༼ན་གཞོན་དྲ་བ་༽རུ་གསལ་བ་ནས་འདིར་འདྲེན་བཀོད་ཞུས་པ་ཡིན།
དེ་རིང་ང་ཚོ་ཡིད་ཤིན་ཏུ་སྐྱོ་བའི་ངང་ནས་མིང་དུ་གྲགས་པའི་སློབ་གསོ་སྨྲ་བ་པོ། མཁས་པ་དམ་པ། མི་རིགས་སློབ་གསོའི་དཔའ་བོ། རྩིས་རིག་གི་སྐད་གཉིས་གསོའི་སྲོལ་འབྱེད་པ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པ། རྒྱལ་ཁབ་དང་མི་རིགས་ལ་སྙིང་ཁོང་རུས་པའི་གཏིང་ནས་བརྩེ་སེམས་ཆེ་བའི་བློ་མཐུན་བཀའ་དྲིན་ཅན་རྒན་སངས་རྒྱས་རྒྱལ་ལ་ཡིད་ཤིན་ཏུ་རབ་ཏུ་གདུང་བའི་སྒོ་ནས་སྙིང་ཐག་པ་ནས་མྱ་ངན་ཞུ་རྒྱུ་ཡིན།
སྙིང་ཉེ་བའི་བློ་མཐུན་དམ་པ། རྒན་སངས་རྒྱས་རྒྱལ་ལགས་སྙུང་གཞི་ཕོག་རིང་ད་དུང་རྒྱལ་ཁབ་ཀྱི་མི་རིགས་སློབ་གསོའི་ལས་དོན་ལ་སྔར་བཞིན་ཐུགས་འཁུར་དང་ཞུམ་པ་མེད་པས་སྙིང་སྟོབས་བསྐྱེད་མོད། མཐར་གང་ལྟར་བྱས་ཀྱང་སྙུང་གཞིར་ཟློག་མ་ཐུབ་པར་ཕྱི་ལོ༢༠༡༡ལོའི་སྤྱི་ཟླ༧པའི་ཚེས༢༦ཉིན་གྱི་ཕྱི་དྲོའི་དུས་ཚོད༢དང་སྐར་མ༤༦སྟེང་ངང་རྒྱུད་བཟང་ཞིང་གཤིས་རྒྱུད་འཇམ་པའི་ཁོ་རང་ཟི་ལིང་རང་ཤག་ཏུ་ཡ་མཚན་པའི་ལྟས་དང་བཅས་ཚེ་འཕོས་ཤིང༌། ཏག་ཏག་དགུང་ལོ༥༥ཡིན།
ཁོང་ནི་སྤྱི་ལོ༡༩༥༧ལོ་སྟེ་རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ་ཡི་ལོར་མདོ་སྨད་རྡོ་སྦིས་ཡུལ་གྱི་གཤོང་བ་སྡེ་བར་ཕལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང༌། སྤྱི་ལོ༡༩༧༤ལོ་ནས་མཚོ་སྔོན་ཞུན་ཧྭ་རྫོང་རྐང་ཚྭའི་འབྲོག་སྡེ་ཞིག་ནས་དམངས་སྒྲུབ་དགེ་རྒན་བྱས་ཤིང་བྱ་བ་ལས་འགོ་བརྩམས། ༡༩ ༧༥ལོ་ནས༡༩༧༨ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་རིག་སྡེ་ཁག་ནས་སློབ་མཐར་ཕྱིན། ༡༩༧༨ལོ་ནས༡༩༨༧ལོའི་བར་དུ་སྔ་གཞུག་ཏུ་མདོ་སྨད་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་སློབ་གསོ་སློབ་གླིང་དུ་གྲངས་རིག་པའི་དགེ་རྒན་བྱས་ཤིང༌། དེང་རབས་གྲངས་ཀྱི་རིག་པ་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པའི་སྲོལ་ཐོག་མར་ཕྱེས།
སྤྱི་ལོ༡༩༨༧ལོ་ནས༡༩༨༨ལོའི་བར་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བའི་དགོངས་པ་ལྟར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་སྟོན་ཁང་གི་མགོ་ཁྲིད་ཀྱི་འགན་ཁུར། དེ་ནས་སླར་མཚོ་སྔོན་སློབ་གསོ་སློབ་གླིང་དུ་ལོག་ནས་ལོ་ངོ་གཅིག་གི་རྗེས་ཏེ། ༡༩༩༠ལོ་ནས༡༩༩༡ལོའི་བར་དུ་མཚོ་སྔོན་མགོ་ལོག་ཁུལ་སློབ་གསོ་ལས་ཁུངས་སུ་མགོ་ཁྲིད་ཟུར་པའི་འགན་ཁུར། དེའི་རིང་གཞི་རིམ་བོད་ཀྱི་སློབ་གསོའི་ལས་དོན་ལ་རྟོག་དཔྱོད་དང་ཞིབ་འཇུག་བྱེད་ཞོར་དུ་རྗེ་བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ་ལ་བསྟེན་ནས་མདོ་སྔགས་རིག་གནས་ཀྱི་གཞུང་ལ་ཐོས་བསམ་བྱས། དེ་རྗེས༡༩༩༡ལོ་ནས་ད་ལྟའི་བར་དུ་སྔ་ཕྱི་མཚོ་སྔོན་སློབ་གསོ་སློབ་གླིང་མི་རིགས་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པའི་འགན་ཁུར་ཏེ། སྔར་བཞིན་བོད་ཡིག་གི་ལམ་ནས་དེང་རབས་གྲངས་རིག་གཙོ་བྱས་བོད་ཀྱི་སྐར་རྩིས་རིག་པ་སོགས་སློབ་ཁྲིད་བྱས། དེ་དང་དུས་མཚུངས་སུ་སིན་གཱ་ཕོ་ནན་ཡང་རྩིས་ཚན་བཟོ་རིགས་སློབ་ཆེན་དང༌། ཨ་རིའི་ལྦི་ཇི་ནེ་ཡཱ་སློབ་གྲྭ་ཆེན་མོ། ཤང་ཀང་སློབ་གྲྭ་ཆེན་མོ། པེ་ཅིན་སློབ་གྲྭ་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། པེ་ཅིན་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་སུ་བོད་ཀྱི་རིག་གནས་དང་འབྲེལ་བའི་གསུང་བཤད་ཀྱང་སྣ་ཚོགས་གནང་མྱོང༌།
