ཐོག་མའི་གླེང་གཞི། གངས་གཡུལ་རྒྱལ། ཁམས་བཟང་། གང་ན་ཡོད།
གངས་རྒྱལ་སྲས་མོ། ཁམས་བཟང་། ང་རང་སློབ་གྲྭར་ཡོད།
གངས་གཡུལ་རྒྱལ། ཁྱེད་ལ་འདྲི་རྒྱུ་འགའ་ཡོད་པས་དྲིས་ན་ཨེ་ཆོག བུད་མེད་སློབ་ཆེན་མ་ཞིག་གི་ངོས་ཐད་ནས།
གངས་རྒྱལ་སྲས་མོ། ལོས་ཆོག ཤེས་ཚོད་ཀྱི་བསམ་ཚུལ་དག་བཤད་ཡ།
གངས་གཡུལ་རྒྱལ། དྲི་བ་དྲིས་ལན་སྐོར་འདི་དག་འཕྲུལ་དེབ་དང་འཕྲིན་སྟེགས་བརྒྱུད་ནས་ག་ས་གང་ལ་ཁྱབ་འགྲོ་བ་དང་གླེང་སློང་ཡང་སྣ་ཚོགས་འབྱུང་སྲིད་པས། དེའི་ཐད་ནས་འགན་འདྲ་བོ་ང་རང་གཉིས་ཀྱིས་ཁུར་དགོས་པ་རེད། དེ་ཨེ་ཐུབ།
གངས་རྒྱལ་སྲས་མོ། འགན་ཁུར་ལོས་ཐུབ། གཙོ་བོ་རང་གི་བསམ་ཚུལ་དེས་མི་རེ་ཟུང་ལ་ཕན་ཐོགས་སོང་ན་ག་འདྲ་བྱས་ནའང་ཆོག བསམ་པ་རྣམ་དག་ཡིན།
གངས་གཡུལ་རྒྱལ། ཐོག་མར་ཁྱེད་རང་སློབ་གྲྭ་ཆེན་མོར་ཡོང་སྐབས་སེམས་ནང་རང་ཉིད་ལ་འཆར་གཞི་དང་སློབ་གྲྭར་གདེངས་འཇོག་ག་འདྲ་ཡོད། སློབ་གྲྭ་ཆེན་མོར་ཞུགས་ནས་དེ་ནང་བཞིན་འགྲུབ་ཨེ་སོང་། སློབ་གྲྭ་ཆེན་མོ་དེ་ཁྱོས་གདེངས་འཇོགས་བྱས་པ་ནང་བཞིན་ཨེ་རེད།
གངས་རྒྱལ་སྲས་མོ། མ་གཞི་སློབ་གྲྭ་ཆེན་མོ་ནི་སློབ་མ་སོ་སོའི་རེ་སྒུག་ཆེས་ཆེར་བྱེད་སའི་ཁོར་ཡུག་ཞིག་ཏེ། རྒན་སོ་སོས་བཤད་པ་ལྟར་ན་དེ་ན་རང་དབང་ཡོད་ལ་རང་གིས་སྦྱང་བར་འདོད་པའི་སྦྱང་ཚན་ཡང་འདྲ་མིན་སྣ་ཚོགས་ཡོད་ཟེར། ངའི་ཡང་འདི་ལྟར་རེ་བའི་འདུན་མ་རི་ལྟར་སྤུངས་ནས་སློབ་གྲྭ་ཆེན་མོ་ཞེས་པའི་སྒོ་ཐེམ་བརྒལ་མགོ་བརྩམས། དང་ཐོག་དངོས་གཞིར་རྒྱུགས་མ་འཕྲོད་པས་རྔ་བ་དགེ་ཐོན་སློབ་གྲྭ་ཆེན་མོ་རུ་ཆེད་སྦྱོང་འདོན་དུ་ཡོང་། སྤྱིར་ངའི་སྣང་ངོར་ཤར་བའི་སློབ་གྲྭ་ཆེན་མོ་ནི་རང་དབང་ལྡན་ལ་སྣ་མང་ཤེས་བྱ་ཡི་མཁའ་དབུགས་ནང་ཅི་དགར་ལོངས་སུ་སྦྱོད་ཆོག་པར་འདོད། འོན་ཀྱང་དེ་འདྲ་ཞིག་ཡང་ཁྱོན་ནས་མ་ཡིན་པར་དེ་རང་དབང་ལྡན་པའི་ཁོར་ཡུག་ན་སློབ་སྦྱོང་གི་མཁའ་དབུགས་དེ་འདྲ་ཡག་པོ་ཞིག་མི་འདུག་པས་སློབ་མ་སོ་སོའི་བསམ་བློ་ལ་ཡང་འགྱུར་བ་གང་ལ་གང་འཚམས་ཤིག་བྱུང་ཡོད་པ་འདྲ།
