ཧི་མ་ལ་ཡའི་འཕྲུལ་སྨྱུག
སློབ་དཔོན་དཔའ་བོས། སྐྱེས་མ་ཐག་པའི་སྟག་གི་ཕྲུ་གུ་དེ་གོམས་པ་སྔོན་སོང་གི་རྣམ་ཤེས་རྒྱུད་ལྡན་ཡིན་ཏེ། ཁྱོད་ལ་བསླབ་མི་དགོས་པར་ནུ་ཞུ་འཐུང་ཤེས་པའི་ཤེས་པ་ལྷན་སྐྱེས་སུ་ཡོད་པའི་ཕྱིར། ཞེས་གོམས་པ་སྔོན་སོང་གིས་བསྒྲུབས། ༼མིག་བརྒྱད་པས། རྣམ་འགྲེལ་ལས། གོམས་ལས་འདོད་ཆགས་སོགས་གསལ་བར། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །ཞེས་པ་ལྟར། རང་རྒྱུད་ལ་ཡོད་པའི་ཆགས་སྡང་སོགས་གོམས་པའི་རྗེས་སུ་འབྲངས་བ་མྱོང་བས་གྲུབ་པ་དཔེར་བྱས་ནས། བློ་ཐམས་ཅད་གོམས་པའི་རྗེས་སུ་བྱེད་པར་གསུངས་སོ། །བཙས་མ་ཐག་པའི་བྱིས་པས་ནུ་ཞོ་འཐུང་ཤེས་པ་སོགས་ཚེ་འདིར་གསར་དུ་བསླབ་མི་དགོས་པར། རང་གི་ངང་གིས་ཤེས་པའི་རིགས་པ་མཐའ་དག་ཚེ་རབས་སྔ་མའི་གོམས་ཤུགས་སུ་ཤེས་བར་བྱ་བ་གསུངས་ཏེ། སློབ་དཔོན་དཔའ་བོས། བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། ནུ་ཞོ་འཐུང་བར་རྩོལ་བར་བྱེད་པ་ཡང༌། །དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས། །ཞེས་དང༌། སློབ་དཔོན་ལེགས་ལྡན་གྱིས། བེའུ་མང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་ཚོལ་བྱེད། །ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར། །དཔེར་ན་དབང་པོ་སྨིན་པ་བཞིན། །ཞེས་སོ། །རང་ཅག་རྣམས་ཀྱི་དགེ་བའི་བསམ་པ་འདོད་ཀྱི་སྐྱེ་དཀའ་བ་དང༌། ལན་རེ་སྐྱེས་ཀྱང་རྒྱུན་མི་བརྟན་པ་དེ་ལྟར་ལ། ཆགས་སོགས་མི་དགེ་བའི་བསམ་པ་བཀག་ཀྱང་མི་ཁོགས་པར་ངམ་ངམ་ཤུགས་ཀྱིས་སྐྱེ་འོངས་ཤིང༌། སྐྱེས་པ་དེ་ཡང་ཡུན་རིང་ལ་ཤུགས་དྲག་པོ་སྐྱེ་བ་མྱོང་བས་གྲུབ་པ་དེ་ལྟར་རོ།།
གོང་གི་དེ་ཉིད་ལས། ཇི་སྐད་དུ། བློ་ཡི་མཐུ་སྟོབས་གསལ་བ་མེད་པ་དང༌། །དབང་པོ་རྣམས་ཀྱང་བླུན་པའི་རང་བཞིན་ཅན། །བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། ཁ་ཟས་ཟ་བར་རྩོལ་བ་བྱེད་པ་ཡང༌། །དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས། །ཞེས་གསུངས་པ་སྟེ། འདིར་གཙོ་བོ་བེའུས་མ་བསླབས་པར་ནུ་མ་ཚོལ་ཤེས་པ་དང༌། ཁ་ཟས་བ་ལ་སྦྱར་ཡང༌། གཞན་དཔེར་ན་བྱིའུ་བདག་གིས་རང་གི་སག་ང་ཆག་གྲུབ་བྱུང་ཚེ། བཅད་འབྱོར་གྱི་སྔོ་སྨན་ངོ་ཤེས་པ་སོགས་དང༌། མི་རྣམས་ཀྱི་ནང་ནའང་མ་བསླབས་པར་ཡི་གེ་དང༌། སྐད་རིགས་དུ་མ་ཤེས་པ་སོགས་ཀྱིས་ཀྱང་མཚོན་ཏེ་རྟོགས་པར་བྱའོ།།