ལོ་བཅུ་ཕྲག་དུ་མའི་བྱ་བའི་ཞོར་དུ་སྔ་རྗེས་སུ་རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་དར་རྒྱས་ཚང་དང༌། རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། རྗེ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས། རྗེ་གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོ་བསམ་སྦྱོར་གཉིས་ཀྱིས་བསྟེན་ནས། བླ་མ་མཆོད་པའི་ཁྲིད་ཡིག་དང༌། བྱང་ཆུབ་ལམ་རིམ་ཆེ་ཆུང༌། འཇམ་དཔལ་ཞལ་ལུང༌། སྤྱོད་འཇུག་ཆེན་མོ། བློ་སྦྱོང་སྙན་བརྒྱུད་ཆེན་མོ། རྟེན་འབྲེལ་བསྟོད་པ། ཕྱག་ཆེན་རྩ་འགྲེལ་སོགས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་ཅུང་ཟད་བྱས། ཁྱད་པར་དུ་རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོའི་མདུན་ནས་སྐར་རྩིས་རིག་ལྡན་སྙིང་ཐིག་དང༌། རིག་ལྡན་མཆོད་པའི་འོད་སྣང༌། ཀུན་འདུས་ནོར་བུ། རྒྱ་རྩིས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་བཅས་ལ་སྦྱངས་བ་བྱས་པ་མ་ཟད། ༢༠༠༡ལོ་ནས་བླ་མ་རིན་པོ་ཆེ་རྗེ་ཤར་གདོང་རིན་པོ་ཆེས་ངག་བཅོལ་ལྟར། གཅན་ཚ་ངང་རོང་དགོན་གྱི་མཁས་གྲུབ་དམ་པ་འཇམ་དབྱངས་དམ་ཆོས་ཚང་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བྱེད་པའི་སྐལ་བ་ཐོབ།
བསྒྱུར་ཡིག་དང་བརྩམས་ཆོས་གཙོ་བོ་པར་སྐྲུན་བྱས་པའི་སྐོར་ལ།༼གྲངས་རིག་རྒྱ་མཚོའི་འཇུག་ངོགས༽
༼དབྱིབས་རིག་ཞིབ་འགྲེལ༽མཐོ་རིམ་སློབ་འབྲིང་གི༼གྲངས་རིག༽༼ཚབ་རྩིས༽༼གྲངས་རིག་སློབ་ཁྲིད་བྱེད་ཐབས༽༼མཐོ་རིམ་ཚབ་རྩིས༽༼གྲངས་རིག་དབྱེ་ཞིབ༽སོགས་བསྒྱུར་ཡིག་དང་ཞུ་དག་པའི་ལས་འགན་ཁུར།
གཞན།༼རྟེན་འབྲེལ་བསྟོད་པའི་འགྲེལ་བ༽(ཟིན་བྲིས)༢༠༠༠ལོར་མཚོ་སྔོན་མི་རིགས་ དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།༼སྐར་རྩིས་དང་སྐྱེ་ཁམས༽བོད་བརྒྱུད་ནང་བསྟན་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ་སྐོར་གྱི་དྲི་བ་དང་དྲིས་ལན༼སྐྱེ་དགུ་ཕན་བདེའི་འབྱུང་གནས༽པར་སྐྲུན་བྱས། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས་གསུངས་པ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ཟིན་བྲིས་སུ་མཛད་པ༼ལམ་རིམ་བརྗེད་བྱང་ཆེན་མོ་ཕན་བདེ་འབྱུང་གནས༽ཞེས་བྱ་བའི་མིང་སྦྱར་ཏེ་རྩིས་འཕྲུལ་དུ་བཅུག་ནས་དཔེ་ཆ་སྟོད་སྨད་གཉིས་སུ་པར་སྐྲུན་བྱས།
བཀོད་ཟིན་པའི་དཔྱད་རྩོམ་གཙོ་བོའི་སྐོར་ལ།༼བོད་ཡིག་ཨང་ཀིས་མཚོན་བྱེད་འཕྲུལ་གྱི་གཤོག་པ༽༼སིན་གཱ་ཕོའི་སྐད་གཉིས་སློབ་གསོ་དང་བསྡུར་དེ་དཔྱད་པ།༽༼དུས་རབས་ཉེར་གཅིག་པའི་བོད་ཀྱི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས༽༼བོད་རིགས་སློབ་གྲྭ་ཆེན་མོའི་བསླབ་གཞི་བཅོས་བསྒྱུར་སྐོར་གྱི་དཔྱད་གཏམ༽༼བོད་རིགས་འབྲོག་ཁུལ་གྱི་ཐོན་ཁུངས་སྐོར་གྱི་དཔྱད་གཏམ༽བཅས་ཚགས་པར་དང་དུས་དེབ་སྟེང་སྔ་གཞུག་ཏུ་དཔྱད་རྩོམ་བཅུ་ཕྲག་ལྷག་བཀོད་ཡོད།
ལས་གཞི་གཙོ་བོ་བསྒྲུབ་པའི་གནས་ཚུལ་སྐོར་ལ། ༡༽འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་སྒོས་བོད་ཀྱི་རོང་འབྲོག་ས་ཁུལ་དུ་བོད་རིགས་དགེ་རྒན་གསབ་སྦྱོང་འཛིན་གྲྭ་སྣ་ཚོགས་སྒྲུབ་པ་དང༌། མདོ་དབུས་མཐོ་སྒང་གི་རི་ཆུ་སྐྱེས་སྲོག་ཆགས་དང༌། རྩི་ཤིང༌། ཆུ་བོ་བཅས་དང་འབྲེལ་བའི་ས་གནས་སློབ་གྲྭའི་བསླབ་གཞི་སྒྲིག་པའི་གཙོ་འགན་ཁུར་ཏེ་དཔེ་ཆ་དེབ་ལྔ་དང༌། ༢༽ཤང་ཀང་སྦྱིན་སྤྲོ་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་སྒོས། ས་གནས་དང་སློབ་གྲྭའི་བསླབ་གཞི་སྒྲིག་པའི་གཙོ་འགན་ཁུར་ཏེ། བོད་མིའི་འདུ་ཤེས་དང༌། བོད་ཀྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། བོད་ཀྱི་རི་མོ། བོད་ཀྱི་གླུ་གར། བོད་ཀྱི་ལག་རྩལ་བཅས་ཕྱོགས་ལྔའི་ནང་དོན་འཛོམས་པའི་དཔེ་དེབ་ལྔ་བཅས་ཁྱོན་སྡོམ་དགེ་སློབ་ཟུང་གི་དཔེ་དེབ་བཅུ་བཅས་ཀྲུང་གོ་བོད་ཀྱི་ ཤེས་རིག་དཔེ་སྐྲུན་ཁང་དུ་དཔར་སྐྲུན་བྱེད་བཞིན་པའི་སྒང་ཡིན། ༣༽ཤང་ཀང་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་སྒོས། ཀྲུང་གོ་བོད་ཀྱི་སློབ་གསོ་དྲ་བ་བཅས་ལས་གཞི་གང་མང་བསྒྲུབ།
