གཏམ་བཤད་པ། ཇྷོར་ཇ་སོནཌརས། རིགས་གྲོལ་གྱིས་བསྒྱུར།
༼ཇྷོར་ཇ་སོནཌརས་ནི་ཕྱི་ལོ་ ༡༩༥༨ ལོར་སྐྱེས་པའི་ཨ་རིའི་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོང་གི་བརྩམས་ཆོས་ལས་སྒྲུང་ཐུང་དང་། རྩོམ་ཐུང་། སྒྲུང་རིང་། ཕྲུ་གུའི་དཔེ་དེབ་སོགས་ནིའུ་ཡོག་གི་ཚོང་འགྲེམས་ལེགས་ཤོས་གྲས་ཡིན། ཕྱི་ལོ་ ༢༠༠༨ བར་རེས་གཟའ་སྤེན་པའི་གྷ་ཌེ་ཡན་གྱི་རྩོམ་སྒྲིག་ལས་ཁུར་བྱས་འདུག །ད་ལྟའི་ཆར་སི་ར་ཁྱུ་ས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་ཡིན། ཁོང་ལ་ཕྱི་ལོ ༡༩༩༦ ནས་ ༢༠༠༤ བར་རྒྱལ་ནང་བརྙན་དེབ་ཀྱི་རྟོག་འཆར་རྩོམ་རིག་བྱ་དགའ་ཐོབ་པ་དང་། དེ་མིན་སྨྱུ་གུ་དང་། འཛམ་གླིང་འཆར་སྣང་རྩོམ་རིག་བྱ་དགའ་སོགས་བྱ་དགའ་མང་པོ་ཐོབ་འདུག༽
སི་ར་ཁྱུ་ས་གཙུག་ལག་སློབ་གཉེར་ཁང་།
བསླབ་པ་མཐར་སོན་མཛད་སྒོའི་གཏམ་བཤད།
ལོ་རབས་ཀྱི་བརྒྱུད་རིམ་ཁྲོད་དུ། སྲོལ་རྒྱུན་གྱིས་གཏམ་བཤད་འདི་ལྟ་བུར་གོ་རིམ་ངེས་ཅན་ཞིག་བསྐྲུན་ཡོད། དེ་ཡང་མི་ཚེའི་ཁ་ཕྱོགས་ཡོད་ཚད་ནས་ཞེད་སྣང་སྐྱེ་དགོས་པའི་ནོར་འཁྲུལ་མང་པོ་བཟོས་མྱོང་བའི་མི་ངན་རྒས་པོ་འགས། (འདི་ང་ཡིན་ངེས།) རང་ཉིད་ཀྱི་ལོ་ཟླ་ལེགས་ཤོས་དེ་དག་རྒྱབ་ཏུ་བསྐྱུར་ཟིན་རྗེས། ད་གཟོད་ནུས་ཤུགས་རྒྱས་བཞིན། རང་རང་གི་མི་ཚེའི་ལོ་ཟླ་ལེགས་ཤོས་དེ་དག་ལ་གོམ་པ་སྤོ་རྒྱུར་ལུས་པའི་ན་གཞོན་བཀྲག་མདངས་ཅན་གྱི་ཚོགས་ (དེ་ཁྱོད་ཚོ་ཡིན་ངེས།) ཤིག་ལ་ལམ་སྟོན་སྤྲོད་ཀྱི་ཡོད།
ངས་ཀྱང་ལམ་སྲོལ་དེ་ལ་གུས་བཀུར་ཞུ་གི་ཡོད།
ད་ལྟ། ཁྱེད་རང་ཚོས་རྒས་པོ་ཞིག་ལས་དངུལ་སྒོར་གཡར་བ་དང་། དགོད་ཞོར་དུ་བལྟ་རྒྱུ་ཡོང་ཆེད་ཁོང་ཚོའི་དུས་ཀྱི་ཞབས་བྲོ་རྙིང་པ་དེ་ཚོ་འཁྲབ་རྒྱུར་སྐུལ་མ་བྱེད་པའི་ཐོག །ཕྱི་བལྟས་ཤིག་བྱས་ན་༼ཁྱོད་ཀྱི་མི་ཚེའི་ནང་༽ འགྱོད་པ་གང་སྐྱེ་གི་འདུག་ཅེས་དྲིས་དང་། ཁོ་ཚོས་ཁྱོད་ལ་བཤད་ཀྱི་རེད། ཤེས་གསལ་ལྟར་མཚམས་རེ་ཁྱོད་ཀྱིས་མ་དྲིས་ཀྱང་ཁོ་ཚོས་བཤད་ཀྱི་རེད། ཡང་མཚམས་རེ་ཁྱོད་ཀྱིས་གནད་དོན་ངེས་ཅན་ཞིག་གི་ཐོག་ལ་དྲིས་ན། ཁོ་ཚོས་བཤད་ཀྱི་མ་རེད། འོན་ཀྱང་ཁོ་ཚོས་གཅིག་བཤད་ཀྱི་རེད།
