འབྲིང་བ་ཞིག་གི་ཆུ་ཚད་ལས་དམའ་བ་འདུག་ཅེས་བཤད་པ་ཡིན། དེ་ཟེར་དོན་ནི་རྒྱུ་མཚན་ཚད་ཐུབ་ཅིག་གི་ངོས་ནས་ཡིན། དེ་འདྲ་རེད། ཡང་བཙན་བྱོལ་གྱི་སློབ་ཆེན་པའི་གྲས་ནའང་ཡག་པོ་རེ་གཉིས་ཡོད་དང་ཡོད། ཡིན་ནའང་སྤྱིའི་ཆ་ནས་ཐབས་སྐྱོ་བོ་རེད། བྷང་ལོར་གྱི་སློབ་ཆེན་པ་དག་དྲག་པའི་གྲས་རེད། ལྡི་ལི་བོད་ཀྱི་ཁང་བའི་ནང་གི་སློབ་ཆེན་པ་དག་དང་། ལྷག་པར་བུད་མེད་སློབ་ཆེན་པ་དག་གིས་མ་ཅིང་ཌི་ལར་བཤང་ཚུན་ཆད་བཙོང་གི་ཡོད་པའི་གཏམ་ཐོས་རྒྱུ་འདུག་པ་སོགས་རེད། དེའི་སྟབས་ཀྱིས་དེ་རིང་འབྲོང་བུས་ཚ་འདྲི་ལན་གཅིག་གནང་བར་དགའ་བསུ་ཡོད།
འབྲོད་བུས་གོང་དུ་བརྗོད་པའི་གཏམ་ལ་རང་ཉིད་མཐོ་སློབ་སློབ་མ་ཞིག་ཡིན་པའི་ཆ་ནས་ནོར་འཁྲུལ་དེ་ཚོ་མངོན་གསུམ་དུ་སྣང་ལ་རྒྱབ་སྐྱོར་ཡང་ཡོད་ འོན་ཀྱང་གོང་འཁོད་༼༼བོད་མིའི་སྐྱིད་སྡུག་མཉམ་མྱོང།༽ཞེས་པའི་གཏམ་བརྗོད་དེ་སྦེང་ལོར་དུ་འཁྲབ་སྟོན་ལ་ཡོང་དུས། ངའི་ངོ་ཤེས་པ་ཞིག་གིས་ས་གནས་འདིའི་སློབ་ཆེན་བུ་མོ་ཁ་ཤས་ཤིག་ལ་ཁྱེད་ཀྱི་ཆེད་ལས་ཅི་ཞིག་ཡིན་ཞེས་དྲིས་དུས། ཆེད་ལས་ལབ་ན་ཅི་ཞིག་རེད་ཅེས་ཚུར་དྲི་བ་དྲིས་བྱུང་ཟེར། འདི་ནི་ས་གནས་འདིའི་གནས་ཚུལ་རེད་ལ། སློབ་ཆེན་པ་མང་ཆེ་བའི་གནས་ཚུལ་ཡང་ཅི་ལ་མིན། རང་ཉིད་ཀྱི་ཆེད་སྦྱོང་སློབ་ཚན་ཅི་ཡིན་ཡང་ཤེས་ཀྱིན་ཡོད་པ་མ་རེད།༽་་་་ཞེས་པར་གུས་པས་ངོས་ལེན་ཞུ་ཁག་པོ་ཆགས་སོང་་་་་དེའི་ཐོག་གུས་པའི་སྣང་ཚུལ་ལ་རང་སྐད་ནང་དུ་ཐ་སྙད་དབུལ་བ་ལས་རང་གི་སྦྱོང་བཞིན་པའི་སློབ་མཚན་དེ་ངོ་མ་ཁྲོད་བ་མིན་པར་སྙམས༏༏
ཡག་པོ་ཞེ་དྲག་བྲིས་འདུག གོང་དུ་ཟླ་བ་ཚེ་རིང་འབོད་པ་འདི་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་ཞིག་ཡིན་པ་དང་། ད་ལྟ་བྷང་ལོར་ན་མཐོ་སློབ་འགྲིམས་བཞིན་ཡོད་པ་རེད། འདི་ལོའི་བོད་གཞུང་གི་སློབ་ཕྲུག་དྲག་གྲས་ཁོངས་སུ་ཨ་རིར་སློབ་སྦྱོང་གི་སློབ་ཡོན་ཐོབ་ཡོད་པ་རེད། བོད་ནི་བོད་ནས་ཚར་ཞིང་རྗེས་སུ་སུ་ཇཱ་བོད་ཁྱིམ་དུ་འཛུལ་ཞུགས་ཀྱིས་ལོ་འཛིན་རིམ་བཅུ་པ་ཐོན་པ་དང་། དེ་ནས་ངྷ་སྟེང་བོད་ཁྱིམ་གྱི་ཚན་རིག་ཁོངས་སུ་འཛུལ་ཞུགས་ཀྱིས་འཛིན་རིམ་བཅུ་གཉིས་ཐོན་ཡོད་པ་རེད། སློབ་