ཡིད་ཕངས་པ་ཞིག་ལ༼བཀྲ་ཤིས་པདྨོ་གླིང༽ཞེས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་རྒྱ་ཆེ་བའི་ལས་གཞིའི་ཞིག་སྟེ། མིང་གཞན་ལ་ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་བསྐོར་ཐོན་ལས་སྤྱི་གླིང་ཞེས་བྱ་ཞིང་། བྱེ་བྲག་ཏུ་༼ཙོང་ཁ་སློབ་གྲྭ་ཆེན་མོ ༽ ༼ བོད་ཀྱི་ལོ་རྒྱུས་རིག་གནས་དངོས་མང་བཤམས་སྟོན་ཁང༽༼ རྡོ་རྗེ་རྣལ་འབྱོར་མའི་དུས་འཁོར་བློས་བསླངས༽༼ མདོ་དབུས་ཁམས་གསུམ་དམངས་སྲོལ་གླིང༽བཅས་སྐུ་འབུམ་ལུང་ཁོག་འདིར་འཛུགས་རྒྱུའི་འཆར་གཞི་དང་དམིགས་ཡུལ་སྤུས་གཙང་ཞིག་བཟོས་ཟིན་པར་མ་ཟད། སྙན་ཞུ་ཡང་སྲིད་གཞུང་དང་ཁེ་ལས་པ་རེ་འགར་དངོས་དང་བརྒྱུད་པའི་སྒོ་ནས་ཕུལ་ཟིན་མོད། ད་ནི་བྱ་གཞག་རླབས་པོ་ཆེ་འདི་ཉིད་ལས་འཕྲོ་ཅན་དུ་ལུས་སོང་བ་ནི་ང་ཚོ་ཚང་མའི་འགྱོད་པ་ཞིག་རེད།
བྱ་དགའ་གཙོ་བོ་ཐོབ་པའི་གནས་ཚུལ་སྐོར་ལ། ༡༩༨༦ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་དཔེ་ལེགས་ཅན་དང༌།༡༩༩༦ལོར་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭ་ནས་མི་རིགས་འཛིན་གྲྭ་བསྒྲུབས་པའི་དཔེ་ལེགས་མི་སྣ་དང༌། ༢༠༠༡ལོའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་མཛད་རྗེས་ཨང་གཉིས་པའི་བྱ་དགའ་བཅས་ཐོབ།
བྱ་བའི་ཞོར་དུ་ལས་འགན་ཁུར་བའི་སྐོར་ལ། རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་སྐབས་དང་པོ་ནས་དྲུག་པའི་བར་གྱི་ཨུ་ཡོན་དང༌། མཚོ་སྔོན་ཞིང་ཆེན་ལོ་ཙཱ་བ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོའི་ལྟེ་གནས་ཀྱི་མགོ་གཙོ་གཞོན་པ་བཅས་ཀྱི་འགན་བཞེས་མྱོང༌།
མདོར་ན། དེང་རབས་ཀྱི་རིག་གནས་བོད་རིགས་ཅན་དང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་དེང་རབས་ཅན་དུ་སྒྱུར་བའི་ལས་དོན་དང༌། རྒྱ་བོད་ལོ་ཙཱའི་བྱ་བ་བླ་ལྷག་ཏུ་བསྒྲུབ་ཏེ་སློབ་གསོ་དང་མི་རིགས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་མོ་བཞག
ཁོང་གིས་སྐུ་ཚེ་ཧྲིལ་བོར་ཏང་གི་སློབ་གསོའི་མཛད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐའ་འཁྱོལ་ཡོང་བ་བྱས་ཏེ། ཏང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཁྱད་པར་དུ་མི་རིགས་སློབ་གསོའི་ལས་དོན་འཛིན་སྐྱོང་སྤེལ་གསུམ་ཐད་བྱས་རྗེས་ཆེན་པོ་བཞག་ཡོད།
དགེ་རྒན་ཁོང་ཚེ་འཕོས་པ་འདི་ནི་ཀྲུང་གོའི་སློབ་གསོའི་མཁའ་དབྱིངས་སུ་བཀྲག་མདངས་འཚེར་བའི་སྐར་མ་འོད་ཆེན་ཞིག་ནུབ་པ་གྱུར་པ་དང་། ཁྱད་པར་དུ་མི་རིགས་སློབ་གསོ་དང་སྐད་གཉིས་སློབ་གསོར་གྱོང་གུད་ཆེན་པོ་ཞིག་བཟོས་སོང་།
ང་ཚོ་ཡིད་རབ་ཏུ་སྐྱོ་བའི་ངང་ནས་བློས་ཐུབ་ཀྱི་གྲོགས་པོ་དམ་པ། དགེ་རྒན་སངས་རྒྱས་རྒྱལ་ལགས་ལ་མྱ་ངན་ཞུས་ཏེ་ཁོང་གི་བླ་མེད་ཀྱི་གཤིས་ཀ་དང་འགྱུར་མེད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། མྱ་ངན་ནི་སྤོབས་པ་དང༌། སྤོབས་པ་དེ་སྒུལ་ཤུགས་སུ་བསྒྱུར་ཏེ། འབྱུང་འགྱུར་གྱི་སྤྱི་ཚོགས་ཁྲོད་དགེ་རྒན་དམ་པ་ཁོང་ལ་མིག་དཔེར་བལྟས་ནས་ཁ་མིན་དོན་གྱི་ཤེས་ལྡན་མི་སྣ་མང་པོ་ཞིག་སྐྱེད་སྲིང་བྱ་བར་འབད་པར་བྱའོ། །
མཐར། སྙིང་ཉེ་བའི་དགེ་རྒན། ཞེ་མཐུན་པའི་དགེ་གྲོགས། རྒྱུད་འཇམ་པའི་འགོ་ཁྲིད། མི་རིགས་སློབ་གསོ་ཡི་དཔའ་བོ། དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་ཁྱེད་རང་དུས་གཏན་དུ་མནལ་གཟིམས་ནའང་། ཁྱེད་ཀྱི་དགོངས་པ་ཡུན་ནས་ཡུན་དུ་བརྟན་ཞིང་གནས་པའི་སྨོན་འདུན་ཞུ ། །