གངས་གཡུལ་རྒྱལ། སློབ་གྲྭ་ཆེན་མོའི་སྐབས་ལ་བསམ་བློ་དང་ཁོར་ཡུག་ཐད་ལ་དཀའ་ཁག་འདྲ་ཨེ་འདུག ཡོད་ན་དཀའ་ཁག་དེ་གང་རེད།
གངས་རྒྱལ་སྲས་མོ། ང་ཡོད་སའི་སློབ་གྲྭ་ཆེན་མོའི་ནང་བསམ་བློ་དང་ཁོར་ཡུག་གང་ཅིའི་ཐད་ནས་དཀའ་ཁག་ཅུང་ཡོད་དེ། ཁོར་ཡུག་གི་ཐད་ནས་སློབ་གྲྭ་འདི་ན་རྒྱ་ནག་གི་སློབ་མ་ཧ་ཅང་མང་བས་བོད་རིགས་སློབ་མ་མང་པོ་ཞིག་ལ་སྒེར་ཚུགས་ཀྱི་བསམ་བློ་ཞན་པའི་རྐྱེན་ཀྱིས་རྒྱ་རུ་འགྱུར་རྒྱུའི་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། དཔེར་ན་ར་མ་ལུག་གི་སྐད་ཆ་བཤད་པར་དོགས་ཟོན་སྤུ་ཙམ་ཡང་མི་བྱེད་པར་བསྲེས་སྐས་རྐྱང་རྐྱང་བཤད་པའི་མི་བུ་ཇེ་མང་ནས་ཇེ་མང་ཡིན་པར་མ་ཟད། མི་རིགས་རང་གི་རྒན་བཀུར་ཆུང་བྱམས་ལ་སོགས་པའི་སྲོལ་རྒྱུན་གྱི་ཀུན་སྦྱོད་ཡག་པོ་དག་དོར་ནས་ཅི་འདི་མེད་པའི་ངང་འཚོ་བཞིན་པའི་སློབ་གྲོགས་མ་མང་ན་མི་ཉུང་། བསམ་བློའི་ཐད་ནས་ཡང་དེ་དང་ནང་བཞིན་བཀག་རྒྱ་ཆེན་པོ་ཞིག་ཐེབས་དང་ཐེབས་བཞིན་ཡོད། དེ་ཡང་གཙོ་བོ་སློབ་གསོ་ལ་རག་ལས་ཡོད་འདུག་སྙམ།
གངས་གཡུལ་རྒྱལ། ཁྱེད་རང་བུད་མེད་སློབ་གྲྭ་ཆེན་མོ་ཞིག་གི་ངོས་ཐད་ནས་སློབ་གྲྭ་ཆེན་མོར་མཉམ་འཇོག་བྱེད་དགོས་རྒྱུ་གཙོ་བོ་དེ་གང་རེད།
གངས་རྒྱལ་སྲས་མོ། སློབ་གྲྭ་ཆེན་མོ་ཞིག་ལ་མཚོན་ན་ངེས་པར་དུ་འགན་འཁྲིས་འདུ་ཤེས་དང་། བསམ་གཞིག་གི་ཆ་གྱ་ནོམ་པ་ཞིག་དགོས་དེ་ལྷག་པར་དུ་སྐྱེས་མ་ཞིག་ལ་མཚོན་ན་སྒེར་ཚུགས་དང་རང་གཅེས་རང་སྲུང་། རྟོགས་སད་ཀྱི་ཆ་མང་པོ་ཞིག་ལ་ཉམས་འཇོག་བྱེད་རྒྱུ་གལ། དེ་ཡང་སློབ་གྲྭ་ཆེན་མོ་ན་རང་དབང་གི་དུས་ཚོད་མང་པོ་ཞིག་ཡོད་པས་སློབ་མ་མང་ཆེ་བའི་དུས་ཚོད་བེད་སྦྱོད་གཏོང་སྟངས་ཀྱི་ཆ་ལ་ནོར་འཁྲུལ་ཆེན་པོ་བྱུང་དང་འབྱུང་ཀྱིན་ཡོད་པ་ནི་ང་ཚོའི་་མིག་མཐོང་ལག་ཟིན་དུ་གྱུར་འདུག་པ་འདི་རེད། སློབ་གྲོགས་མང་པོ་ཞིག་ལ་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་ཕར་ཞོག