ཕྱོགས་སྒྲིག་པ། སེར་ཤུལ་རིན་ཆེན་དོན་གྲུབ།
ཁྱེད་ཀྱི་འཁྲུངས་སྐར་བསུ།
སྙིགས་མའི་དུས་འདིར་སྟོན་མཆོག་གཉིས་པ་ཞེས། །
ས་གསུམ་འགྲོ་བའི་འདྲེན་མཆོག་ཟླ་མེད་པ། །
མིག་མི་འཛུམ་གྱི་སྲས་ཀྱི་མཆོག་གྱུར་བ། །
མཁས་མཆོག་ཟམ་གདོང་འཁྲུངས་སྐར་དེང་འདིར་བསུ། །
དེ་རིང་བཀྲ་ཤིས་གསེར་གྱི་ཉིན་མོ་འདིར། །
ཕྱོགས་དང་རིས་སུ་མ་ཆད་གཟུར་གནས་ཚོས། །
བསྟོད་ཚིག་ཀུ་མུད་དཀར་པོའི་ཕྲེང་བ་དག །
ཁྱེད་ཀྱི་མགུལ་པར་གཡོག་ནས་འཁྲུངས་སྐར་བསུ། །
སྲིན་བྱ་འུག་པ་རྒན་པོའི་མིག་སྔ་རུ། །
ཁྱེད་ཀྱི་མཚན་དཔེའི་འོད་ཟེར་མི་མཛའ་ཡང་། །
དྲང་སྲོང་རྗེས་འཛིན་གྲུ་འཛིན་མགོན་པོས་དབུས། །
ཁྱེད་ཀྱི་འཁྲུངས་སྐར་མི་བསུ་སུ་ཞིག་ཡོད། །
ཁྱེད་ནི་གངས་ཅན་བསྟན་པའི་མཛེས་རྒྱན་དངོས། །
ཁྱེད་ནི་གངས་ཅན་ཤེས་རིག་ཡབ་མེས་དངོས། །
ཁྱེད་ནི་གངས་ཅན་བོད་པའི་ཡབ་ཆེན་དངོས། །
ཁྱེད་ནི་གངས་ཅན་པ་ཡི་གཟི་བརྗིད་དངོས། །
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀུན། །
བདག་འདྲའི་བློ་ཡི་དཔྱོད་ཡུལ་མ་ལགས་ཀྱང་། །
ཐུན་མོང་བློ་དང་འཚམ་པའི་མཛད་པ་དག །
གཟུར་ནས་ཀུན་གྱིས་བཀུར་འདི་ཨེ་མ་རྨད། །
དུས་རྣམས་ཀུན་དུ་མགོན་པོ་ཁྱེད་ཉིད་ཀྱིས།།
བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པ་ལ།།
མི་དང་མི་མིན་བསམ་སྦྱོར་ངན་པ་ཀུན།།
རང་སར་ཞི་ནས་སྐུ་ཚེ་བརྟན་པར་སྨོན།།
ལྷ་རྒོད་ཀྱིས་སྤྱི་ལོ་ ༢༠༡༣/༡༡/༥/ ཉིན་གང་དུ་འཁྲུངས་སྐར་ལ་ཕུལ།
སློབ་དཔོན་ཆེན་པོ།
ཞི་དུལ་བག་ཡོད་ཆོག་ཤེས་ལ་གནས་ཀྱང་། །
བསྟན་སྲིད་ལ་དགོངས་མི་རིགས་བདེ་དོན་ཆེད། །
སྐུ་ཚེའི་གང་པོར་མི་རིགས་དོན་དུ་བཏང་། །
གཞིས་བྱེས་བོད་མིའི་ཆོས་སྲིད་བྱ་བའི་གདུགས། །
དགུང་དུ་འདེགས་མཁས་མང་བཀུར་མཆོག་ཉིད་ཙམ། །
གནའ་དེང་ཤེས་བྱའི་རིག་པའི་རྣམ་དཔྱོད་ཀྱིས། །
ཤེས་ཡོན་སྲིད་ཇུས་གསར་གཏོད་ཡབ་ཆེན་རྒྱལ། །
ཉིད་ཀྱི་མཁྱེན་བརྩེའི་ནུས་པའི་བྱ་བཞག་ཀུན། །