ཕྱི་ལོ༢༠༡༡ལོའི་སྤྱི་ཟླ༧པའི་ཚེས༢༧ཉིན་ལ་བྲིས་པ་དགེ་གྱུརད་ཅིག །
༼ཞེས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་མིང་འཛིན་པའི་གྲལ་མཐའ་བ་སྐ་ཕུག་ཕག་མོ་ཚེ་བརྟན་ནས་རེམ་རེམ་མགྱོགས་མགྱོགས་ངང་དད་གདུང་ཆེན་མོས་རང་གི་ཤེས་ཚོད་འདི་ཙམ་འབྲི་ཁུལ་བྱས་པ་ལ། ད་དུང་གཉེན་ཉེ་གྲོགས་པོ་དང་ཐུགས་སྲས་སུ་ལ་ཁ་གསབ་ནོར་སྐྱོན་ཅི་མཆིས་ཡོ་བསྲང་རང་དབང་དང་བསམ་འཆར་ངོ་བརྗོད་ཡོད་པའི་རེ་བ་ཞུ་ཞུ།༽
རང་གི་སྐད་ཡིག་ལ་མཁས་བ། གཞན་གྱི་སྐད་ཡིག་ཤེས་བ། རང་གི་རིག་གནས་ལ་མཁས་བ། གཞན་གྱི་རིག་གནས་ཤེས་བ། འདི་ཁོང་གི་གསུང་ཞིག་རེད་བསམ་སོང་།
འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པར་ཤོག ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
དགེ་རྒན་ཆེན་པོ་སངས་རྒྱས་སྐུ་ཚེ་མ་ཟིན་པ་ནི་གོད་ཆག་ཆེན་པོ་ཞིག་རེད། གཏམ་འདི་ཐོས་རྗེས་འགྱོད་པས་གདུངས་ལ། སེམས་རབ་ཏུ་སྐྱོ། ལོ་ངོ་བཅུ་ཕྲག་མང་པོར་བོད་ཀྱི་གཞོན་རབས་རྣམས་ལ་ནང་བསྟན་གྱིས་མཚོན་པའི་རིག་གནས་རྒྱུན་སྐྱོང་ཐུབ་པར་འབུར་དུ་ཐོན་པའི་མཛད་རྗེས་བཞག་མྱོང་མཁན། མི་རིགས་སློབ་གསོའི་དགེ་རྒན་ཆེན་པོ་ཁོང་སྐུ་གཤེགས་པ་སྔ་དྲགས་སོང་། ཁོང་ལྟ་བུ་ནི་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་བོད་ཀྱི་སྐད་ཡིག་གི་ཐོག་ལ་བྱས་རྗེས་ཆེ་བའི་སློབ་དཔོན་ཆེན་པོ་ཞིག་ཡིན་པར་མ་ཟད། ཁོང་དང་ཁོང་ལྟ་བུའི་མཁས་དབང་རྣམ་པའི་སྐུ་དྲིན་ཉག་གཅིག་ལས་དེང་སང་ཚན་རིག་གི་ཨང་རྩིས་རྣམས་བོད་སྐད་ཐོག་གཏན་ལ་ཕབ་པ་དང་གྲངས་རིག་གཏན་ཚུགས་ཀྱི་ལོ་རྒྱུས་དངོས་གནས་ཞིག་མཐོང་རྒྱུ་བྱུང་ཡོད་པ་རེད། འདི་ཤེས་དགོས་པའི་གནད་འགག་གཅིག་རེད་ལ། བོད་ཀྱི་རྗེས་རབས་པ་རྣམས་ཀྱིས་ར་སྤྲོད་བྱ་ངེས་རེད། དགེ་རྒན་དམ་པ་ཁོང་ནི་སྐུ་ན་ཆུང་ངུའི་དུས་ནས་རབ་བྱུང་བ་ཞིག་མིན་ན་ཡང་ཕྱིའི་སྤྱོད་པ་ཞི་ཞིང་དུལ་བ། ནང་གི་བསམ་པ་གཞན་ཕན་སྙིང་རྗེས་ཕྱུག་པ་སོགས་དམ་པའི་མཛད་སྤྱོད་ལ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ང་རང་ཆུང་དུས་གྲྭ་བ་བྱས་ནས་ཟླ་བ་ཁ་ཤས་ཕྱིན་རྗེས་ཁོང་ལ་ཐུག་མྱོང་། ཉིན་ཞིག་ཁོང་ང་ཚོའི་རྩར་ཕེབས་ནས་ང་ཚོ་གྲྭ་ཕྲུག་ཚོའི་མདུན་ནས་ཁ་བརྡ་བྱེད་ཞོར་དམ་པའི་ཆོས་ཀྱི་བསླབ་བྱ་གནང་མྱོང་ལ། ཞོར་དུ་རྒྱལ་དབང་བཅུ་བཞི་བ་ཆེན་པོའི་གསོལ་འདེབས། ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་བསྟན།།འཛིན་མཁས་རྒྱལ་བ་རྒྱ་མཚོའི་གངས་རིའི་མགོན།།སྲིད་གསུམ་དབང་བསྒྱུར་ཕན་བདེའི་བདུད་རྩིའི་མཛོད།།མཚུངས་བ་མེད་པའི་བདེ་ལ་གསོལ་བ་འདེབས།།ཅེས་པའི་གསོལ་འདེབས་འདི་ཁོང་ཉིད་ཀྱིས་བསླབས་བྱུང་། ལོ་ཤས་རིང་དད་པས་ཧུར་ཐག་གིས་བཏོན། འོན་ཀྱང་དེ་དུས་དོ་སྣང་མ་བྱུང་། རྗེས་སུ་རྒྱ་གར་ལ་བསླེབས་རྗེས་འབྲས་སྤུངས་ཚོགས་ཆེན་དུ་ཞལ་འདོན་སྐབས་གསོལ་འདེབས་ཚིག་དེ་གསལ་བོར་གོ་བྱུང་བས། གཞི་ནས་སློབ་དཔོན་སངས་རྒྱས་རྒྱལ་ལ་དོ་སྣང་ཞིག་བྱུང་ལ། དེ་ནི་ཁོང་གིས་བསླབས་པའི་གསོལ་འདེབས་དེ་རེད།
ཁ་སང་འདི་གར་འབྲས་ཀླུ་འབུམ་ཁམས་ཚན་དུ་འདུས་མང་ཡོངས་ནས་སྐུ་གཤེགས་སློབ་དཔོན་དམ་པ་ཁོང་གི་ཆེད་དུ་བསྔོ་སྨོན་ཞིག་ཀྱང་མཛད་སོང་།།
སེམས་གཏིང་ནས་མྱ་ངན་དང་གུས་འདུད་ཞུ།
སློབ་དཔོན་སངས་རྒྱས་རྒྱལ་བོད་ཀྱི་རིག་གནས་ལ་ཕྱག་ལས་འགངས་ཅན་མཛད་པའི་དགེ་བས་དམ་པ་དེ་ཉིད་སླར་མིའི་སྐྱེ་བ་བཟང་པོར་འཁྲུངས་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་བཀའ་བསྟན་ལ་ལེགས་པར་སྦྱངས་མེད་པ་དག་གི་ཤན་ཞུགས་ཏེ། སྩལ་པ་ཞེས་པ་ལ་བསྩལ་བ་ཞེས་་སོགས་བོད་སྤྱི་སྐད་ལ་གནོད་པའི་ཚིག་དག་སེལ་བར་བྱེད་པ་ལ་མཁས་པའི་ཡང་རྩེར་སོན་པའི་སྐྱེས་བུར་གྱུར་ཅིག་སྨོན་ལམ་ཞུ།