དེ་རྟགས་སབཡོར་དུ་འགོད་ན། སྐྱེས་མ་ཐག་ནས་མ་བསླབས་པས་ནུ་མ་འཚོལ་ཤེས་པའི་བེའུ་ཆོས་ཅན། ཁྱོད་ལ་སྐྱེ་བ་སྔ་མ་ཡོད་པར་འགྲུབ་སྟེ། གཞན་གྱིས་བསླབས་པ་ལ་མ་ལྟོས་པར་ནུ་མ་འཚོལ་ཤེས་པའི་ཕྱིར། རྟགས་མངོན་སུམ་ཚད་མས་གྲུབ་ལ།
རྗེས་ཁྱབ་ནི། སྤྱིར་ཤེས་བྱའི་ཆོས་གང་དང་གང་ཞིག་ཤེས་དགོས་ཀྱང༌། སྦྱོང་བ་དང་གོམས་ཆ་སྔོན་སོང་ནས་ཤེས་དགོས་པ་གང་ཞིག སྐེས་མ་ཐག་པའི་བེའུས་ནུ་མ་འཚོལ་ཤེས་པ་དེ་ཡང༌། ཚེ་འདིར་སྦྱོང་གོམས་མ་བྱས་པས། སྐྱེ་བ་སྔོན་མར་ཤེས་ཤིང་གོམས་པའི་བག་ཆགས་བསད་པ་ལས་འོས་མེད་པས་སོ། །རྟགས་སྔ་མ་གྲུབ་སྟེ། རང་ཅག་གི་ཐ་སྙད་ཀྱི་ཤེས་བྱ་ཇི་སྙེད་ཅིག་ཤེས་པ་ཀུན་ཀྱང༌། ཕ་མ་དང་སློབ་དཔོན་སོགས་ཀྱིས་དངོས་སུ་བསླབས་པ་དང༌། དེས་འགྲེས་སྦྱོར་ནས་ཤེས་པ་ཤ་སྟག་ལས། མ་བསླབས་པར་རང་བཞིན་གྱིས་ཤེས་པ་ཞིག་གང་ན་ཡོད། གལ་ཏེ་དགའ་རེ་དེ་དྲ་ཡོད་སྲིད་ན། སྐྱེ་བ་སྔ་མར་ཤེས་པ་མ་བརྗེད་པ་ལས་འོས་མེད་དོ། །འོ་ན་བེའུས་གཞན་གང་ཡང་མི་ཤེས་པར་ཐོག་མར་ཁ་ཟས་འཚོལ་ཤེས་པ་དེ་ཅི་ཞེས་ན། དེ་ནི་དེའི་བག་ཆགས་བསད་བྱེད་ཀྱི་རྐྱེན་བཀྲེས་སྐོམ་དང་འཛོམས་པའི་དབང་གིས་ཏེ། དཔེར་ན། རལ་གྲིའི་གར་སྟབས་བསླབས་པའི་མི་དག་གིས་དགྲ་དང་འཕྲད་ནས་འུ་ཐུག་ཚེ། སློབ་དཔོན་གྱི་མན་གང་དྲན་པ་བཞིན་ནོ། །འོན་ཀྱང་ཐམས་ཅད་དྲན་པའི་ངེས་པ་མེད་དོ།།
ལྡོག་ཁྱབ་ནི། གང་སྐྱེ་བ་སྔ་མ་ཞིག་མེད་ན། བེའུསམ་བསླབས་པར་ནུ་མ་འཚོལ་མི་ཤེས་པས་ཁྱབ་སྟེ། གལ་ཏེ་མ་བསླབས་ཀྱང་དེ་ལྟའི་ཤེས་བྱ་རྣམས་ཤེས་ན། དེ་དང་རིགས་འདྲའི་ཆོས་གཞན་རྣམས་ཀྱང་ཤེས་པའམ། མ་ཤེས་ན་གཅིག་ཀྱང་མི་ཤེས་པ་ལས། དེའི་ནང་གི་དགའ་རེ་ཤེས་ལ་རྟོགས་དཀའ་སླ་སོགས་མཉམ་ཡང༌། དགའ་རེ་མི་ཤེས་པའི་རྒྱུ་མཚན་རྣམས་དག་གང་ཡང་མི་དམིགས་པས་སོ། །རྟགས་འདི་གནའ་དེང་གི་སྐྱེ་བོ་དག་གི་ཁྲོད་ན། ཡི་གེ་དང་སྐད་རིགས་སོགས་མ་བསླབས་པར་རང་ཤུགས་ཀྱིས་ཤེས་པ་དག་ཡོད་ལ། དེ་དག་ལ་སྦྱར་ནས་བརྟགས་ན་དེ་ལས་ཀྱང་གོ་བ་སྐྱེད་སླའོ།།