འཛམ་གླིང་མཁས་རྒུ་ཡོངས་ཀྱི་བློ་ལས་འདས། །
དེ་ལྟར་མཛད་པ་རྒྱ་མཚོ་ཆུ་ཐིག་ཙམ། །
དགུང་གྲངས་དོན་བཞི་ཕེབས་པའི་བསྟོད་ཚིག་ཏུ། །
ཡིད་རང་སེམས་ཀྱི་གཏིང་ནས་དབང་མེད་ཐལ། །
ད་དུང་གསང་གསུམ་མཛད་འཕྲིན་མཐའ་ཡས་ཀུན། །
གེགས་མེད་ལྷུན་འགྲུབ་སྐུ་ཚེ་རབ་བརྟན་ཅིང་། །
བོད་འབངས་ལ་དགོངས་བླངས་དོར་གནས་ཀུན་ལ། །
གསུང་གི་བདུད་རྩིའི་་དབུགས་དབྱུང་སྩོལ་དུ་གསོལ། །
ཞེས་སློབ་དཔོན་ཆེན་པོ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གི་འཁྲུངས་སྐར་བསྟོད་ཚིག་ཏུ་སེར་ལྡན་ངག་དབང་སྟོབས་ལྡན་གྱིས༢༠༡༣།༡༡། ཉིན་སྦེལ་ཀོབ་གཉའ་ཁྲི་དཔེ་མཛོད་ཁང་དུ་བྲིས་པ་དགེའོ། །
སློབ་དཔོན་ཆེན་མོ།
—–བཙན་བྱོལ་བོད་མིའི་ཤེས་རིག་གི་ཡབ་ཆེན་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ།
༡༽ འཁོར་གཡོག་སྟོབས་འབྱོར་ཁྱེད་ལ་མེད་པས་ཨ་རོགས་ཨ་ཇོས་ལོས་རྒོལ་ལགས།།
འཛམ་གླིང་མཁས་པའི་གྲལ་མགོར་བཞུགས་དུས་ཨ་ཇོ་ཨ་ཁུས་ལོས་སྡང་ལགས།།
ཕྲ་རབས་རྡུལ་མཚོན་མུན་པའི་ཀློང་ནས་གནས་ལུགས་གཟིགས་པའི་རྒྱང་ཤེལ་ལགས།།
གནའ་དེང་རིག་གནས་སྙིང་ལ་ཟུག་པས་ཁེར་རྐྱང་གྲོགས་མེད་ཁྱེད་ཉིད་ལགས།།
༢༽ ཁྱེད་ནི་སྐུ་མདོག་གངས་ལས་དཀར་བས་གངས་སེང་དཀར་མོའི་ཚ་བོ་ཡིན།།
ཁྱེད་ནི་གསུངས་དབྱངས་འགྱུར་ཁུག་ལྡན་པའི་ཞི་བདེའི་ལྷ་བྱའི་སེམས་པ་ཡིན།།
ཁྱེད་ཀྱི་ཐུགས་ལ་ཤེས་བྱས་ཕྱུག་པས་རྒྱལ་མོ་རྔུལ་ཆུའི་རླབས་ཕྲེང་ཡིན།།
ཁྱེད་ནི་བསིལ་མོ་ལྗོངས་ནས་ཕེབས་པའི་ཁ་བ་བོད་པའི་ཨ་ཕ་ཡིན།།
༣༽ ལྗོན་ཤིང་ཐམས་ཅད་རླུང་གིས་འཁུར་ཀྱང་སྒམ་ཞིང་རླིང་བའི་རི་བོ་ལགས།།
ཆུ་ཕྲན་ཐམས་ཅད་མེ་ཡིས་བསྐམས་ཀྱང་གཏིང་མཐའ་མི་དཔོག་རྒྱ་མཚོ་ལགས།།
གཞོན་ནུའི་དུས་ནས་གཞན་དབང་གོམས་པའི་སྙིང་རྗེའི་བདག་ཉིད་ཆེན་པོ་ལགས།།
ཁ་བའི་ཁུར་ཆེན་ཕྲག་པར་གཟར་བས་སྐུ་ལ་འོ་བརྒྱལ་མ་བྱུང་ལགས།།
ཕྲན་འབྲི་རུ་བ་སྐལ་བཟང་གིས་སྤྱི་ལོ་ ༢༠༡༣/༡༡/༥/ ཉིན་ཁོང་གི་འཁྲུངས་སྐར་ལ་ཕུལ།
(དེ་རིང་ ༢༠༡༣/༡༡/༥ སྟེ་མཁས་པ་ཀུན་གྱི་གཙུག་གི་རྒྱན་དུ་གྱུར་པ་སློབ་དཔོན་ཆེན་པོ་ཟམ་གདོང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་སྐུའི་འཁྲུངས་སྐར་ཉིན་རིན་པོ་ཆེ་གང་ཉིད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བསྟན་འགྲོར་སྨན་པའི་མཛད་བཟང་རྣམས་ཡར་ངོའི་ཟླ་བ་ལྟར་འཕེལ་བའི་སྨོན་འདུན་ཞུ་བ་དང་། སྔར་ནས་བྲིས་པའི་ཚིགས་བཅད་འགའ་ཡོད་པ་ལྷན་སྦྱར་ཞུ་ན་འདི་ལྟར།)
བཅུ་ཕྲག་ཟམ་ཆེན་བརྒལ་བའི་ཕ་རོལ་ན། །
གནའ་དེང་གཙུག་ལག་ནགས་ལ་དབང་བསྒྱུར་ཅིང་། །
ཆོས་སྲིད་ཁུ་ཆེན་འདེགས་པའི་གདོང་ལྔ་པ། །
གསང་གསུམ་མཛད་བཟང་བོད་ལ་དབང་བར་མཛད། །
བློ་གྲོས་ཁྱོན་ཡངས་ཆུ་གཏེར་ཆེ་ལས་འགོངས། །
བཟང་པོའི་གསུང་གིས་འདོམས་ཚུལ་ཀུན་ལས་འཕགས། །
བསྟན་པའི་གནད་ལ་མཁྱེན་རྩལ་ཀུན་རྫོགས་པའི། །
འཛིན་མའི་མཛེས་རྒྱན་བླ་མར་གུས་ཤིང་བསྔགས། །
གནའ་དེང་གཙུག་ལག་ཟམ་པར་སྟེགས་འཆའ་ཞིང་། །
ཆོས་སྲིད་ཁུར་ཆེན་དགུང་དུ་འདེགས་མཁས་པའི། །
གདོང་ལྔའི་དབང་པོ་ཁྱེད་ཀྱིས་གངས་ཅན་པར། །
ཕུལ་བྱུང་ཞབས་རྗེས་བཞག་པ་ཟུབ་ཏུ་མེད། །
བློ་གྲོས་ཆེན་པོས་བདེན་མཐའ་གསལ་སླད་དུ། །
བཟང་པོའི་ཐབས་ཇུས་སྣ་ཚོགས་འགྲེལ་བཤད་བཅས། །
བསྟན་ཏེ་རང་དབང་སླར་གསོ་ཆོས་སྲིད་གཉིས། །
འཛིན་སྐྱོང་སྤེལ་བའི་རྩ་བ་བརྟན་པར་མཛད། །
ཅེས་པ་འདི་ནི་འཕགས་ཡུལ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་མི་མང་སྤྱི་མགྲིན་གྱིས་བཀའ་བློན་ཁྲི་ཟུར་ཟམ་གདོང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གང་ཉིད་ལ་བཀའ་དྲིན་མཛད་རྗེས་བླ་ན་མེད་པ་དྲན་རྟེན་དུ་གུས་པ་ཆེན་པོས་ཕུལ་བ་ལགས་སོ། །༼ཞེས་པ་འདིའང་གོ་སྒྲིག་པས་སྐུལ་མ་གནང་བ་ལྟར་གུས་པ་མཁར་སྒང་བསོད་ནམས་དབང་ལྡན་གྱིས་བྲིས་པའོ།།༽
བླ་མེད་གུས་འདུད།
རྨོངས་པ་ཀུན་བསལ་ཤེས་རབ་འོད་ཀྱིས་འཚེར།།
གཙུག་ལག་ནོར་ལྡན་ཐུགས་ཀྱི་རྒྱ་མཚོ་ཡངས།།