ལུས་ཅན་དག་གི་ལས་རྣམས་ནི།
བསྐལ་པ་བརྒྱར་ཡང་ཆུད་མི་ཟ།
ཚོགས་ཤིང་དུས་ལ་བབ་པ་ན།
འབྲས་བུ་ཉིད་དུ་སྨིན་པར་འགྱུར།།
མདོ་སྡེ་ལས་བརྒྱ་པ་སོགས་ནའོ།།
མི་རིགས་སློབ་གསོའི་ལས་དོན་ལ་བྱས་རྗེས་བླ་ལྷག་ཏུ་ཆེ་བའི་དགེ་རྒན་ཆེན་མོ་ཁོང་བློ་བུར་དུ་སྐུ་ཚེ་འཕེན་པ་རྫོགས་པ་ཡིད་སྐྱོ་དང་ཕངས་སེམས་མཉམ་དུ་སྐྱེས།
དཔལ་ཁང་ལོ་ཙཱ་བས་མཛད་པའི་དག་ཡིག་ངག་སྒྲོན་ལས། བཀའ་སྩོལ་དངོས་གྲུབ་སྩལ་དང་སྩོལ།།སྦྱིན་པ་སྩལ་བགྱི་བགྱིད་དུ་སྩལ།།སྩལ་དུ་གསོལ་སོགས་སར་བཏགས་ཙའོ།།ཞེས་གསུངས་པ་དང་། སྤྱི་ལོ་༡༩༣༧་ལོར་སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་དག་ཡིག་ངག་སྒྲོན་གྱི་འགྲེལ་བ་ལས། ༼དུས་གསུམ་གྱི་ཚེ་ཕལ་ཆེར་སྩལ་ཞེས་འབྱུང་ཞིང་སྔོན་འཇུག་སྦྱར་ན་འདས་མ་འོངས་གོ་བར་མ་ཟད་བསལ་བའི་དོན་ཡང་སྟོན༽ཞེས་གསུངས་པ་དང་། བརྡ་རྙིང་ལ་སེལ་བ་ལ་སྩེལ་བ་དང་སོགས་ལ་སྩོགས་ཅེས་ཟེར། གསང་འདུས་རྩ་རྒྱུད་དང་བདེ་མཆོག་རྩ་རྒྱུད་སོགས་ན་སྩལ་དུ་གསོལ་ཞེས་བ་ལ་བས་འཕུལ་མི་འདུག བོད་རྒྱ་ཚིག་མཛོད་དུ་ཁུ་ནུ་བླ་མས་གསུངས་པ་ལྟར་བས་འཕུལ་སྦྱར་ནས་བསྩལ་དང་སྩོལ་སོགས་བྱ་བྱེད་ཐ་དད་ལ་སྦྱར་རོ། །
ཁོང་གི་མཛད་རྗེས་གཙོ་བོ་དག་གསལ་བོ་དག་པོ་ཞིག་ངོ་སྤྲོད་གནང་ཐུབ་སོང་ན། ང་ཚོས་ཁོང་དང་ཁོང་གི་ཤུལ་ལུས་ནང་མི་ཚང་མར་གུས་བཀུར་དང་མྱ་ངན་དོན་ལ་གནས་པ་ཞིག་བྱ་ཐུབ་སོང་བ་རེད། ངོ་སྤྲོད་གནང་མཁན་འདྲ་ཡོད་ན་ཐུགས་རྗེ་ཆེ།
བོད་མི་རིགས་ཀྱི་རིག་གཞུང་ལ་དུང་ཞེན་ཡོད་མཁན་ཞིག་ཡིན་པ་ཚང་མའི་མཁྱེན་གསལ་རེད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་་ཁོང་གི་བྱས་རྗེས་ལ་ཡི་རིང་ཡོད་པར་མ་ཟད་ནང་མི་སོགས་ལ་སེམས་གསོ་ཡོད་ཁོང་བློ་བུར་དུ་སྐུ་ཚེ་འཕེན་པ་རྫོགས་པ་འདི་ཡིད་སྐྱོ་བའི་གནས་སྟངས་ཞིག་དང་ཕངས་སེམས་དང་བཅས་གསོལ་འདེབས་ཞུ།
སློབ་དཔོན་ཆེན་པོ་ལ་མྱ་ངན་ཞུ། འདི་འདྲ་བོད་མི་རིགས་ལ་ཕམ་པ་རེད།
གང་ཞིག་གསེར་གྱི་རི་ལ་གནས་བཅས་པ།།
དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར།།
གསུངས་པ་ལྟར་དམ་པ་ཁོང་གིས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་བསྟེན་ནས། མི་ཚེ་རིག་གཞུང་མི་རིགས་ཀྱི་ཆེད་དུ་བཏང་འདུག་པར་རྗེས་དྲན་དང་། དགུང་ལོ ༥༥ ནི་ལྷན་སྦྱངས་གཉིས་སྟོབས་ཀྱི་ནུས་པ་ཡོད་ཚད་འདོན་པའི་དུས་ཏག་ཏག་ཅིག་རེད་འདུག་མོད། ཡིད་ཕངས་པ་ཞིག་ནི་ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདི་རེད། ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་དང་དགེ་རྒན་དམ་པ་རྣམས་ལ་བལྟས་པས་རང་གི་ཕ་ཡུལ་ནས་འཐེན་ཞིང་བརྒྱུད་པའི་མི་རིགས་ཤིག་གི་བླ་སྲོག་ཀྱང་མཐོང་ཐུབ་པ་ཞིག་རེད་འདུག་པས། ཡིད་སྐྱོ་བཞིན་ཁོང་ལ་མྱ་ངན་ཞུ་ལ། ཡུལ་དེ་དག་གི་རིག་པའི་དཔའ་བོ་ཞིང་གཤེགས་པ་རྣམས་ལའང་མྱ་ངན་ཞུ་བཞིན་ཡོད།
རྨོངས་པ་རྒུད་པའི་ཐན་ལྟས་རྡུལ་དུ་བརླགས།།
ཉེས་སྤྱོད་ལོག་པའི་སོམ་ཉིའི་མདུད་པ་བཤིགས།།
བདག་བསྟོད་གཞན་སྨོད་རྩ་བ་རྨང་ནས་བསྒྱེལ།།
རྒྱ་བོད་མཁས་མང་དབྱིག་འཛིན་མཛེས་པའི་རྒྱན།།
མ་སྨད་རང་བྱུང་ཆོས་མཛོད་གླུར་ལེན་པ།།
ལེགས་བཤད་སྣང་བ་རྒྱས་པའི་ཆུ་གཏེར་ཀློང་།།
དད་གདུང་སྙིང་གི་མུན་སེལ་འཁོར་ལོའི་རིས།།
བཀའ་དྲིན་མཚུངས་མེད་བཤེས་གཉེན་རྣམས་ལ་འདུད།།