དེ་ན་ངས་ཅི་ཞིག་ལ་འགྱོད་ཀྱི་ཡོད་ཟེར་ན། དུས་ནས་དུས་སུ་དབུལ་ཕོངས་ལ་ལུས་པར་ཡིན་ནམ། མིན། ངོ་མ་མིན། (བཤས་རར་ཕག་པ་དང་བེའུའི་སུག་པ་འཐེན་རྒྱུ་)ལྟ་བུ་ཞེས་སྣང་ཆེ་བའི་ལས་ཀ་དེ་འདྲ་བྱས་ནས་(ལས་རིགས་དེའི་རྒྱུད་འཛིན་གྱི་ཐོབ་ཐང་ཙམ་ཡང་བརྩད་གཅོད་མ་བྱས་)པར་འགྱོད་ཀྱི་ཡོད་དམ། མིན། ངས་དེ་ལ་མི་འགྱོད། མཚོ་གླིང་ས་མུ་ཏྲའི་(samutra)ནང་རྒྱུག་ཆུར་དམར་ཧྲེང་བར་འཛུལ་རྗེས་ཅུང་ཟིར་སྒྲ་གྲགས་ཤིང་། ཡར་གཅིག་ལྟ་དུས་སྤྲེའུ་སུམ་བརྒྱ་ཙམ་གྱིས་སྦུགས་མདོང་མཐུད་འདྲེན་(pipe-line)ཐོག་ཙོག་ནས། ང་རང་གིས་དམར་ཧྲེང་མར་ཁ་ཡང་གདངས་ནས་རྐྱལ་རྒྱག་སའི་རྒྱུག་ཆུའི་ནང་དུ་སྐྱག་པ་གཏོང་བཞིན་པ་མཐོང་བས། དེ་རྗེས་ཟླ་ངོ་བདུན་ཙམ་རིང་ནད་མནར་དུ་ལུས་པར་འགྱོད་ཀྱི་ཡོད་དམ། དེ་ལ་དེ་ཙམ་མི་འགྱོད། ཡང་ན་མཚམས་རེ་མི་ཚོགས་མང་པོའི་ཁྲོད་ང་རང་གིས་དགའ་སའི་བུ་མོ་དེ་ཡོད་སར་ཧོག་ཀི་(hockey)རྩེ་སྐབས། རང་ཉིད་ཀྱིས་གཟབ་གཟབ་བྱས་ཀྱང་ས་ལ་འགྱེལ་ནས་རང་སྒོར་བླུགས་པ་དང་། དབྱུག་པ་ལག་ནས་ཤོར་སྟེ་མི་ཚོགས་དབུས་སུ་ཕྱིན་ཏེ་བུ་མོ་དེར་ཕོག་གྲབས་བྱས་པར། མི་ཚོགས་ཀྱི་འཕྱ་སྨོད་དང་ཀི་སྒྲ་བཏབ་པ་ལྟ་བུ། མཚམས་མཚམས་སུ་འབྱུང་བའི་གནད་དོན་དེ་ཚོར་འགྱོད་ཀྱི་ཡོད་དམ། མིན། ངས་དེ་ལ་ཡང་འགྱོད་ཀྱི་མེད།
འོན་ཀྱང་ངས་འགྱོད་སའི་གནད་དོན་གཅིག་ཡོད། ལོ་རིམ་བདུན་པའི་སྐབས་སུ། ཕྲུ་གུ་གསར་པ་ཞིག་ང་ཚོའི་འཛིན་གྲྭར་ཞུགས། ཡིད་ཆེས་དང་ཞེན་པ་ཞིག་གིས་མོའི་སློབ་ཐོན་གཏམ་བཤད་ཀྱི་མིང་ལ་ཨེ་ལེན་ཟེར་རྒྱུ་ཡིན་ངེས། ཨེ་ལེན་ནི་གཟུགས་ཆུང་ཆུང་ཞིག་ལ། ངོ་ཚ་སྨིན་པོ་ཞིག་རེད། མོས་སྐབས་དེར་བུད་མེད་རྒན་གྲས་ཚོས་གྱོན་སྲོལ་ཡོད་པའི་ཞི་མིའི་མིག་ཤེལ་(cat’s-eye glasses)སྔོན་པོ་ཞིག་གྱོན་ཡོད། མོ་ལ་ཚ་གི་ཚི་གི་ཡང་ཡང་བྱེད་ཅིང་། དངངས་འཚབ་རེ་བྱུང་དུས་སྐྲ་ཉག་མ་གང་ཁ་ནང་བཅུག་ནས་ལྡད་པའི་གོམས་སྲོལ་ཞིག་ཡོད།