བློ་སྟོབས་སྤོབས་པའི་རི་བོ་བརྗིད་ཅིང་བརླིང་།།
མཁས་པའི་དབང་པོ་ཟམ་གདོང་བླ་མར་འདུད།།
ལི་ཁྲིའི་མདངས་ལྡན་གོས་བཟང་རྣམ་པར་མཛེས།།
ཡང་དག་ཚུལ་ཁྲིམས་གཙང་མའི་ར་བ་བརྟན།།
ཞི་དུལ་ཚུལ་སྤྱོད་བཟང་པོ་མིག་སྔར་འོང་།།
བཙུན་པའི་མཆོག་གྱུར་ཟམ་གདོང་བླ་མར་འདུད།།
ཐབས་ཤེས་གཉིས་ཀྱི་འཁར་བ་ལ་བརྟེན་ནས།།
རིགས་ཀྱི་ལས་དབང་ལྕི་མོ་ཕྲག་ཏུ་ཁུར།།
རྒྱལ་བའི་ལམ་བཟང་མ་ནོར་སྒྲུབ་མཛད་པ།།
བཟང་པོའི་ཚུལ་ལྡན་ཟམ་གདོང་བླ་མར་འདུད།།
ས་སྟེང་རྡིག་ཅེས་ལྷུང་བའི་དུས་ཚིགས་ནས།།
དུས་ཀྱི་རླབས་རིས་དཔྲལ་བར་མ་བརྩེགས་བར།།
བགྲང་བྱ་དོན་བཞིའི་རྩིས་སུ་འདེབས་པའི་ཉིན།།
འཁྲུངས་སྐར་ཞེས་པའི་དུས་བཟང་བསུ་བ་ཞུ།།
སྐུ་ཚེ་མི་འགྱུར་གཡུང་དྲུང་མཐར་བརྟན་ཅིང་།།
གསུང་དབྱངས་མ་འགགས་ངག་གི་རྩ་གྲོལ་ཏེ།།
ཐུགས་བཞེད་ཟབ་མོའི་དགོངས་པ་ཡོངས་རྫོགས་ཤིང་།།
གངས་ཅན་མགོན་པོའི་ཕྱག་དཔུང་མི་འབྲལ་སྨོན།།
ཞེས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་མཆོག་ཏུ་མངའ་བའི་ཟམ་གདོང་བླ་མའི་འཁྲུངས་སྐར་ཉིན་འབྲི་རུ་ལམ་བཟང་གིས་ཕུལ།
བླ་རྒན་རྒོད་པོ།
—–བཙན་བྱོལ་བོད་མིའི་ཤེས་རིག་གི་ཡབ་ཆེན་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ།
ལྷ་ཚོགས་མནལ་ལ་ཞུགས་པའི་དུས་སྐབས་སུ།།
སྒྲོན་མེ་མུན་པར་སྤྲོ་བའི་སྔ་གཞུག་ཏུ།།
དཔྱོད་ལྡན་གདན་གྲལ་ལྷོད་པའི་དུས་མཐའ་རུ།།
ཤེས་དཔྱོད་སྤོབས་པས་འགྱིངས་པ་ཁྱེད་ཉིད་ཙམ།།
རིག་གཞུང་གསེར་རི་འདེགས་པའི་དཔུང་ཤུགས་དང་།།
དེང་རབས་ལམ་ཆེན་བགྲོད་པའི་གོམ་སྟབས་ཀྱིས།།
ཤེས་རབ་ཕྱི་ལ་སྦར་བའི་དགེ་སློང་བ།།
གནམ་གྱི་ཀ་ཆེན་གྲལ་བསྟར་འོད་ཀྱིས་མཛེས།།
ཤེས་བྱའི་མཐའ་རྒྱ་ཆོད་པའི་སྒེར་ཚུགས་ཀྱིས།།
རྟག་ཆད་གཡང་ལ་ལྷུང་བའི་གནས་བྲལ་བས།།
ལོག་ལམ་གྱི་ནར་འཁྱམ་བའི་སྐབས་འཚོལ་བས།།
ཕྲག་དོག་དུག་ཚེར་གཟེངས་པའང་ཅི་ཡང་མོད།།
ཤེས་རིག་རྒྱ་མཚོའི་ཟབ་ཚད་ལེགས་འཇལ་བས།།