ཉིན་ཞིག་དབྱར་གཞོང་ཞིག་ལ། ང་རང་སྡི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་བཤེས་གཉེན་བགྲེས་སོང་ཞིག་དང་མཉམ་དུ་སྐུ་གཤེགས་སངས་རྒྱས་རྒྱལ་གྱི་གྲོང་ཚོ་རུ་བཀའ་འགྱུར་ཀློག་ཏུ་སོང་། དགེ་རྒན་དམ་པ་ཁོང་བཤེས་གཉེན་བགྲེས་སོང་ལ་མཇལ་ཕྲད་དུ་ཡོང་ནས་བཀའ་མོལ་མང་ཙམ་གནང་། བཀའ་བསྟན་དང་འདུལ་བའི་ནང་གི་མིང་ཚིག་ཁ་ཤས་ཀྱི་སྐོར་ལ་འགྲེལ་བཤད་ཅིག་བསྐྱོན་སོང་མོད་ངའི་བློ་ངོར་ཏག་ཏག་བསྡད་མི་འདུག ཁོང་གིས་བོད་ཀྱི་སྐད་ཡིག་གི་སྐོར་ནས་བཀའ་མོལ་གནང་སྟངས་དེས་ངའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་། དེ་ནས་བཟུང་བོད་ཡིག་ལ་སློབ་འདོད་ཀྱི་འདུན་པ་མེ་ལྟར་འབར་ཞིང་དག་ཡིག་བརྡ་གསར་རྙིང་དང་ལི་ཤི་གུར་ཁང། བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་སོགས་ལ་སྐྱོར་སྦྱང་ཡུན་དུ་བྱས། ཁོང་ནི་རྒྱ་གཞུང་གི་ལས་བྱེད་པ་ཞིག་ཡིན་ན་ཡང་རང་གི་བཞུགས་ཤག་ཏུ་ཉིན་ལྟར་ཁ་འདོན་དགེ་སྦྱོར་ལ་བརྩོན་པ་དང་། བརྐྱང་ཕྱག་འཚོལ་བ། དཔེ་ཀློག་རྒྱག་པ་སོགས་བོད་རང་གི་སྲོལ་རྒྱུན་ལ་ཐུགས་མོས་ཡོད་ཁར། དེང་དུས་ཀྱི་ཤེས་ཡོན་སྣ་མང་གིས་ཕྱུག་པའི་དགེ་རྒན་ཚད་ལོངས་བ་ཞིག་རེད། ཁོང་གི་འཁྲུངས་ཡུལ་གཤོང་བ་གྲོང་སྡེ་འདི་ནི་ཆོས་རྒྱལ་ཨ་ཤོ་ཀའི་སྐུའི་རིང་ལ་བཞེངས་པའི་རྡོ་སྦིས་མཆོད་རྟེན་དང་ཉེ་བའི་སར་ཆགས་ཡོད་ལ་རྡོ་སྦིས་སྨད་པ་སྡེ་བདུན་གྱི་ཁོངས་སུ་གཏོགས་ཤིང་གྲོང་མི་རྣམས་དད་སེམས་ཆེ་བ་དང་། ཡ་རབས་གཞུང་དྲང་གི་མིག་ལྟོས་བྱ་ས་ཞིག་ཡིན། ཉེ་བའི་ལོ་གཉིས་ཀྱི་གོང་ལ་མཆོད་རྟེན་གྱི་འཁྲིས་སུ་ཞིན་ཧ་རྫོང་གི་བཟོ་ལས་ཚན་པས་ཧ་ཡང་བཟོ་གྲྭ་ཞིག་འཛུགས་བསྐྲུན་འཆར་གཞི་ལག་བསྟར་བྱས་སྐབས། གྲོང་སྡེ་འདི་གཙོ་བས་མཆོད་རྟེན་ཁའི་ཇོ་མོ་དགོན་པ་དང་རྡོ་སྦིས་སྒར་གྲོང་ཚང་མས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པས་མཚམས་འཇོག་བྱས་ཐུབ་ཡོད། །རེབ་གོང་དགོན་པའི་མཁས་དབང་འཇིགས་མེད་ཐེག་མཆོག་ལགས་དང་ཁོང་ཚོའི་བར་འབྲེལ་བ་ཧ་ཅང་ཟབ་ལ་ཁོང་རྣམ་པའི་ལྟ་བ་ཡང་གཅིག་མཚུངས་ཀྱིས་བོད་མི་རིགས་ཀྱི་ཤུལ་བཞག་རིག་གནས་ལ་མཛད་རྗེས་གཟེངས་སུ་མཐོ་བ་བཞག་མྱོང་ཡོད་པ་དང་། མཁས་དབང་འཇིགས་མེད་ཐེག་མཆོག་ལགས་ཀྱིས་བརྩམས་གནང་བའི་རེབ་གོང་གདན་རབས་སུ་ཡུལ་འདིའི་ཆོས་ལུགས་ཇི་ལྟར་དར་ཚུལ་དང་ཆོས་མགོ་དང་དཔོན་མགོ་གང་ནས་ཚུགས་པ་སོགས་གསལ་བོར་བསྟན་ཡོད། མཁས་པའི་དབང་པོ་ཚེ་རྟན་ཞབས་དྲུང་རིན་པོ་ཆེ་ནས་བརྩམས་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་བའི་རྟོགས་བརྗོད་དངུལ་གྱི་མེ་ཏོག་ལས། གདེངས་ཅན་ཕོ་བྲང་ས་ལ་བཞག་འདྲ་ནི།།ཆོས་རྒྱལ་ཨ་ཤོ་ཀ་ཡི་ཕྱག་རྗེས་ལས།།གྲུབ་པའི་མཆོད་རྟེན་རྣམ་གཉིས་ཉི་ཟླ་ཟུང་།།གང་དུ་བཞུགས་པའི་ལྗོངས་དང་ཡུལ་ཁམས་སོ།།ཞེས་པ་ལྟར་མཆོད་རྟེན་རྣམ་གཉིས་ནི་རྡོ་སྦིས་མཆོད་རྟེན་དང་བུས་མདོ་ར་གཤོང་མཆོད་རྟེན་གཉིས་ཡིན། ཡུལ་འདིའི་མི་རིགས་མཆེད་ཁུངས་ནི་ཆོས་རྒྱལ་མེས་དབོན་སྐབས་ནས་ཡོང་པའི་རྒྱ་བོད་ཀྱི་མཐའ་མཚམས་སྲུང་དམག་གི་བུ་རབས་ཚ་རྒྱུད་ལས་མཆེད་པ་ཞིག་ཡིན་འདུག རྟོགས་བརྗོད་དེ་ལས། གཞན་སྡེ་ཟིལ་གནོན་སེངྒེའི་དཔའ་རྩལ་ཅན།།རིགས་གཟུགས་ལང་ཚོས་བསྙེམས་པའི་འགྲོ་འདི་དག། ཆོས་རྒྱལ་མེས་དཔོན་དུས་སུ་སོ་སྲུང་དུ།།མངགས་པའི་བྷོ་ཊ་རང་གི་འཁྲུལ་མེད་རྒྱུད།།ཅེས་གསུངས་པ་ལྟར་རོ།།
གནས་ཚུལ་འདི་མཐོང་མ་ཐག་རྒན་སངས་རྒྱས་རྒྱལ་གྱིས་གླེང་སྟེགས་དང་གཏམ་བཤད་གང་མང་ལ་ཡང་ཡང་ནན་གྱིས་རང་གི་རིག་གནས་ལ་མཁས་ཤིང་།།གཞན་གྱི་རིག་གནས་ཤེས་པའི་ངང་།། དུས་དང་མཐུན་པའི་བསླབ་པའི་གཞི །། སྒྲུབ་པ་བོད་རིགས་སློབ་གསོའི་འཁུར་ཞེས་པའི་ཚིག་བཅད་དེ་ཡིད་ལ་དྲན། ཁོང་ལྟ་བུའི་བོད་ནང་གི་ངེས་བ་དོན་གྱིས་མཁས་པ་དག་སྐུ་འདས་བ་ནི་ངོ་མའི་འུ་ཚང་གི་འགྱོང་རྒུད་རང་ཡིན། ཡིད་སྐྱོ་བཞིན་ཁོང་ལ་མྱ་ངན་ཞུ།
སྐུ་གཤེགས་སློབ་དཔོན་དམ་པ་མཆོག་ལ་སེམས་སྟེང་ནས་མྱ་ངན་གུས་འདུད་ཞུ་རྒྱུ་དང་། མིག་བརྒྱད་པས་དམ་པ་ཁོང་གི་འཁྲུངས་ཡུལ་དང་འཁྲུངས་ཡུལ་སོགས་ཀྱི་བཀོད་པ་རོབ་ཙམ་གླེང་བ་དགའ་བོ་བྱུང་།