གྲྭའི་གནས་སྐབས་སུ་འཛིན་རིམ་བརྒྱད་པར་བོད་ཁྱིམ་སྤྱི་ཡོངས་ནས་ཨང་རིམ་དང་པོ་དང་ཨང་རྩིས་ཐོག་སྐར་གྲངས་༩༩བླངས་ནས་བོད་ཁྱིམ་གྱི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད། དེབཞིན་འཛིན་གྲྭ་དང་ཉལ་ཁང་། ཁང་ཚན་དང་སློབ་གྲྭའི་འགན་བདག་སོགས་ཀྱི་འགན་འཁུར་ཡོད་ལ། འཛིན་རིམ་༡༢སྐབས་ཀྱང་བོད་ཁྱིམ་སྤྱི་ཁྱབ་འགན་བདག་སོགས་ལ་བསྡད་ཡོད་པ་མ་ཟད། སྐབས་སྐབས་དང་དུས་དུས་དུས་སུ་བྱ་དགའ་གང་མང་ཐོབ་ཡོད་པ་རེད་ལ། ཁོང་ནི་བོད་ཁྱིམ་དགེ་སློབ་ཡོངས་ཀྱིས་བསྟོད་བསྔགས་ཞུ་བཞིན་པའི་སློན་མ་ཡ་རབས་དང་ཤེས་ལྡན་པ་ཞིག་རེད་འདུག ཁོང་གི་འདས་པའི་བྱུང་རབས་ནང་སྒེར་ངོས་ནས་སློབ་མར་ཨས་རྩིས་ཟུར་ཁྲིད་སོགས་བྱས་ཏེ་ཕན་ཐོགས་ཆེན་པོ་བྱུངཡོད་་པ་རེད་ལ། ནམ་རྒྱུན་དུ་ཁོང་ནི་སློབ་གྲོགས་དང་མི་གཞན་སུ་ལའང་མཐུན་ལམ་ཡག་པོ་ཡོད་པ་ཞིག་རེད།་དེའི་སྟབས་ཀྱིས་ཁོང་གིས་བྲིས་པའི་དཔྱད་བརྗོད་འདི་ལ་རིན་ཐང་ངེས་ཅན་ཞིག་ཡོད་པར་ཐེ་ཚོམ་མེད་དོ། ཁོང་ནི་མ་འོངས་བོད་པའི་སོན་རྩ་ཞིག་ཆགས་ཐུབ་རྒྱུར་དགེ་སློབ་མང་པོ་ཞིག་གིས་རེ་བ་རྒྱག་བཞིན་ཡོད་འདུག ཐུགས་རྗེ་ཆེ། ཟླ་བ་ལགས་མུ་མཐུད་ནས་ཡིན་ད་
གཙོ་ཆེ་བ་ཁོར་ཡུག་གི་དབང་གིས་དེ་འདྲ་ཞིག་བཟོས་པ་ཡིན་དུས་དངོས་གནས་སློབ་ཕྲུག་རང་ཚུགས་བརྟན་པོ་ཅན་ཞིག་མིན་ན་འཕྲོ་བརླག་ལ་འགྲོ་རྒྱུའི་གོ་སྐབས་ནི་ཆར་བཞིན་བརྡོལ་ནས་ཡོང་གི་ཡོད་པ་རེད། གང་ལྟར་སློབ་ཆེན་པ་ཞིག་དང་ལྷག་པར་དུ་གྲོང་ཁྱེར་གྱི་སློབ་ཆེན་པ་ཞིག་ཡིན་ན་རང་ཚུགས་བརྟན་པོ་ཞིག་ཡོད་རྒྱུ་ནི་ཅི་ནས་ཀྱང་མཁོ་གལ་ཆེ་བར་མཐོང་། བར་སྣང་ལ་རླུང་གིས་འཁུར་ཆོག་ཆོག་གི་འགྱིག་ཤོག་ལྟ་བུའི་རིགས་དག་ནི་ནམ་ཡིན་ནའང་ཡག་པོ་ཞིག་ཧ་ལམ་འཁྱོངས་ཐབས་མེད་རེད། དེ་ནི་ངས་བལྟས་ན་སློབ་སྦྱོང་གཅིག་པོ་ཡོད་མེད་ཀྱི་ཁྱད་ཅིག་མ་རེད། གང་གིས་ཞེ་ན། སློབ་སྦྱོང་ལ་ཡག་པོ་ཡོད་མཁན་དེ་ཚོའི་ནང་ན་ཡང་འཁྲབ་ཏོ་ཆགས་ནས་བསྡད་ཡོད་པ་དེ་འདྲ་རྒྱགས་ཚད་ཡོད་རེད། དེ་བས་འདིའི་སྐོར་ལ་གཙོ་བོ་སློབ་ཕྲུག་རང་ངོས་ནས་རང་ཉིད་དང་རང་ཉིད་ཀྱི་ཡུལ་མི་གཉེན་ཉེ་ཀུན་ལ་བརྩི་འཇོག་དང་ཐུགས་འཁུར་གྱི་བསམ་བློ་སྤུས་དག་ཅིག་མེད་སོང་བས་ཀྱང་རེད། གང་ལྟར་གྲོགས་པོ། བོད་ཀྱི་སློབ་ཆེན་པ་ཚང་མ་ཁྱེད་ལྟ་བུ་རྐྱང་རྐྱང་ཡིན་རྒྱུ་ན་བོད་རང་བཙན་འཐོབ་རྒྱུར་དཀའ་ལས་ཆེན་པོ་ཡོད་ཀྱི་མ་རེད་བསམས་པའི་ཡིད་ཆེས་ཡོད།