རང་ཉིད་ཀྱིས་རང་ཉིད་ལའང་འགན་ཁུར་གྱིན་མེད་པར་ཉིན་རྒྱུན་དྲྭ་ཁང་དང་ཇ་ཁང་། ཆང་ཁང་འགྲིམ་ནས་དུས་ཚོད་ཆུད་ཟོས་སུ་གཏོང་གིན་འདུག དེའི་ཕྱོགས་ལ་ང་ཚོ་ཚང་མས་བསམ་གཞིག་ལེགས་པོ་ཞིག་གཏོང་རྒྱུ་གལ་ཤིན་ཏུ་ཆེ་བར་འདུག་སྙམ། མ་ཟད་སྐྱེས་མ་དག་གིས་རང་གི་ཕུགས་འདུན་དང་འབྱུང་འགྱུར་ལམ་བུའི་ཐད་ལ་མནོ་བསམ་ཞིབ་མོ་ཞིག་གཏོང་རྒྱུ་ལས་ནམ་རྒྱུན་ཡག་ལས་བྱེད་པ་དང་གཞན་གྱི་བྲན་གཡོག་ཏུ་ཚུད་པ་སོགས་མི་བྱེད་པའི་རེ་བ་ཧ་ཅང་ཆེ།
གངས་གཡུལ་རྒྱལ། སློབ་གྲྭ་ཆེན་མོའི་སློབ་དེབ་དག་བློ་ངོར་འཕྲོད་མི་འཕྲོད་ཨེ་འདུག མ་འཕྲོད་ན་དེ་ལ་བསྒྱུར་བཅོས་དང་ཐབས་ལམ། རང་ཉིད་ཀྱི་ངོས་ནས་བསམ་ཚུལ་ག་འདྲ་བཟུང་ཡོད།
གངས་རྒྱལ་སྲས་མོ། སྤྱིར་སློབ་གྲྭ་ཆེན་མོ་ནས་རང་ཉིད་ཀྱིས་ཆེད་སྦྱོང་གཙོར་བཟུང་ནས་སློབ་དགོས་པ་ཡིན་པས། སློབ་གྲོགས་སོ་སོས་དང་ཐོག་སློབ་གྲྭ་ཆེན་མོ་འདེམས་བཞིན་པའི་སྐབས་སུ་ཡང་རང་ཉིད་ཀྱི་སྤྲོ་བ་འཕེལ་ས་དེ་བདམས་ཡོད་པར་འདོད། དེ་བས་ངའི་རང་གི་བསླབ་ཚན་སྐོར་བཤད་པ་ལས་གཞན་དག་ང་ལ་མི་གསལ་ལགས། ང་ཡང་དེ་ལས་མ་འདས། དེ་རང་ཉིད་ཀྱི་དགའ་ཁ་འཁྱེར་སོ་ལས་དང་ཐོག་དགེ་རྒན་ཆེད་སྦྱོང་བདམས་པ་ཡིན། ཡིན་ཡང་ངའི་སློབ་བཞིན་པའི་བསླབ་ཚན་དག་རང་གི་བློ་ངོར་འཕྲོད་དང་མི་འཕྲོད་ཅི་རིགས་ཡོད་དེ་ང་ཚོ་གཙོ་བོ་བོད་ཡིག་ཆེད་སྦྱོང་ཡིན་པས་བོད་ཡིག་གཙོར་བོར་འཛིན་དགོས་པ་ནི་སྨྲོས་མ་དགོས་མོད། འོན་ཀྱང་ང་ཚོས་སློབ་བཞིན་པའི་དཔེ་ཆ་མང་ཆེ་བ་རྒྱ་ཡིག་སྟེང་ཁྲིད་་བཞིན་ཡོད། དཔེར་ན་སེམས་ཁམས་རིག་པ(心理学)དང་། བྱིས་པའི་སྒྲུང་ཡིག(儿童文学)སོགས་རྒྱ་ཡིག་གི་ཐོག་ནས་ཁྲིད་བཞིན་ཡོད་པས། ང་ཚོ་མ་འོངས་བར་ཕྱིར་ཕ་ཡུལ་ལ་ལོག་སྟེ་ཕ་སྐད་བེད་སྦྱོད་བྱས་ནས་སློབ་ཁྲིད་བྱེད་མཁན་ཞིག་ལ་མཚོན་ན་དེ་དག་ཡང་བོད་རང་གི་སྐད་དང་ཡི་གེའི་ཐོག་ནས་ཁྲིད་ན་ཕན་ཐོགས་རྒྱ་ཆེན་པོ་ཡོད་པར་འདོད་ཡོད། ཡིན་ཡང་དེ་ཡང་གཙོ་བོ་རང་མི་རིགས་ལ་དེའི་ཕྱོགས་ཀྱི་སློབ་དེབ་ཚད་ལྡན་ཞིག་ཡོད་མིན་ཐད་ལ་ཡང་དངོས་གནས་བསམ་གཞིག་གཏོང་རྒྱུ་ཡོད་པས་ང་ཚོས་འབད་པ་ལྷུར་ལེན་བྱེད་དགོས་པར་མ་ཟད། འུ་ཅག་ཚང་མའི་སང་ཉིན་འཆི་རྒྱུ་ཅི་བཞིན་འཚོ་བ་རོལ་དགོས་ལ་གཏན་དུ་གནས་བ་ཅི་བཞིན་སློབ་ལ་འབད་དགོས་ལགས།
གངས་གཡུལ་རྒྱལ། དེང་སང་མང་ཆེ་བས་བུད་མེད་ཚོ་སློབ་གྲྭ་ཆེན་མོར་ཐོན་པ་ནས་ལད་པོ་ཆགས་འགྲོ་ཟེར་བཞིན་འདུག དེ་བདེན་པ་ཨེ་རེད། བདེན་པ་ཡིན་ན་དེའི་རྒྱུ་རྐྱེན་གཙོ་བོ་གང་རེད།
གངས་རྒྱལ་སྲས་མོ། བུད་མེད་ཚོ་ཞེས་ཡོད་ཚད་ཁག་ཐེག་བྱས་ན་འགྲིག་འདུག་མིན་མི་ཤེས་མོད། མང་ཆེ་བ་དངོས་གནས་དེ་འདྲ་ཞིག་དུ་ཆགས་གིན་འདུག དེ་ཡང་བུད་མེད་མང་ཆེ་བ་ཞིག་རང་དབང་ལྡན་པའི་སློབ་ཆེན་གྱི་ཁོར་ཡིག་ནས་ལུས་སེམས་གཉིས་ཀ་རྒྱ་ཡན་དུ་བཏང་སྟེ་ངེས་གཏན་གྱི་ཁ་ཕྱོགས་རྙེད་གྱིན་མེད་ལ་དམིགས་འདུན་མེད་སའང་གང་མང་མང་ཞིག་འདུག དེ་བས་ང་ལ་བཤད་འདོད་པ་ཞིག་ཡོད་པ་ནི་མོས་མཐུན་གྱི་གྲོགས་མོ་ཚོ་ལུས་ཚོར་གྱི་བསླུ་བྲིད་ལ་མི་ཆགས་ཤིང་དབང་ལྔའི་འདོད་པ་ཙམ་ལ་མི་འཁོར་བར་སློབ་ལ་འབད་པ་བྱེད་རྒྱུའི་རེ་བ་ནི་རི་ལྟར་ཆེ་ལ་ཡིད་ཆེས་ཡང་ཆེན་པོ་ཡོད། སྤྱིར་སྐྱེས་མ་མ་ཟད་སྐྱེས་པ་མང་ཆེ་ཡང་དེ་དང་ནང་བཞིན་ལད་པོ་ཆགས་དང་ཆགས་བཞིན་འདུག