དེ་ལྟར་མོ་ང་ཚོའི་སློབ་གྲྭར་བསླེབས་ཤིང་ཁྱིམ་མཚེས་སུ་གྱུར་རྗེས། ཕལ་ཆེ་བར་(ང་ཚོས་)ཁ་ཡ་མི་བྱེད་ཅིང་། མཚམས་རེར་(“ཁྱོད་ཀྱི་སྐྲ་བྲོ་བ་ཆེན་པོ་འདུག་པས།” ཟེར་བ་སོགས་)ཀྱིས་སྙད་རྐོ་མྱོང་། དེས་མོ་ལ་གནོད་ཀྱིན་པ་ངས་མཐོང་གི་ཡོད། ངས་ད་དུང་ཡང་དྲན་འོང་བ་ཞིག་ལ་ཁྱད་གསོད་དེ་འདྲ་བྱུང་དུས་མོའི་རྣམ་འགྱུར་མི་འདྲ་བ་ཞིག་ཏུ་འགྱུར་འགྲོ་གི་འདུག །དེ་ཡང་རྒྱུ་སྨད་ལ་རྡོག་རྒྱག་ཕོག་པ་ལྟ་བུས་མིག་ཟུང་ཐུར་དུ་ཕབ་པ་དང་། ལས་དོན་གཞན་ཞིག་ལ་གཡེང་པ་ལྟ་བུས་གཡོལ་ཐབས་བྱེད་ཀྱི་རེད། མི་རིང་བར་མོས་སྐྲ་ཉག་དེ་ཁ་ནང་བཅུག་བཞིན་འདི་ནས་གྱེས་སོང་།
ཁྱོད་ཚོས་ཤེས་གསལ་ལྟར། ངས་ཚོད་དཔག་བྱས་ན། སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་རྗེས། ཨ་མས་ “སྙིང་སྡུག །དེ་རིང་ཇི་འདྲ་བྱུང་།”ཞེས་དྲིས་ཤིང་། མོས་ “ལགས། ཡག་པོ་བྱུང་།” ཅེས་བཤད་ཀྱི་ཡོད་ངེས་ལ། ཡང་ཨ་མས་ “གྲོགས་པོ་དེ་འདྲ་བཟོས་པས།”ཞེས་དྲིས་ཞིང་། མོས་ཀྱང་ “ཡིན་དང་ཡིན། མང་པོ་བཟོས་ཡིན།” ཞེས་བཤད་ཀྱི་ཡོད་ངེས།
མཚམས་རེར་ངས་མོས་རང་གི་མདུན་ངོས་ཀྱི་སྒོ་རའི་ནང་ཅི་ཞིག་བློས་གཏོང་མི་འདོད་པ་ལྟ་བུས་ཁེར་རྐྱང་དུ་མྱུལ་གྱིན་པ་མཐོང་གི་ཡོད།
དེ་རྗེས་ཁོང་ཚོ་སྤོས་སོང་། དེ་ལྟར་རེད། ཡིད་སྐྱོའི་བྱུས་ཉེས་མེད་ཅིང་། ཆེས་མཐའ་འཇུག་གི་བཙན་བཀུལ་ཆེན་པོ་ཞིག་ཀྱང་མེད། ཉིན་སྔོན་མར་མོ་ཡོད་བཞིན་དུ། ཕྱི་ཉིན་མེད་པར་གྱུར་སོང་། སྒྲུང་རྫོགས་པ་རེད།
ད་ལྟ། ངས་ཅི་ཕྱིར་འགྱོད་པ་སྐྱེ་གི་ཡོད། ལོ་ངོ་བཞི་བཅུའི་རྗེས་སུ་ངས་ད་དུང་གནད་དོན་དེ་ཅི་ཕྱིར་སེམས་ཀྱི་ཡོད། སྤྱིར་བཏང་གི་ཕྲུ་གུ་ཕལ་ཆེ་བར་རང་གི་སྤུན་མཆེད་ཚོས་བྱེད་པ་ལྟར་ངས་ཀྱང་མོ་ལ་ཡག་པོ་བྱས་མྱོང་། ངས་མོ་ལ་ཚིག་ངན་གཅིག་ཀྱང་བཤད་མ་མྱོང་། མཚམས་རེ་ད་དུང་ངས་མོར་སྲུང་སྐྱོབ་བྱས་མྱོང་། ཡིན་ན་ཡང་(གནད་དོན་)འདིས་ད་དུང་ང་ཡིད་མི་བདེ་བ་བཟོ་གི།
དེ་ལྟར་འདི་ནི་ཅུང་རྙིང་པ་ཞིག་རེད་ཀྱང་དྲང་བདེན་རེད། ངས་དེ་ལ་ཅི་ཞིག་བྱ་དགོས་པ་ཡང་ཆ་ཚང་བ་ཞིག་མི་ཤེས། ངའི་མི་ཚེའི་ནང་འགྱོད་པ་ཆེ་ཤོས་དེ་ཕན་སེམས་བསྒྲུབས་མ་ཐུབ་པར་སྐྱེ་གི་ཡོད།