མིག་བརྒྱད་པ་མཆོག་ལ་སྤྱན་བརྒྱད་ཡོད་པའི་གནས་དག་མ་ངེས་ཀྱང་། གཟིགས་རྒྱ་ཆེ་བ་ལ་བལྟ་ན་མིག་བརྒྱད་ཡོད་ཆོག། སྤྱི་ལོ་༡༩༣༧ ལ་ཁུ་ན་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་མཆོག་གིས་བརྩམས་པ་བདག་གིས་ད་བར་དུ་མ་ཤེས། དཧ་་ས་ན་སྤྱི་ལོ་༡༩༨༣ལ་སྤར་པའི་དཔེ་ཆ་བདག་ལ་ཡོད་ཀྱང་། དེ་ན་ལོ་འདི་ལ་བརྩམས་ཞེས་མི་གསལ། མིག་བརྒྱད་པ་མཆོག་ལ་དེ་ལྟར་གསལ་བའི་དཔེ་ཆ་གཞན་ཞིག་ཡོད་ངེས།
སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་དག་ཡིག་ངག་སྒྲོན་གྱི་འགྲེལ་པ་ལས། ༼དུས་གསུམ་གྱི་ཚེ་ཕལ་ཆེར་སྩལ་ཞེས་འབྱུང་ཞིང་སྔོན་འཇུག་སྦྱར་ན་འདས་མ་འོངས་གོ་བར་མ་ཟད་བསལ་བའི་དོན་ཡང་སྟོན༽ཞེས་གསུངས་པ་དེ་དགོས་པའི་དབང་གིས་དེ་དུས་ཀྱི་སྐྱེ་བོ་འགའི་འདོད་པ་དང་མཐུན་པར་དེ་ལྟར་གསུངས། ངེས་དོན་ལ་གཟུང་ན། བཀའ་བསྟན་སོགས་དང་། བོད་དུ་ཡོངས་གྲགས་ཚད་ལྡན་གྱི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་དང་འགལ་བ་མ་ཡིན་ནམ།
བརྡ་རྙིང་ལ་སེལ་བ་ལ་སྩེལ་བ་དང་སོགས་ལ་སྩོགས་ཅེས་ཟེར། དེ་ལྟར་འདས་ལ་བསྩལ་དང་མ་འོངས་བསྩལ་དང་སྐུལ་ཚིག་ལ་སྩོལ་ཅེས་པ་དག ད་ལྟའི་དུས་སུ། སེལ་ བསལ་ བསལ་ སོལ་ འདས་པ་དང་སྐུལ་ཚིག་ལ་ད་ཡང་འཇུག་གི་བཤུལ་ཡོད་པས། ད་དྲག་ཅེས་པའི་ཚབ་ཏུ་ད་བཤུལ་ཟེར་ན་གོ་སླ།
གསང་འདུས་རྩ་རྒྱུད་དང་བདེ་མཆོག་རྩ་རྒྱུད་སོགས་ན་སྩལ་དུ་གསོལ་ཞེས་པ་ལ་བས་འཕུལ་མི་འདུག ཅེས་པ་དེ་སྩོལ་བའི་སྩལ་ཡིན་ནམ་སེལ་བའི་སྩལ་ཡིན་གསལ་ཀ་མཛད་གྲོགས།
བོད་རྒྱ་ཚིག་མཛོད་དུ་ཁུ་ནུ་བླ་མས་གསུངས་པ་ལྟར་བས་འཕུལ་སྦྱར་ནས་བསྩལ་དང་སྩོལ་སོགས་བྱ་བྱེད་ཐ་དད་ལ་སྦྱར་རོ། །ཞེས་པར་བས་ཕུལ་སྦྱར་རམ་བས་ཕུལ་མ་སྦྱར་གང་ཡིན་ཀྱང་ཁྱད་པར་མེད་པར་སྩོལ་བ་དང་སེལ་བ་གཉིས་ཀ་བྱ་ཡུལ་ཡོད་པའི་བྱ་བྱེད་ཐ་དད་པའི་ཚིག་ཏུ་འདོད། འོན་ཀྱང་བོད་རྒྱ་ཚིག་མཛོད་དུ་སྩོལ་གྱི་འདས་ཚིག་ལ་བསྩལ་ཅེས་བཀོད་པ་ནི། གོང་གསལ་བླ་མ་རིན་པོ་ཆེས་གསུངས་པ་དེ་ཙམ་གྱི་ཡོངས་གྲགས་ཆགས་ཡོད་མེད་མི་ཤེས་ཀྱང་། བོད་ཀྱི་བརྡ་སྤྲོད་ལ་མཆོག་གྱུར་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞབས་ཀྱིས། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་དུ།
འོན་ཀྱང་མགོ་ཅན་ཅན་ཕལ་ཆེར།
འདས་ལ་བས་འཕུལ་ཡང་འཇུག་ཡོད།
མ་འོངས་འཕུལ་ཡོད་ཡང་འཇུག་མེད།
སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད།
ད་ལྟ་བ་ལ་གཉིས་ཀ་མེད།།
ཁོ་བོ་གཙང་དུ་སློབ་གཉེར་སྐབས་སུ། སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་དང་། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ཡོངས་གྲགས་ཆེ། དེ་དག་བོད་ས་གནས་གཞན་དུ་ཡང་། དེ་དག་ཡོངས་གྲགས་ཡིན་སྙམ། དེས་ན་གོང་གསལ་ཚིགས་བཅད་དེ་ལ་་གཞིར་བྱས་ཏེ། བོད་རྒྱ་ཚིག་མཛོད་དུ་བསྩལ་ཅེས་དང་བསྩལ་ཞེས་བཀོད་པར་ཁོ་བོས་སྔོན་མ་ནས་འདོད། བོད་རྒྱ་མཛོད་ན་ཡོད་པ་འདི་དག་པར་བརྩིས་ཏེ། བོད་ཀྱི་བློ་གསལ་གཞོན་ནུ་མང་པོས་དེ་་བཞིན་འབྲི་བར་མ་ཟད་ཉེ་ཆར་དུས་འཁོར་བཀའ་ཆོས་སུ་བཀོལ་བར་བསྒོམ་རིམ་བར་པ་སྤར་བ་ལ་ཞུས་དག་པ་ཞིག་གིས་སྔར་གྱི་སྩལ་ཅེས་པ་མ་འགྲིག་པར་བསྩལ་ཅེས་བཟོ་བཅོས་བཏངས་པ་དེ་སྟེས་དབང་གིས་ཁོ་བོར་ཞུས་དག་བྱེད་པར་སླེབས་པ་ན། སྔར་ཡོད་དེ་རང་ཚད་ལྡན་དུ་བརྩིས་པ་ལགས།
མཁས་ཆེན་དམ་པ་ཁོང་སྐུ་གཤེགས་བ་སྙིང་ནས་འགྱོད་གདོང་དྲག་པོ་དང་ཅེས་གུ་འདུན་ཞུ་
མྱ་ངན་ཞུ། སླར་ཡང་མི་ལུས་དོན་ལྡན་ཞིག་ཏུ་སྐྱེས་ནས་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་པར་སྨོན།
ཁ་བ་དཀར་པོ་མཆོག