དེ་ཡང་གཙོ་བོ་སྒེར་ཚུགས་ཞེས་པའི་ཐ་སྙད་འདི་གཉིས་ལས་མ་འདས་དེ་གྲོག་ཚང་བརྡོལ་བ་ལྟ་བའི་མི་ཚོགས་ཀྱི་འཚང་ཁ་རྒོད་ལ་ཡོད་ཚད་འགྲན་རྩོད་ཁྲོད་རྒྱུ་ནོར་དང་ཧམ་སེམས་ཀྱི་ཆེད་དུ་འདུར་རྒྱུག་བྱེད་བཞིན་པའི་སྤྱི་ཚོགས་འདི་འདྲའི་ཁྲོད་དུ་མང་ཆེ་བ་ཞིག་གིས་རང་གིས་ཁ་ཕྱོགས་རྙེད་གྱིན་མི་འདུག་ལ་ངེས་གཏན་གྱི་དམིགས་འདུན་མེད་པའི་ཉི་མ་འགྲོ་ཐབས་བྱས་ནས་འདུག་བཞིན་པ་འདི་ནི་ཅི་འདྲའི་བྲེལ་དགོས་བའི་གནས་ཚུལ་ཞིག་མ་ཡིན་ནམ། དེ་བས་རང་ཅག་སྐྱེས་མ་རྣམས་ལ་མི་རིགས་འདི་རྒྱུད་འཛིན་དར་སྤེལ་ཡང་དག་གཏོང་བའི་བླ་མེད་ཀྱི་ཕུགས་འདུན་དགོས་ལ་དེའི་ཕྱོགས་ལ་འབད་པ་བྱེད་པའི་ཆོད་སེམས་བརྟན་པོ་ཞིག་དགོས། མ་ཟད་རང་གི་དམིགས་འདུན་ཐད་ལ་མདུན་བསྐྱོད་བྱེད་པའི་སྙིང་སྟོབས་དང་སྒེར་ཚུགས་དེ་བས་ཀྱང་བརྟན་དགོས་ལགས།
གངས་གཡུལ་རྒྱལ། ཁྱེད་རང་གིས་བསམ་ན་སློབ་གྲྭ་ཆེན་མོའི་སྐབས་ཀྱི་ཁྲིད་གཞིའི་སློབ་དེབ་དག་ལས། མ་འོངས་བ་ན་བོད་སྤྱི་ཚོགས་ལ་ཕན་ཐོགས་ཆེས་ཆེ་བའི་སློབ་དེབ་དེ་གང་རེད།
གངས་རྒྱལ་སྲས་མོ། སྤྱིར་རང་ཅག་བོད་མི་རིགས་ལ་མཚོན་ན་གཞན་ལས་ལྷག་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡོད་པ་ནི་སྨྲོས་མ་དགོས་ལ་རིག་གནས་དེ་ལས་བྱུང་བའི་རང་ཅག་རྒྱུད་ཀྱི་བྱམས་དང་སྙིང་རྗེ་ནི་དེ་བས་ཀྱང་ངོ་།། དེ་བས་ངའི་བསམ་པར་དེང་སང་དབྱིན་ཇི་ལ་སོགས་པའི་ཕྱིའི་རྒྱལ་ཁབ་གང་མང་ཞིག་ན་སློབ་ཆུང་སློབ་མའི་ཁྲིད་ཚན་ནང་དུའང་ནང་་ཆོས་རྒྱུན་ཤེས་སྐོར་དེ་ཁོ་ཚོས་ངེས་པར་དུ་སྦྱང་དགོས་བའི་ཁྲིད་གཞི་ཞིག་དུ་གྱུར་འདུག་ཡོད་ཅེས་གོ་ཐོས་ཡོད། དེ་ཡིན་ན་རང་ཅག་བོད་མི་རིགས་ལ་དེ་ལས་ལྷག་པའི་ཁྲིད་བྱ་དེ་དག་མཁོ་འདུག་ལ་མ་ཤེས་ཐབས་མེད་ཀྱི་གནས་སུ་གྱུར་ཡོད་སྟབས་ང་ཚོས་དེའི་ཕྱོགས་སུ་འབད་པ་བྱེད་རྒྱུ་གལ། དེ་ཡང་འུ་ཅག་གནས་སའི་སློབ་གྲྭའི་ཁོར་ཡུག་ཀྱི་མཐུན་རྐྱེན་འཛོམས་མི་འཛོམས་ཅི་རིགས་ཡོད་སྲིད་པས། ང་ཚོས་བསམ་གཞིག་ཡང་དག་ཅིག་གཏོང་རྒྱུ་དགོས་གལ་ཤིན་ཏུ་ཆེ།