རང་ཉིད་ཀྱི་མདུན་དུ་མི་ཞིག་སྡུག་བསྔལ་མྱོང་སྐབས། རང་ཉིད་ཀྱིས་ཚོར་བ་སྐྱེན་པོ་དང་། རང་དོན་བློས་བཏང་། བཏང་སྙོམས་བཅས་ཀྱི་ངང་རོགས་པ་བྱེད་དགོས་སམ། ཡང་ན། དེ་ལ་རྒྱང་ཤེལ་གཞན་ཞིག་གི་ཐོག་ནས་བལྟས་ནས་སྡོད།
ཁྱེད་རང་ཚོས་མི་ཚེའི་ནང་ཆེས་བརྗེད་མི་ཐུབ་པའི་ཚོར་བ་དྲོན་མོ་དེ་འདྲ་དྲན་གྱི་འདུག་གམ། ཁྱེད་རང་ཚོས་བརྗེད་མི་ཐུབ་པ་དེ་རང་ཉིད་ལ་བྱམས་བརྩེ་ཆེ་ཤོས་གནང་མཁན་ཚོ་རེད་ཅེས་ངས་ཐག་བཅད་ནས་བཤད་ཐུབ།
འདི་སྟབས་བདེ་པོ་ཞིག་ཡིན་སྲིད་ཀྱང་། ལག་ལེན་དངོས་ཀྱི་སྐབས་སུ་ཁག་པོ་ཡོད་ཀྱི་རེད། འོན་ཀྱང་ངས་ཁྱོད་ཚོར་མི་ཚེའི་བསྒྲུབ་བྱ་ལྟ་བུར་བྱ་ངན་བསྒྲུབ་པ་ལས་གཞན་ཕན་གྱི་བྱ་བ་བསྒྲུབ་ཐབས་བྱོས་ཞེས་ཟེར་འདོད་བྱུང་།
ད་ལྟ། ཨ་སྒོར་ས་ཡ་གཅིག་གི་རིན་ཐང་ལས་ལྷག་པའི་དྲི་བ་ཞིག་ཡོད་པ་ནི། ང་ཚོའི་དཀའ་ངལ་གང་རེད་ཅེས་པ་དང་། ང་ཚོ་ཅི་ཕྱིར་གཞན་ཕན་གྱི་བསམ་པ་ཅན་ལ་འགྱུར་མི་ཐུབ་པ་ཡིན་ཅེས་པ་དེ་རེད།
དེ་ལ་ངས་འདི་ལྟར་སེམས་ཀྱི་ཡོད། ང་ཚོ་ཚང་མ་ཌར་ཝིན་གྱི་ལྟ་གྲུབ་ལྟ་བུ་རྙོག་ཟིང་གིས་རྩིག་པ་བརྩིགས་པའི་ནང་སྐྱེས་པས་རེད། དེ་ཡང་། ༡༽ རང་ཉིད་འཛམ་བུ་གླིང་འདིའི་ནང་གི་གཙོ་བོ་དེ་ཡིན་པར་འདོད་པ་དང་། (དེ་ཡང་། དོ་བདག་སོ་སོའི་གཏམ་རྒྱུད་དེ་སྒྲུང་གཙོ་བོ་དང་། ངོ་མ། བློ་ལ་འཐད་ཤོས་བཅས་ཡིན་༼སྙམ་པ༽།) ༢༽ རང་ཉིད་འཛམ་བུ་གླིང་གཞན་ལས་ཐ་དད་དུ་ཡོད་པར་འདོད་པ། (འདི་ན་ང་ཚོ་ཡོད་ཅིང་། ཕ་གི་ན་ཁྱི་དང་། དཔྱང་འཁྲུལ་༼ཕྲུ་གུའི་རྩེས་ཆས་༽རང་འགྲིགས། ནེབ་ར་སེ་ཀའི་མངའ་སྡེ། དམའ་བར་འཁྲིགས་པའི་སྤྲིན་པ། དེ་བཞིན་མི་གཞན་སོགས་གད་སྙིགས་མཐའ་དག་ཡོད་༼སྙམ་པ༽།) ༣༽ རང་ཉིད་རྟག་པར་འདོད་པ། (འཆི་བ་མངོན་སུམ་དུ་འདོད་ཀྱང་། ཁྱོད་ལ་ཡིན། ང་ལ་མིན་༼སྙམ་པ༽།)
དེར་བརྟེན་ད་ལྟ་ང་ཚོས་དེ་དག་ལ་དངོས་གནས་ཡིད་ཆེས་ཀྱི་མེད། ཤེས་སྟོབས་ཀྱིས་ང་ཚོར་དེ་བས་ལེགས་པ་ཞིག་བྱ་རྒྱུར་སྐུལ་གྱི་ཡོད་ཀྱང་། དངོས་སུ་དོན་ལྔ་སྣོད་དྲུག་ལ་ཡིད་ཆེས་དང་། དོན་ལྔ་སྣོད་དྲུག་གི་ཆེད་འཚོ་བཞིན་པར་བརྟེན། ང་ཚོའི་སེམས་གཏིང་ནས་ད་ལྟ་གང་འབྱུང་བཞིན་པ་ལས་གཡོལ་ཐབས་དང་། རང་འདོད་ཆུང་དུ་གཏོང་རྒྱུ། གུ་ཡངས་མོ་དང། བྱམས་སེམས་ཅན་ཞིག་ཆགས་རྒྱུ་སོགས་འདོད་ཀྱང་། དེ་དག་གིས་ང་ཚོར་གཞན་གྱི་དགོས་མཁོ་ལས་རང་ཉིད་ཀྱི་དགོས་མཁོ་གལ་ཆེ་བར་འཛིན་རྒྱུའི་རྐྱེན་བྱེད་ཀྱི་ཡོད།