ལམ་སྟོན་གོ་ལོག་སྒྲུབ་པར་མང་ཚོད་ཀྱང་།།
མཛེས་པའི་གར་སྟེགས་བདེན་ལས་མི་གཡོལ་བས།།
ཁྱེད་ཀྱི་སྙན་པ་འཛམ་གླིང་འོད་ལ་བསྙེགས།།
ལེགས་སྦྱར་སྨྲ་བས་འཕགས་ཡུལ་འུར་གྱིས་དཀྲོགས།།
ཆབ་སྲིད་བསམ་བློས་ལྟ་གྲུབ་བློ་མིག་ཕྱེས།།
ཆོས་ལུགས་ཉམས་བཞེས་ཕྱག་ལེན་ཁྲོད་ནས་བསྟན།།
ཤེས་རིག་ཡབ་ཆེན་ཁྱེད་ལས་གང་དུ་འཚོལ།།
རང་སྐད་རང་ཡིག་དགེ་མཚན་འོད་ཀྱིས་འགྲེལ།།
ཆོས་ཚན་བགྲོ་གླེང་རྣམ་དཔྱོད་མཛེས་པས་སྒྲོག།
རིགས་ཀྱི་སོན་རྩ་སྐྱེད་པའི་རྨང་གཞི་རུ།།
ཤེས་ཡོན་སྲིད་གསར་སྒོ་མོ་སྟོབས་ཀྱིས་ཕྱེས།།
ངོ་གཉིས་སྤངས་ཏེ་རྒྱལ་བའི་དཔུང་རོགས་གནང་།།
སྙིང་སྟོབས་བདེན་པས་འདྲེ་ཚོགས་གདོང་ལ་བུད།།
སྐུ་དྲག་ཉམས་སྤངས་དམངས་དོན་སྒྲུབ་པར་གཞོལ།།
ལེགས་བྱས་འདི་དག་འོད་ནས་འོད་ལ་བསྙེགས།།
ཅིག་གིས་ཁྱེད་ཀྱིས་ཆབ་སྲིད་མི་ཤེས་ཟེར།།
གཞན་དག་ཁྱེད་ཉིད་རྩོམ་མཁན་མ་ཡིན་སྒྲོག།
ད་དུང་ཁྱེད་རང་ནག་ཅན་ཡིན་ནོ་ལོ།།
སྨྱོན་པའི་ལབ་བརྡོལ་ཙམ་དུ་སྔར་ནས་རྟོགས།།
སྤྱིའི་ཆེད་སྒེར་དོན་བཀག་པས་ཁྱེད་ལ་སྡང་།།
གཞུང་ལས་ཆོལ་ཞེན་སྤངས་པས་ཁྱེད་ལ་འཁོན།།
འཕྲལ་ལས་ཕུགས་རིང་བསམ་པས་ཁྱེད་ལ་རྒོལ།།
འདི་ནི་ཁྱེད་ལ་སྨད་པའི་གཏན་ཚིགས་དངོས།།
ངེས་དོན་སྣང་བ་དཀར་བོའི་འོད་ངོགས་ན།།
ཁྱེད་ནི་གནའ་དེང་ཤེས་བྱའི་ཡབ་ཆེན་ཞིག །
འཚོ་གནས་འཐབ་འཛིང་མོད་པའི་ཁོར་ཡུག་ན།།
ཁྱེད་ནི་ཞི་དུལ་གཉོམ་པོའི་དགེ་སློང་ཞིག །
བཙན་བྱོལ་ལོ་ཟླ་སྐྱོ་བོའི་གྲིབ་གཟུགས་ན།།
ཁྱེད་ནི་ཤེས་ཡོན་སྣང་བའི་སྒྲོན་མེ་ཞིག །
གཞུང་སྒྲོག་སྒེར་དོན་རྩོད་པའི་དཔོན་སྟེགས་ན།།
ཁྱེད་ནི་སྤྱི་ཁྱབ་བསམ་པའི་གཙོ་འཛིན་ཞིག །
དེང་རབས་འུར་གྱིས་སྒྲོག་པའི་དུས་སྐབས་སུ།།
ཁྱེད་ནི་སྲོལ་རྒྱུན་སྨྲ་བའི་སློབ་དཔོན་ཞིག །
སྤྱི་ཚོགས་ངལ་བས་གདུང་བའི་དུས་ཚིགས་ལ།།
ཁྱེད་ནི་སེམས་གཤིས་སློབ་དཔོན་རྣམ་དག་ཅིག །
སྨྲ་ལྕེ་བརྒྱ་ཡིས་ཁྱེད་ཡོན་བཀླགས་ནུས་བྲལ།།
བགྲང་བྱ་སྟོང་ལ་བསྔགས་བརྗོད་ཚར་ཐབས་དབེན།།