གོང་གི་དྲན་པའི་རྟགས་དང་འདི་གཉིས་ལ་གོང་བུ་སྐྱེ་བ་སྔ་མ་དང་དེའི་གནས་སོགས་དྲན་པ་ཡོད་པ་རྟགས་སུ་བཀོད་པ་ཡིན་ལ། འདི་ནི་མ་བསླབས་ཀྱང་ཤེས་བྱའི་ཆོས་རང་ཤུགས་ཀྱིས་ཤེས་པ་ཡོད་པ་རྟགས་སུ་བཀོད་པས། རྟགས་མི་འདྲ་མི་འདྲ་བ་ཙམ་ལས། རྗེས་ཁྱབ་ནི། རྟགས་དེ་གཉིས་ལ་སྔར་ཉམས་སུ་མྱོང་བའམ་ཤེས་པ་དེ་ཡོད་ན། ཐམས་ཅད་ནས་ཐམས་ཅད་དུ་དྲན་པ་དང་ཤེས་པ་སོགས་ཧ་ཅང་ཐལ་བས། སྒྲུབ་ཚུལ་གྱི་རིགས་པའི་གནད་དང་ཆོད་ཆེ་ཆུང་སོགས་འདྲ་མཉམ་དུ་གནས་སྙམ་ཀྱང༌། བློ་དང་ལྡན་པའི་སྐྱེ་བོ་དག་གིས་ཞིབ་ཏུ་དཔྱད་པར་འཚལ་ལོ། །དེ་ལྟར་རིགས་པ་དེས་སྐྱེ་བ་སྔ་མ་གྲུབ་ཚེ་ཕྱི་མའང་འགྲུབ་པར་སླའོ། །ཞེས་སོ།།༽
སྐྱེས་མ་ཐག་པའི་བྱ་མོའི་ཕྲུ་གུ་དེ་གོམས་པ་སྔོན་སོང་གི་རྣམ་ཤེས་རྒྱུད་ལྡན་ཡོད་ན། ཁྱོད་ལ་བསླབ་མི་དགོས་པར་ནུ་ཞུ་འཐུང་ཤེས་པའི་ཤེས་པ་ལྷན་སྐྱེས་སུ་ཡོད་པའི་གོམས་པ་སྔོན་སོང་དེ་ལ་འབྲེལ་བ་མེད་པའི་ཕྱིར་རོ།།
བན་དེ་བ་ལགས། (གཡུང་དྲུང་བོན་གྱི་དྲ་རྒྱ་དང་་་ཧི་མ་ལའི་བོན་དྲ་རྒྱའི་ནང་དུ་ཉེ་འཆར་བོན་དགེ་ཞིག་གིས་དཔྱད་རྩོམས་བྲིས་འདུག) ཅེས་བྲིས་འདུག་ཀྱང༌། ཧི་མ་ལ་ཡའི་བོན་ ཞེས་པའི་དྲ་རྒྱའི་ནང་ལྟས་ཀྱང་ཕྲན་ལ་རྙེད་མ་བྱུང་ན། ཁྱེད་ནས་ རྩོམ་དེའི་མིང་གསལ་པོ་ཞིག་བྲི་རོགས་ཞུ་རྒྱུ་ཡིན།
ཕྲུ་གུ་ཆུང་ཆུང་ཚོས་སྐད་ཡིག་མགྱོགས་པོར་ལོབས་ཐུབ་པ་གོམས་པ་སྔོན་སོང་གི་རྟགས་མཚན་རེད། དེ་མིན་བཤད་དཀའ་བ་ཡིན། ལ་ལར་བསླབས་ཀྱང་མི་ཤེས་པ་དང་ལ་ལས་མགོ་སྨོས་པ་ཙམ་གྱིས་ཤེས་ཐུབ་པ་འཇིག་རྟེན་ན་གང་མང་མང་རེད། རང་བཞིན་གྱིས་བློ་རྣོ་རྟུལ་ནི་སྐྱེ་བ་སྔ་མར་སྦྱངས་བའི་བག་ཆགས་ཡོད་མེད་ལ་ཐུག
“དེའི་ནང་གི་དགའ་རེ་ཤེས་ལ་རྟོགས་དཀའ་སླ་སོགས་མཉམ་ཡང༌། དགའ་རེ་མི་ཤེས་པའི་རྒྱུ་མཚན་རྣམས་དག་གང་ཡང་མི་དམིགས་པས་སོ།” བརྗོད་པ་འདིའི་ན་ཡོད་པའི། དགའ་རེ། ཞེས་པ་དགའ་བ་དང་རེ་བ་གཉིས་ཀྱི་དོན་ཡིན་ནམ། ཡང་ན། འགའ་རེས། ཞེས་པའི་དོན་ལགས། བོད་ཀྱི་བསྟན་བཅོས་སྐད་དུ། “་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར།” ཚད་མ་རིགས་རྒྱན། དབུས་སྤར། ཤོག་ ༤༠ ་ན།