དེ་བཞིན། ཨ་སྒོར་ས་ཡ་གཅིག་གི་རིན་ཐང་ལས་ལྷག་པའི་དྲི་བ་གཉིས་པ་དེ། ང་ཚོས་འདི་ཇི་ལྟར་སྒྲུབ་ཐུབ་བམ་ཞེས་པ་དང་། ང་ཚོ་ཇི་ལྟར་བྱས་ནས་བྱམས་སེམས་ཇེ་ཆེ་དང་། རང་གཅེས་འཛིན་གྱི་བསམ་པ་ཇེ་ཆུང་། བློ་རྩེ་ཇེ་བརྟན། ལོག་ཤེས་ཇེ་ཉུང་ཅན་དུ་འགྱུར་ཐུབ་རྒྱུ་རེད་ཅེས་པ་དེ་རེད།
དེ་ལ་ལམ་བུ་མང་པོ་ཡོད་པ་ཁྱེད་ཚོས་སྔོན་ཚུད་ནས་ཤེས་ཡོད་རྒྱུ་རེད། རྒྱུ་མཚན་ནི་ཁྱོད་ཚོའི་མི་ཚེའི་ནང་བྱམས་བརྩེ་ཆེ་བའི་དུས་ཚོད་དང་། བྱམས་བརྩེ་ཉུང་བའི་དུས་ཚོད་གཉིས་ཀ་བྱུང་མྱོང་ཡོད་པས། ཁྱོད་ཚོས་རྒྱུ་མཚན་གང་ཞིག་གིས་ཁྱོད་རང་ཐོག་མ་དེར་ཁ་ཕྱོགས་སུ་འཇུག་ཅིང་། ཕྱི་མ་དེར་ཐག་རིང་དུ་གཏོང་གིན་པ་ཡང་ཤེས་ཡོད། ཤེས་ཡོན་ནི་ལེགས་པོ་ཞིག་རེད། དེས་ང་ཚོ་སྒྱུ་རྩལ་དང་ལྡན་པའི་ལས་དོན་གྱི་ནང་འཇུག་གི་ཡོད། དེ་བཞིན་སྨོན་ལམ་འདེབས་པ་དང་། སྒོམ་སྒྲུབ་བྱེད་པ། བརྩེ་བའི་གྲོགས་པོ་ཞིག་དང་ཁ་གསང་གཏིང་སངས་ཀྱིས་གཏམ་གླེང་པ་བྱེད་པ་བཅས་ཀྱང་ལེགས་པོ་རེད། དེ་དག་གིས་ང་ཚོ་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་རིགས་ལ་འཐིམ་དུ་འཇུག་གི་ཡོད། དེ་ཡང་ང་ཚོའི་སྔོན་དུ་སྤྱང་གྲུང་ལྡན་པའི་མི་མང་པོ་བསླེབས་ནས་དྲི་བ་དེ་རང་དྲིས་ཤིང་། ལན་མང་པོ་ཞིག་ང་ཚོའི་ཆེད་དུ་རྒྱབ་ལ་བཞག་ནས་ཕྱིན་ཡོད་པ་ངོས་འཛིན་ཐུབ་ཀྱི་རེད།
རྒྱུ་མཚན་ནི། བྱམས་བརྩེར་ཐོག་མར་ཁ་ཕྱོགས་རྒྱུ་དཀའ་ཡང་། འགོ་བཙུགས་ཟིན་རྗེས་མཇའ་མཚོན་དང་། དེ་བཞིན་ཨ་ཡོ་སོགས་མཐའ་དག་གི་ཐོག་ཏུ་རྒྱ་སྐྱེད་ཡོང་ཐུབ་ཀྱི་ཡོད།
ཤེས་དགོས་པ་ཞིག་ལ། མཚམས་རེ་ལོ་ཚོད་ཀྱི་མཉམ་དུ་རང་བཞིན་གྱིས་བྱམས་བརྩེ་ཆེ་རུ་འགྲོ་གི་རེད། དེ་གནོང་འགྱོད་ཀྱི་དོན་ཞིག་ལས་འབྱུང་གི་ཡོད་སྙམ།