གཅན་ཚ་དཔལ་ལྡན་གྱི་ངོ་སྤྲོད་ཡི་གེ་འདི་གནད་ལ་འཁེལ་བོ་བྱུང་འདུག་
བསམ་གྲུབ་ལགས།
གནད་དོན་དེར་རང་སྐད་ནང་དུ་ཐ་སྙད་དབུལ་བས་རེད་ལབ་ན་ཅི་ཞིག་ལ་གོ་དགོས་པ་རེད། བོད་སྐད་ནང་དུ་ཐ་སྙད་ཀྱིས་དབུལ་བས་རེད་ལབ་བཞིན་ཡོད་དམ། རྦད་དེ་ནོར་ཚར་བ་རེད། བོད་རིགས་ནང་ཁུལ་དུ་བོད་སྐད་ལ་བརྟེན་ནས་གོ་བརྡ་འཕྲོད་པར་འགྱུར་ཐུབ་ཀྱི་མེད་ན་སྐྱོན་དེ་སུ་ལ་འགེབས་དགོས་པ་རེད་དམ། ང་ཚོ་ནམ་ཡང་ཐར་ས་མེད། ང་ཚོ་སློབ་ཆེན་པ་ཚོ་ནང་ཡང་ཐར་ས་མེད། ད་རང་སྐྱོན་རང་གིས་ངོས་ལེན་བྱས་ན་ཡག་ས་རེད། ཁྱེད་ཀྱིས་བསམ་གཞིགས་ཤིག་བྱོས་དང་། ངས་བཤད་བཞིན་པའི་ལྟད་མོ་འདི་ལས་མང་བ་ཞིག་ཁྱེད་ཀྱིས་མཐོང་ཡོད་མདོག་ཁ་བོ་རེད། ང་ཚོ་སློབ་ཆེན་པ་ཚོའི་ཚད་གཞི་གང་འདྲ་ཞིག་འདུག་གམ།
རེད་ཡ། འདིའི་སྐབས་སུ་འཚོལ་སྙེགས་ལ་དུངས་ཤིང་རང་རིགས་ལ་ཞེན་པའི་སློབ་ཆེན་པ་ཚོར་ལབ་བཞིན་མེད་པས། དེའི་དོན་ལ་དགོངས་འཇགས་འཚལ། མང་པོ་ཞིག་མི་བཤད། ད་དུང་སློབ་ཆེན་པ་གང་མང་གིས་དྲ་རྩོམ་འདི་ཀློག་སྟེ་རྒྱབ་སྐྱོར་དང་དགག་རྒྱག་གི་བསམ་ཚུལ་གང་མང་འབྲི་བའི་རེ་བ་ཡོད།
གཅན་ཚ་དཔལ་ལྡན་ལགས།
ངོ་སྤྲོད་རྒྱས་པ་ཞིག་གནང་བར་ཐུགས་རྗེ་ཆེ། སྤྱིར་བཏང་ང་རང་ཉིད་ལ་རིན་ཐང་དེ་འདྲ་ཞིག་ཡོད་མེད་མི་ཤེས་མོད། འཇོན་ཚོད་ཀྱིས་མདུན་བསྐྱོད་བྱེད་བཞིན་ཡོད། ཁྱེད་ཀྱི་རེ་བ་ངས་སྟོང་ཟད་དུ་མི་གཏོང་ཁོ་ཐག་ཡིན།
མི་ཞུན་ལགས། ཁམས་བཟང། རེད་རེད། ཁྱེད་ཀྱིས་གསུངས་བ་ལྟར་རེད། སློབ་ཆེན་པ་ཕལ་ཆེ་བར་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་བསམ་བློ་སྤུས་དག་ཅིག་མེད་པས་རེད། བསམ་བློ་འདི་ཡོད་རྒྱུ་ན་ངས་ཀྱང་སྡུག་སྐད་འདི་འདྲ་ཞིག་རྒྱག་དགོས་རྒྱུ་མ་རེད། གང་ལྟར་དྲ་རྩོམ་འདིས་སློབ་ཆེན་པར་བསམ་བློ་འདི་རྙེད་པར་ཕན་རེ་ཐོགས་ཐུབ་པའི་རེ་བ་ཡོད།
དྲ་གྲོགས་རྣམས་ལ་ཐུགས་རྗེ་ཆེ།
བཀླགས་ཚར་བ་ཡིན། བསམ་ཚུལ་རྗེན་པ་ཞིག་བྲིས་འདུག