དེ་ཡང་དགེ་རྒན་བྱེད་མཁན་ཞིག་ཡིན་ན་ཐོག་མར་རིག་གནས་ཆུ་ཚད་རན་པ་ཞིག་དགོས་པ་སྨྲོས་མ་དགོས་མོད། གཙོ་བོ་ཁྱེད་ཀྱི་ཆུ་ཚད་མཐོ་དམའ་མ་ཡིན་པར་ཉིད་ཀྱི་ལྷག་བསམ་ལ་རག་ལས། རང་གི་མདུན་དུ་བབ་པའི་ལས་ཀ་དེ་དག་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་དགའ་བཞིན་སྤྲོ་བཞིན་དུ་བྱེད་པ་དང་།འགན་འཁུར་བླངས་ནས་ཧུར་ཐག་བྱ་རྒྱུ་གནད་འགག་ཆེན་པོ་ཡིན། དེ་གཙོ་བོ་ནང་ཆོས་ལ་སྦྱང་བ་བྱས་ན་བདག་འཛིན་མེད་པའི་ཀུན་སློང་རྣམ་དག་སྐྱེ་ངེས། མ་ཟད་རིག་གནས་ཀུན་ལ་སྦྱང་བ་བྱས་ན་བྱ་གཤོག་པ་གཉིས་ཅན་གྱི་རྒོད་པོའི་གནམ་འཕང་གཏོད་ཐུབ་པ་བཞིན་ཀུན་མཁྱེན་ཐུབ་ན་འཛམ་གླིང་གི་འཕེལ་རྒྱས་མཐོང་ཐུབ། དེ་བས་མི་རིགས་གང་དང་གང་ཞིག་ཡིན་རུང་རང་སྐད་རང་ཡིག་་ལེགས་པར་སྦྱང་བའི་རྨང་གཞིའི་ཐོག་གཞན་མི་རིགས་ཀྱི་སྐད་དང་ཡི་གེ་ཤེས་ན་མཆོག་ཏུ་འགྱུར། དེ་བས་ང་ཚོའི་ཁྲིད་བྱའི་ནང་གི་ཡིག་སྒྱུར་སློབ་དེབ་ང་ཚོ་བོད་མི་རིགས་ཀྱི་མ་འོངས་སྤྱི་ཚོགས་ནང་ཕན་འབྲས་ཆེན་པོ་ཐོག་ཐུབ་པར་སྙམ། གང་ཡིན་ཞེ་ན་ཡང་གོང་གི་དཔེ་ལས་ལྷག་པའི་ལན་གསལ་ཁ་ཅན་ཞིག་མེད་དེ་བྱ་གཤོག་པ་གཉིས་ཅན་གྱི་རྒོད་པོའི་གནམ་འཕང་གཏོད་ཐུབ་ལགས།
གངས་གཡུལ་རྒྱལ། རྒྱུན་དུ་དབྱར་དགུན་གནང་གི་སྐབས་སུ་ཁྱེད་ལ་དམིགས་བསལ་འཆར་གཞི་དང་ནང་ཆོས་སོགས་གཟབ་སྦྱོང་ལ་ཞུགས་ཀྱིན་ཨེ་ཡོད། ངེས་པར་ཏུ་དེ་འདྲའི་གཟབ་སྦྱོང་ལ་ཞུགས་དགོས་སམ་མི་དགོས།
གངས་རྒྱལ་སྲས་མོ། དབྱར་དགུན་གནང་གི་སྐབས་སུ་ང་ལ་དམིགས་བསལ་གྱི་འཆར་གཞི་ཞེས་ངེས་གཏན་གྱི་འཆར་གཞི་མེད་མོད། དབྱར་གནང་སྐབས་སུ་་ཕྱིར་ཕ་ཡུལ་ལ་ལོག་ནས་ལས་ཀ་སོགས་ལ་ཞུགས་སྟེ་རང་གི་སློབ་རིན་བཙལ་བའམ་ཕ་མ་གཉིས་ལ་ལག་རོགས་བྱས་ཏེ་ཁྱིམ་ལས་ཙག་ཙིག་བྱས་པ་ཡིན། དགུན་གནང་སྐབས་དུས་རྒྱུན་དགོན་པའི་ནང་ལ་སོང་ཏེ་དགེ་རྒན་བཙལ་ནས་སུམ་