ལོ་ན་རྒས་ཀྱིན་ང་ཚོས་རང་གཅེས་འཛིན་དེ་ངོ་མ་རྒྱུ་མཚན་དང་མི་ལྡན་པ་ཞིག་དང་། བེད་མེད་ཅིག་ཏུ་མཐོང་གི་ཡོད་པས། རང་ཉིད་གཙོ་བོར་འཛིན་པའི་བསམ་བློ་དོར་ནས་མི་གཞན་ལ་བརྩེ་བ་སྦྱིན་རྒྱུ་དྲན་གྱི་ཡོད། འཚོ་བ་དངོས་ཀྱི་ནང་ང་ཚོར་དཀའ་ངལ་ཆེན་པོ་འཕྲད་སྐབས་མི་གཞན་གྱི་རོགས་པ་དང་སྲུང་སྐྱོབ་བྱེད་དུ་ཡོང་སྐབས། ད་གཟོད་ང་ཚོ་འཇིག་རྟེན་འདི་ལས་ཐ་དད་པ་ཞིག་མིན་པ་ངེས་ཤེས་བརྙེས་ཅིང་། དེ་ལྟར་ཐ་དད་པ་ལྟ་བུར་གནས་རྒྱུའི་འདོད་པ་མེད་པར་འགྱུར་གྱི་ཡོད། དེ་བཞིན་ང་ཚོའི་སྙིང་ཉེ་གྲོགས་པོ་ཚོ་རེ་རེ་བཞིན་ཕྱི་མར་འགྲོ་བ་མཐོང་དུས་རང་ཉིད་ཀྱང་ཉིན་གཅིག་(དུས་ཡུན་རིང་པོའི་རྗེས།)དེ་ལྟར་འགྲོ་དགོས་པ་ཡང་དྲན་གྱི་ཡོད། མི་ཕལ་མོ་ཆེ་ལོ་ན་རྒས་རྗེས་རང་གཅེས་འཛིན་གྱི་བསམ་བློ་ཆུང་བ་དང་། བྱམས་བརྩེ་ཆེ་རུ་འགྲོ་གི་རེད། དེ་ལྟར་ན་སི་ར་ཁྱུ་སའི་གྲགས་ཅན་སྙན་ངག་པ་ཧེ་ཌན་ཁེ་རུཏ་ཡིས་ཁོ་རང་གི་མི་ཚེའི་མཐའ་འཇུག་ཏུ་བྲིས་པའི་སྙན་ངག་ནང་(ད་ལྟ་ང་རང་གཙོ་ཆེར་བྱམས་བརྩེས་བཟུང་འདུག།) ཅེས་གསུངས་འདུག་པ་བདེན་པ་རེད་སྙམ།
ཚོད་དཔག་ཅིག་དང་ལྷན་ངས་ཁྱེད་ཚོར་སྨོན་འདུན་ཞུ། ཁྱེད་རང་ཚོ་ཡང་ལོ་ན་ལོངས་ཡོང་གིན་རང་གཅེས་འཛིན་གྱི་བསམ་བློ་ཇེ་ཆུང་དང་། གཞན་གཅེས་འཛིན་གྱི་བསམ་པ་ཇེ་ཆེའི་ངང་འཚར་ཞིང་། བྱམས་བརྩེ་ཅན་ཞིག་ཏུ་འགྱུར་གྱི་རེད། ཁྱེད་རང་ལ་ཕྲུ་གུ་བྱུང་ན་རང་གཅེས་འཛིན་གྱི་བསམ་བློ་ཆུང་དུ་གཏོང་རྒྱུའི་དུས་སྐབས་བཟང་ཤོས་དེ་རེད། ཁྱེད་རང་གིས་ཕྲུ་གུའི་ཆེད་དུ་རང་ཉིད་ལ་ཅི་བྱུང་ཡང་དོ་སྣང་ཡོང་གི་མ་རེད། རྒྱུ་མཚན་དེས་དེ་རིང་ཁྱེད་ཚོས་ མི་ཚེ་དོན་ལྡན་ཞིག་ཡོང་རྒྱུའི་ཆེད་ཤིན་ཏུ་དཀའ་བའི་བྱ་བ་ཞིག་བསྒྲུབས་ནས་སོ་སོ་མི་ཆེན་པོ་ཞིག་བཟོ་ཐུབ་པར་། ཕ་མ་ཚོས་དགའ་ཞིང་སྤོབས་པ་སྐྱེས་ནས། རང་ཉིད་ཀྱི་མི་ཚེའི་རྨི་ལམ་ཆེ་ཤོས་དེ་བསྒྲུབས་སོང་བསམ་གྱི་ཡོད།