གཤམ་གསལ། འགྱོད་གདོང་ཞེས་པ་ཁ་དང་སྣ་མིག་དག་ཡོད་པའི་གདོང་ན་ཡི་གེ་དག་པོ་འདུག གལ་ཏེ་གདོང་ཞེས་པ་གདུང་བ་སྟེ། མྱ་ངན་གྱི་དོན་ལ་བྲིས་པ་ཡིན་ན་ནི། སི་ཏུས་འདི་ལྟར་གསུངས་པ་བདག་གིས་དངོས་སུ་མཐོང་། དེ་ཡང་།
ཁམས་ཕྱོགས་ཀྱི་ཡུལ་གྲུ་འགའ་རེ་ན་ན་རོ་དང་འགྲེང་བུ་ཡོད་མེད་ཀྱི་ཀློག་ཚུལ་ཐམས་ཅད་དུ་མི་འབྱུང་བ་དང་། འགའ་ཞིག་ན་ཞབས་ཀྱུ་དང་ན་རོ་ཀློག་ཚུལ་གཅིག་ཏུ་བྱེད་པ་སོགས་ཀྱིས་མཚོན་མ་དག་པར་འདོན་པ་མང་ཞིང་། དེས་ཡིས་ཡི་གེ་འབྲི་བ་ནའང་མ་དག་པ་ཁོ་ནར་འགྱུར་བའི་ཕྱིར་རོ། ཞེས་དཧ་ས་སྤར་མ་ཤོག་གྲངས་༡༥༩ན།
མཁས་ཆེན་དམ་པ་ཁོང་སྐུ་གཤེགས་བ་སྙིང་ནས་འགྱོད་གདོང་དྲག་པོ་དང་ཅེས་གུ་འདུན་ཞུ། ཞེས་པ་ངས་འདི་ལྟར་འབྲི་སྟེ།
མཁས་ཆེན་དམ་པ་ཁོང་སྐུ་གཤེགས་པར་སྙིང་ནས་འགྱོད་གདུང་དྲག་པོ་དང་བཅས་གུས་འདུད་ཞུ། ཞེས་འབྲིའོ།
ཡི་གེ་དེ་དག་ནོར་བ་ཡིན་ན། ཁྱེད་ཐུགས་མ་ཕམ་པར་ཡང་དང་ཡང་དུ་འབྲི་ན། ལེགས་པར་གོམས་ཏེ། ཁྱེད་མཁས་པ་ཆེན་པོར་འགྱུར།
གོམས་ན་སླ་བར་མི་འགྱུར་བའི།
དངོས་དེ་གང་ཡང་ཡོད་མ་ཡིན།
དེ་བས་སྡུག་བསྔལ་ཆུང་གོམས་པས།
སྡུག་བསྔལ་ཆེན་པོ་བཟོད་པར་བྱོས།། སྤྱོད་འཇུག་ ལེ་༦། ཚིགས་༡༤
བཀའ་བསྟན་རིག་གནས་ཀུན་ལ་གཟིགས་རྒྱ་ཡངས་བ་རྒན་ལ་དྭགས་པ་ལགས། བདག་གིས ཁུ་ནུ་བླ་མ་རིན་པོ་ཆེའི་དངོས་སློབ་པཎ་ཊི་ཏ་སྐུ་གཤེགས་གར་ཞ་དངོས་གྲུབ་ཀྱི་སྐུ་མདུན་ནས་དག་ཡིག་ཟ་མ་ཏོག་དང་ངག་སྒྲོན་གྱི་ཁྲིད་རྒྱུན་ཆ་ཚང་བ་ཞིག་ཞུས་པ་ཡིན། དེ་དུས་པཎ་ཊི་ཏ་ཁོང་གིས་ཁུ་ནུ་བླ་མ་རིན་པོ་ཆེའི་སྐོར་གྱི་ལོ་རྒྱུས་མང་པོ་ཞིག་གསུངས་སོང་། ཆ་ཚང་བ་ཞིག་ངའི་བློ་ལ་བསྡད་མི་འདུག སྤྱི་ལོ་༡༩༣༧་ལོར་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ལྷ་སྲས་ཚེ་དབང་བདུད་འདུལ་མཆོག་གིས་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་སྒྲ་རིག་གསན་སྐབས་རིན་པོ་ཆེ་ལ་འདི་ལྟར་རྩོམ་སྐུལ་ཞུས་ཡོད་པ་དང་ཁུ་ནུ་རིན་པོ་ཆེ་ནས་འཕྲལ་དུ་བརྩམས་པ་ཞིག་ཡིན་འདུག་པ་དང་། སྲས་མོ་གཡུ་སྒྲོན་ལགས་ནས་སྤར་བསྐྲུན་གྱི་སྦྱིན་བདག་གནང་། སྤར་དཔོན་བླ་མ་ཏིང་འཛིན་ཆོས་གྲགས་ཀྱིས་ཞུས་དག་མཛད་པ་བཅས་ཡིན་འདུག ཁུ་ནུ་རིན་པོ་ཆེ་ཚུར་རྒྱ་གར་དུ་ཕེབས་རྗེས་མ་སུ་རའི་སློབ་གྲྭ་ནས་གདན་སའི་མཁན་པོ་དང་མཁན་ཟུར་དགེ་བཤེས་དྲག་བགྲེས་རྣམས་ལ་རིག་གནས་སུམ་རྟགས་ཀྱི་ཁྲིད་རྒྱུན་གནང་ཡོད་པའི་ལོ་རྒྱུས་དང་འདྲ་པར་དངོས་སུ་མཇལ་རྒྱུ་ཡོད། སྤྱི་ལོ་༡༩༩༠་ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དག་ཡིག་ངག་སྒྲོན་གྱི་འགྲེལ་བ་འདི་པར་བསྐྲུན་བྱས་འདུག
དེ་མིན་བསྩལ་དང་སྩོལ་སོགས་ཀྱི་སྐོར་སྐུ་ཉིད་ཀྱིས་གསུངས་པ་ལ་རྒྱུ་མཚན་དང་ཁུངས་ལུང་འདུག དོགས་གནས་ཞིག་རེད། བེད་སྤྱོད་ཡང་ཉུང་བས་རྒྱུད་སྡེ་དུ་མར་སྩལ་དུ་གསོལ་ཞེས་བས་འཕུལ་མེད་པ་ལ་ད་དུང་དོགས་པ་ཆོད་མ་སོང་།
སྐུ་ཚེ་གང་བོ་བོད་མི་རིགས་ཀྱི་ཚེ་སྲོག་ཡུན་དུ་གནས་པ་ལ་གཅིག་ཏུ་བརྩོན་པ་མཛད་པའི་རྒན་སངས་རྒྱས་རྒྱལ་ལགས་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་དང་གུས་འདུད་ཞུ།
གངས་ཆེན་པོ་དང་མཚོ་ཆེན་མོ་ལྟ་བུའི་བོད་ཡུལ་གྱི་ཉམས་འགྱུར་ཡོངས་སུ་རྫོགས་པའི་སྐྱེས་ཆེན་འདི་འདྲ་བ་གློ་བུར་དུ་གཤེགས་སོང་དུས། ངས་མགྲིན་པ་བརྣངས་ཤིང། མིག་ཆུ་ཤོར། ཡིད་སེམས་སྐྱོ། བོད་ཀྱི་སྐྱེས་ཆེན་ཚོའི་ཚེ་སྲོག་གི་བུ་ལོན་ཞིག་འཇིག་རྟེན་འདིར་འཇལ་དགོས་ཚེ།ངའི་ཚེ་སྲོག་རྟ་རྔ་འདྲ་བོ་འདིའི་ཐོག་ཏུ་ཡོང་བར་ཤོག ངས་ནམ་ཡང་རྒྱང་རིང་གི་འཆི་བའི་མཛེས་སྡུག་དེ་མྱུར་ཏུ་མྱོང་འདོད།
རང་ཡུལ་གྱི་གྲོང་གསེབ་དང་གྲོང་ཁྱེར་ཁག་ལ་རིག་གཞུང་གི་འོད་སྣང་སྦྱིན་པའི་མར་མེ་ལོ་ཆུང་ཞིག་དེ་ལྟར་གཟིམ་སོང་ན་བློ་འགྱོད་དང་གྱོང་གུད་ཆེ་པའི་སེམས་གཏིང་ནས་མྱ་ངན་གུས་འདུད་ཞུ།