རྟགས་དག་གསུམ་དང་ཚད་མ་རིག་པ་སོགས་ལ་སྦྱང་བ་ཉུང་ཙམ་རེ་བྱེད་ཁུལ་བྱས་བ་ཡིན། ཆེད་དུ་ནང་ཆོས་ལ་སློབ་སྦྱོང་བྱས་མེད་མོད། དེ་འདྲའི་གསབ་སྦྱང་ལ་ཞུགས་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ། སྤྱིར་ནང་ཆོས་ཁས་ལེན་མཁན་ཞིག་ཡིན་ཕྱིན་རྨོངས་དད་མ་ཡིན་པར་རང་གིས་ནང་ཆོས་ལ་དད་པ་བྱེད་དགོས་བའི་ངེས་ཤེས་དང་རྒྱུ་མཚན་ཡང་དག་ཞིག་རྙེད་པའི་སྒོ་ནས་ཁས་ལེན་བྱེད་རྒྱུ་གལ་ཆེ་ལ་དེའི་ཕྱོགས་ལ་སློབ་སྦྱོ་བྱེད་རྒྱུ་དགོས་གལ་ཤིན་ཏུ་ཆེ་འདུག་སྙམ། མིའི་སེམས་ཁམས་སློབ་གསོའི་ཐད་ལ་ནང་ཆོས་མེད་དུ་མི་རུང་བ་ཞིག་རེད་སྙམ།
གངས་གཡུལ་རྒྱལ། དུས་རབས་འདིར་སློབ་ཆེན་པ་སོགས་སློབ་གཉེར་བ་དག་གིས་དྲྭ་རྒྱ་དང་སྐད་འཕྲིན་བེད་སྤྱོད་ཐད་ལ་བསམ་ཚུལ་ག་རེ་ཡོད།
གངས་རྒྱལ་སྲས་མོ། སྤྱིར་དྲྭ་རྒྱ་སོགས་ལ་ཞུགས་ན་མི་བཟང་རྒྱུ་ཆེན་པོ་མེད་པར་འདོད། རྒྱུ་མཚན་དྲྭ་ལས་ང་ཚོས་འཛམ་གླིང་རང་བཞིན་ཅན་གྱི་གསར་འགྱུར་མང་པོ་ཤེས་ཐུབ། འོན་ཀྱང་དེ་ལ་ཡང་དུས་ཚོད་ཀྱི་འདུ་ཤེས་ངེས་ཅན་ཞིག་དགོས་སྟེ། ནམ་རྒྱུན་དྲྭ་ཞུགས་བྱས་ནས་བསྡད་ན་དོན་དག་མང་པོ་ཞིག་ཤོར་འགྲོ། བྱ་བ་གང་དང་གང་ཞིག་ཡིན་རུང་བཟང་ངན་གཉིས་ཀྱི་ཆ་ཡོད་སྲིད་པའི་བླངས་དོར་ཀྱི་དབྱེ་འབྱེད་བྱེད་ཤེས་དགོས་ལ་སྒེར་ཚུགས་ཀྱི་བསམ་བློའི་འདུ་ཤེས་ངེས་ཅན་ཞིག་དགོས་པ་ལས་དབང་ལྔའི་འདོད་པ་ཙམ་དུ་ཤོར་འགྲོ་མི་ཉན།
གངས་གཡུལ་རྒྱལ། རྒྱུན་དུ་ཁྱོད་རང་ཉིད་ཀྱིས་ནང་ཆོས་ཐད་ལ་བལྟ་སྟངས་ག་འདྲ་ཡོད།
གངས་རྒྱལ་སྲས་མོ། སྤྱིར་རང་ཉིད་མི་ཆོས་པ་ཞིག་ཡིན་པས་ནང་ཆོས་ལ་བརྩི་འཇོག་ཆེན་པོ་ཡོད་ལ་དད་འདུན་ཡང་ལྡན་ནོ།། ཁྱེད་ཀྱིས་ནང་ཆོས་ལ་མང་དུ་སྦྱང་བ་བྱོས་དང་གོ་བ་གསལ་བོ་མ་ལོན་གོང་དུ་དགག་སྒྲུབ་ཅི་རིགས་བྱེད་སྲིད་ཀྱང་།དོན་གྱིས་སྙིང་བོ་ལོན་དུས་གོང་བཀུར་བྱེད་ངེས་པར་མ་ཟད་རང་གི་མི་ཚེའི་ལམ་བུའི་ནང་དུ་ཡང་ཕན་རྒྱ་ཆེན་པོ་ཐོགས་པ་ནི་སྨྲོས་མ་དགོས་སོ།།