ང་ཚོ་ཆུང་དུས་བློ་འཚབ་ཆེན་པོའི་ངང་གོ་རྟོགས་གང་ཡང་མེད་པར་ང་ཚོ་ལ་ཐོབ་རྒྱུ་གང་ཡོད། དུས་ཚོད་ཇི་ཙམ་འགོར་ཡོང་། དེ་ང་ཚོས་བསྒྲུབ་ཐུབ་བམ། ང་ཚོས་འཚོ་གནས་ཐུབ་པའི་མི་ཚེ་ཞིག་བཞེངས་ཐུབ་བམ་སྙམ་གྱི་ཡོད། ཁྱེད་རང་ཚོ་ལ་ཆ་བཞག་ན། ད་ལྟའི་དུས་རབས་འདིར་དམིགས་ཡུལ་ཞིག་བསྒྲུབས་པར་ཆ་རྐྱེན་མང་པོ་འཁོར་ཡོང་བ་ལྟ་བུ་ཞིག་ཚོར་ཡོད་ཀྱི་རེད། ཁྱེད་རང་གིས་མཐོ་སློབ་ལེགས་པོ་ཞིག་ཏུ་ཚུད་དགོས་ན་སློབ་ཆེན་ནས་ལེགས་པོ་བྱ་དགོས་ཤིང་། ལས་དོན་ཡག་པོ་ཞིག་རག་དགོས་ན་མཐོ་སློབ་ནས་ལེགས་པོ་བྱེད་དགོས།
དེ་ད་འགྲིག་གི་འདུག །༼འོན་ཀྱང་།༽གལ་སྲིད་ཁྱེད་རང་བྱམས་བརྩེ་ལྡན་པ་ཞིག་ལ་འགྱུར་དགོས་ན། རང་ངོས་ནས་དོན་ཐོག་མི་འཁྱོལ་བ་ལྟར་མིན་པར་དོ་གལ་ཆེན་པོས་དཀའ་སྡུག་མྱང་ནས་མཐར་སྐྱེལ་བྱ་དགོས་པ་རེད།
ད་དུང་ལེགས་འགྲུབ་ཡོང་རྒྱུ་ནི་དོན་དམ་ཞིག་མིན། ལམ་ལྷོང་ཡོང་རྒྱུ་དེ་ཁྱེད་རང་ལ་གལ་ཇི་ཙམ་ཆེ་ཡང་དེ་ནི་དཀའ་མོ་ཞིག་རེད། འདོད་པ་ནི་རྒྱུན་པར་འཕེལ་འགྲོ་གི་རེད།(འདོད་པ་ནི་རི་བོ་ཞིག་ལྟར་ཁྱོད་ཀྱིས་མདུན་དུ་ཇི་ཙམ་འཛེགས་ཀྱང་དེ་ཙམ་གྱིས་མཐོ་རུ་འགྲོ།) དེར་བརྟེན་ “ལམ་ལྷོང་ཡོང་རྒྱུའི་”ཆེད་ཁྱོད་ཀྱི་མི་ཚེ་ཧྲིལ་པོ་འཕྲོ་བརླག་ཕྱིན་ནས་དྲི་བ་ཆེན་པོ་དེ་ཚོར་ལན་མེད་པར་ལྷག་རྒྱུའི་ཉེན་ཁ་ཆེ།
མཐའ་བསྡོམས། ངའི་ངོ་ལ་ཁྱེད་རང་ཚོའི་མི་ཚེ་གཞན་ཕན་དང་བྱམས་བརྩེ་ཅན་ཞིག་ལ་འགྱུར་རྒྱུའི་རེ་བ་ཡོད། དེ་ད་ལྟ་ནས་འགོ་འཛུགས་དགོས། ང་ཚོ་རང་རང་གི་སེམས་ན་རང་གཅེས་འཛིན་གྱི་བསམ་བློའི་རྣམ་རྟོག་ཞིག་དང་། ནད་གཞི་ཞིག་ཡོད། འོན་ཀྱང་དེ་ལ་བཅོས་ཐབས་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོས་མི་ཚེ་ལྷག་མ་དེའི་རིང་ནུས་ཤུགས་ཡོད་ཚད་ཀྱིས་ནད་གཞི་དེ་ལ་ཕན་པའི་སྨན་ལེགས་ཤོས་དེ་ཚོ་འཚོལ་དགོས།
ལས་དོན་མཐའ་དག་བྱོས། དམིགས་ཡུལ་ཅན་གྱི་ལས་དོན་བྱོས་ལ། འགྲུལ་བཞུད་བྱོས། འབྱོར་ལྡན་ཆགས་པ་བྱོས། སྙན་གྲགས་ཅན་དུ་གྱུར་བ་བྱོས། ལེགས་བཅོས་ཐོངས། འགོ་ཁྲིད། དགའ་པོ་བྱོས། བསོད་ནམས་ཉམས་པར་བྱོས་ལ་འཕེལ་བར་བྱོས། དམར་ཧྲེང་མར་ནགས་ཚལ་ནང་གི་ཆུ་ལ་རྐྱལ་རྩེས།(སྤྲེའུའི་སྐྱག་པ་བྲོ་བ་མྱོང་།) འོན་ཀྱང་ཁྱོད་ཀྱིས་གང་བྱས་པ་མཐའ་དག་བྱམས་བརྩེ་ལྡན་པའི་ངང་བྱོས། ལས་དོན་ཅི་ཞིག་གིས་ཁྱོད་རང་དྲི་བ་ཆེན་པོ་དེའི་ཕྱོགས་སུ་འཁྲིད་ཀྱི་འདུག་ན་དེ་བྱོས་ལ། ལས་དོན་