དེ་བས་ཁྱེད་ཡོན་བརྗོད་པའི་རྩོམ་ཐུང་འདི།།
བྱས་པ་དྲིན་གཟོའི་མཚོན་ཐབས་ཙམ་དུ་ཕུལ།།
སྤྱི་ལོ་ ༢༠༡༣/༡༡/༥/ ཉིན་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་ཁོང་གི་འཁྲུངས་སྐར་ལ་ཕུལ།
སྟོན་མཆོག་གཉིས་བ་ཟེར་ན་ཆེ་དྲགས་རེད། གང་ལྟར་བླ་རྒན་ཁོང་སྐྱེས་བའི་ཉིན་མོ་འདི་ལ་བཀྲིས་བདེ་ལེགས་ཞུ།
སྔོན་མ་དགེ་བཤེས་ལབ་སོང་། ན་ནིང་ཞིག་ལ་པན་ཆེན་ཟེར་ཀྱིན་འདུག ད་ལོ་སློབ་དཔོན་། སོང་གནང་དགེ་རྒན། བཞེས་གནང་གྲྭ་རྒན། དེ་ནས་མི་རྒན་།
ཁྲི་བྱང་རྡོ་རྗེ་འཆང་གི་ཐུགས་ཀྱི་སྲས་བོ།།
བསྟན་འཛིན་རྒྱ་མཚོ་ཞབས་ཀྱི་དགེ་སྤུན་མགོ་དཀར།།
ཝར་ཎ་མཐོ་སློབ་བསྐྱངས་པའི་དམག་སྤྱི་དཔུང་ཆེན།།
བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཏོག་དངོས་ཡིན་ནམ།།
དགུང་གྲངས་དོན་བཞིར་སླེབས་པར་ཤིས་པའི་སྐྱེས་ཡོད།
མཁས་རྒུ་དབུས་ན་ཁྱུ་མཆོག་བཞིན་དུ་ཀུན་གྱིས་བཀུར་བའི་གཙུག་ནོར་ཉིད།།
རིག་པའི་ཤེས་རབ་ཀློང་དུ་རྡོལ་བའི་འཇམ་པའི་དབྱངས་ཀྱི་ཐུགས་སྲས་ཤིག།
བྱམས་པའི་སེམས་ཀྱིས་དགྲ་སེམས་འཇོམས་པའི་མ་ཧཱ་གན་ངྡིའི་ལྟ་གྲུབ་མཆོག།
བདེན་པའི་སྲོག་གིས་གཙུག་ཏུ་བཀུར་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག།
ཟང་ཟིང་འཁོར་བའི་འདོད་རྒུའི་དཔལ་ཡོན་ཆགས་མེད་སྟོང་བའི་ངང་ལ་བསྒྱུར།།
ཟབ་ཟབ་རིག་པའི་གཞུང་བརྒྱའི་གླགས་བམ་དཔྱད་པ་སྟོང་གིས་མཐིལ་དུ་བྱིན།།
ཆགས་འཇིགས་རྒུད་པའི་གཏིང་མཐར་བྱིངས་པའི་དུས་རབས་ཤིག་གི་སོ་ཁ་ནས།།
བཙན་རྫོང་སྟོང་གིས་བསྐྲུན་པ་མེད་པའི་མི་རིགས་ཤིག་བླ་མཁར་བཞེངས།།
ཆོས་སྲིད་དབུ་འཕང་དགུང་པ་གཏོད་པའི་རིན་ཆེན་སྲོག་གི་ཀ་བ་དེ།།
མི་ནུབ་སྐལ་བརྒྱར་མཛད་འཕྲིན་རྒྱས་པའི་སྐུ་ཡི་འཁྲུངས་སྐར་ཡང་ཡང་བསུ།།
དགའ་མ་དགའ་ནི་གནས་ཚུལ་གཞན་ཞིག་རེད།
བཙན་བྱོལ་ནང་གི་རླབས་ཆེན་གྱི་མི་སྣ་ཞིག་ཡིན།
ཁོང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་འོས།