གངས་གཡུལ་རྒྱལ། དེ་རིང་དུས་གང་འཚམས་ཤིག་ལ་དྲི་བ་རེ་རེར་བསམ་ཚུལ་རེ་བཤད་པ་བཀའ་དྲིན་ཆེ། དེང་སང་མང་ཆེ་བའི་བཅར་འདྲི་དང་དྲི་བ་འདྲི་ས་མཐོ་ས་དང་མི་སྙན་གྲགས་ཅན་ཞིག་ལ་འདྲི་བཞིན་ཡོད་ལ། ང་རང་གིས་ནི་མཐོ་དམན་བར་མ་ཐམས་ཅད་ལ་བཅར་འདྲི་དང་དྲི་བ་དྲིས་པ་ཡིན།
གངས་རྒྱལ་སྲས་མོ། འོ་ཡ་ཡ། ཐུགས་ཁུར་དང་རྒྱབ་སྐྱོར་ངང་འདི་ལྟ་བུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ། རྒན་ལགས་ད་བདེ་མོ། སླར་མཇལ།
གངས་གཡུལ་རྒྱལ། བདེ་མོ་བྱོས། ཚེ་རིང་ནད་མེད་ཤོག ། གླིང་སྲས་བོད་ཡིག་དྲྭ་ཚུགས་ཀྱིས། འཕྲིན་ཕྲན་གྱི་སྦྲེལ་གནས། kangba1216
སློབ་གྲྭ་ཆེན་མོར་ཡོད་པའི་བོད་མོ་ལ་བཀྲ་ཤིས་བདེ་ལེགས།
དྲི་བ་དྲིས་ལན་བྱས་བར་ཡང་ཐུགས་རྗེ་ཆེ། ཡིན་ན་ཡང་། ལན་བརྒྱབས་པའི་སྐད་ཆ་རྣམས། སྐབས་རེར་སྐད་ཆ་ཡིན་པ་འདྲ་བོ། སྐབས་རེར་སྙན་ངག་ཡིན་པ་འདྲ་བོ། དེ་འདྲའི་གོ་རིམ་མེད་པ་ཞིག་ཅི་ལྟར་བྱུང་བ་རེད། མིང་ཚིག་གིས་མ་འདང་བ་རེད་དམ། སྡེབ་སྦྱོར་གྱིས་མ་འཁྱོར་བ་རེད། ཡང་ན་མོ་སློབ་ཆེན་གྱི་སློབ་མ་ཞིག་ཡིན་པས། སྐད་ཆ་བཤད་སྟངས་དང་གཤོབ་སྟངས་དེ་འདྲ་ཞིག་ལ་ཆགས་སོང་བ་རེད།
བོད་སྐད་འདིས་ད་རུང་ཡིན་ཡང་། མྱངས་རྒྱུ་ཡིན་པ་འདྲ། བྱུང་ན། བོད་སྐད་གཙང་མ་ཞིག་བཤད་ཤེས་ན། གཙང་མ་ཞིག་འབྲི་རོགས་ཞུ། འདི་ནི་ངའི་རེ་བ་ཆུང་ཆུང་དེ་ཡིན། ཁྱེད་རྣམ་པ་གཉིས་གང་ཞིག་ནས་རྒྱལ་བའི་གངས་ཕྲུག་རེ་ཡིན་པར་དགའ་ཡང་། བོད་སྐད་སྨྲ་འབྲི་ལས་རྒྱལ་མེད་པ་འདྲ་ཞིག་འདུག་པས། ཡིད་སྐྱོད་ནི་འདྲ་ཞིག་རེད། སྤྲོ་མ་འཕར། ཁ་འདུག་མ་ཐུབ་ཐལ།
ཁ་བརྡ་ལེགས་པོ་གནང་ཤག་་་་བློ་ལ་བབས་སོང་།
སློབ་ཆེན་མའི་བསམ་ཚུལ་རང་རེད་གནད་ལ་ཁེལ་བའི་ཁུལ་རེད།