གང་ཞིག་གིས་ཁྱེད་རང་ཆུང་དུ་གཏོང་བ་དང་རིན་ཐང་མེད་པ་བཟོ་གི་འདུག་ན་དེ་བྱ་མི་ཉན། འོད་མདངས་ཅན་གྱི་ཆ་ཤས་དེ་ཁྱེད་རང་གི་རང་གཤིས་རྒྱབ་གྱི་རྣམ་ཤེས་སྟེང་དུ་ཡོད་ན། ཁྱེད་རང་སྔོན་དུས་བྱུང་བའི་བཀྲག་མདངས་ཅན་གྱི་ཤག་སེ་པི་ཡར་དང་། གྣན་དྷི། ཨ་མ་ཊེ་རེ་ས་ལྟ་བུར་གྱུར་ཐུབ། གང་ཞིག་གིས་ཁྱོད་རང་བཀྲག་མདངས་ཅན་གྱི་གནས་འདི་ནས་ཁ་བྲལ་དུ་འཇུག་གི་འདུག་ན་དེ་གཙང་སེལ་བྱས་ཏེ། དེ་གནས་ཡོད་པར་ཡིད་ཆེས་དང་ལེགས་པར་ཤེས་ཐབས། སྤྱི་ཚོགས་སུ་སྤེལ་ཐབས། དེའི་འབྲས་བུ་འགྲེམས་ཐབས་སོགས་བྱ་དགོས།
དེ་ན་ལོ་ ༨༠ ཙམ་གྱི་རྗེས་སུ་ཁྱོད་ཚོ་ལོ་ ༡༠༠ ཙམ་དང་། ང་ལོ་ ༡༣༤ ཙམ་ལ་བསླེབས་དུས་ང་ཚོ་ཚང་མ་གཞན་ཕན་དང་བྱམས་བརྩེ་ཅན་ཞིག་ཏུ་གྱུར་བས། ངས་ཁྱོད་ཚོའི་མི་ཚེ་ཇི་འདྲ་བྱུང་ཞེས་དྲིས་ན། ཁྱོད་ཚོས་ཧ་ཅང་ལེགས་པོ་བྱུང་ཟེར་རྒྱུ་ཡོང་ངེས།
༢༠༠༣ འཛིན་གྲྭར་བཀྲ་ཤིས་བདེ་ལེགས་ཞུ།
ངས་ཁྱེད་ཚོར་བདེ་སྐྱིད་ཆེན་པོ་ཡོང་བ་དང་། འཇིག་རྟེན་གྱི་བསོད་ནམས་ཆེན་པོ་ཡོང་བ། དབྱར་ཁ་འདི་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུ།
༢༠༡༣།༠༨།༡༡ ཉིན་ཟིན་པར་བསྒྱུར།
རིགས་གྲོལ་ལགས་ཀྱིས་འདི་ལྟར་བསྒྱུར་ཏེ་གནང་བར་བཀའ་དྲིན་ཆེ། ངས་མགོ་ནས་གཞུག་ཐུག་ཆ་ཚང་བཀླགས་ཡིན་དངོས་གནས་སློབ་སྦྱོང་མང་པོ་ཐོབ་བྱུང། རྗེས་མར་ཀྱང་འདི་ལྟར་གཏམ་བཤད་མཁས་པས་སློབ་གསོའི་གཏམ་བཤད་རིགས་བསྒྱུར་ཏེ་གནང་ཐུབ་ན་ཧ་ཅང་གི་ཕན་ཐོགས་ཆེ། ང་ཚོ་ནང་པའི་མཁས་པ་ཚོས་འདི་ལྟར་གཏམ་བཤད་གནང་ཐུབ་མཁན་ཉུང་ཉུང་རེད། དེང་དངོས་ཡོད་སྤྱི་ཚོགས་ཀྱི་མི་ཡི་སེམས་ཁམས་དང་བསྟུན་ནས་མི་ཡི་སེམས་ཁམས་བསྒྱུར་ཐུབ་མཁན་དཀོན་སེ་རེད།
བཟང་གི
དངོས་གནས་ཡག་པོ་བསྒྱུར་འདུག ད་དུང་འདི་རིགས་གང་མང་བསྒྱུར་ཐུབ་ན་ཡག་པོ་འདུག
རིགས་གྲོལ་ལགས་ཀྱིས་སྒྱུར་རྩོམ་འདི་མཉམ་གཏམ་བཤད་པ་ཁོང་གི་སྐུ་པར་ཞིག་བསྐུར་འདུག་ན་ཡང་། སྒྱུར་རྩོམ་ཁ་བརྡར་འགོད་སྐབས་པར་དེ་འགོད་རྒྱུ་གཏིང་བརྗེད་སོང་འདུག་པས། རིགས་གྲོལ་ལགས་ཀྱིས་གཙོས་པའི་དྲ་གྲོགས་ཚང་མར་དེ་ཐད་ལ་དགོངས་སེལ་ཞུ།