གཞན་ཡང་། ‘རྒྱུ་མཚན་རྣམས་དག་’ ཞེས་པར་རྣམས་དང་དག་གཉིས་མང་ཚིག་སྟོན་བྱེད་ལ་གཅིག་གིས་འཐུས། གལ་ཏེ་ནོར་བ་སྟེ། རྒྱ་མཚན་རྣམ་དག ཅེས་པའི་དོན་ཡིན་ན། ཞུས་དག་དཔྱིས་ཕྱིན་པ་་མཛད་ན། ཀློག་པ་པོ། སྐྱེ་བོ་མང་པོ་ལ་ཕན་པ་དང་། བོད་སྐད་རིག་གཞུང་གི་ཞབས་ཏོག་ཏུ་འགྱུར་རོ།།
རྒན་ལ་དྭགས་པས་གསུངས་པ་ལ་མངོན་པར་བསྟོད། ཡི་གེའི་དག་ཆ་ལ་གཟབ་དགོས་པ་འདུག །འགའ་རེ་དང་འགའ་ཞིག །ཁ་ཅིག་དང་ལ་ལ་ཞེས་པ་གང་ཟག་ལ་སྦྱོར་བ་ལས་ཅ་ལག་སོགས་ལ་སྦྱོར་མི་རུང་པ་འདྲའོ། །
ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། ཞེས་པའི་རེས་འགའ་ནི་དུས་རེས་འགའ་བ་ཡིན་ཏེ་རེས་འགའ་སྐྱེ་བ་དང་རེས་འགའ་འགག་པའི་བདག་ཉིད་ཅན་ཡིན་པས་མི་རྟག་པའི་རྣམ་པར་གྲུབ། ཉེར་ལེན་གྱི་ཕུང་པོ་སྔོན་མེད་པ་ལས་ཡོད་པར་འགྱུར་བ་ལ་སྐྱེ་བ་དང་ཡོད་པ་ནས་མེད་པར་འགྱུར་བ་ལ་འགག་པ་ཟེར།
རི་རྒྱལ་ཏི་སེ་ལགས། ཉིད་ཀྱིས་བོན་ལུགས་ཀྱི་ལྟ་གྲུབ་སྐོར་མང་ཙམ་དྲྭ་རྒྱ་འདིར་སྤེལ་དགོས་རབས་གསུངས་པར་དགའ་པོ་བྱུང་། རྩོམ་འབྲི་རྒྱུ་ལ་ཉམས་མྱོང་དེ་ཙམ་མེད་ཀྱང་། འོན་སྟེ་མ་འོངས་པར་རྩོམ་ཡིག་སྤེལ་སའི་ས་དམིགས་ཅིག་རགས་སོང་ན་སྤེལ་དགོས་བསམ་པ་ཡོད། འོན་ཀྱང་ཁ་བརྡས་སྤྲོད་མིན་མི་ཤེས། བཀའ་དྲིན་ཆེ། ཁྱེད་ཀྱིས་དྲྭ་གྲོགས་བན་དེ་བ་མཆོག་ལ་བཀའ་འདྲི་ཞིག་ཞུས་འདུག་པར་དེ་ཕལ་ཆེར་ཁོང་གིས་མ་གཟིགས་པ་འདྲ། དེས་ན་འདི་ནས་ཁྱེད་ལ་མཚམས་སྦྱོར་ཞུ་ཆོག་ཞུ། googel དྲྭ་བར་ཕེབས་ནས་་་་འཁོར་བའི་ཐོག་མ་ཡོད་མེད་ལ་དཔྱད་པ་་་་ཞེས་པའི་ཚིག་འབྲུ་འདི་རྣམས་བྲིས་ནས་སྣོན་དང་དེ་མ་ཐག་འཆར་ཡོང་གི་འདུག། དགྱེས་གཟིགས་ཡོང་བ་ཞུ།
བོད་གངས་ཅན་པའི་ཕ་མེས་ཀྱི་ཆོས་ལུགས་ཀྱི་ལྟ་གྲུབ་ལ་ཤེས་འདོད་ཆེན་པོ་ཡོད། བོན་གྱི་སྐོར་རྩོམ་ཡིག་རེ་སྤེལ་ན་དགའ་པོ་ཡོང་བ།
http://theyungdrungbon.com/?p=4828
རི་རྒྱལ་ཏི་སེ་ལགས་བྱང་འདི་མནོན་ལ་གཟིགས་དང་གཟིགས་ཐུབ་པའི་རེ་བ་ཡོད
http://theyungdrungbon.com/?p=4828
རི་རྒྱལ་ཏི་སེ་ལགས་ཁ་བྱང་འདི་མནོན་ལ་གཟིགས་དང་གཟིགས་ཐུབ་པའི་རེ་བ་ཡོད
རྣམ་དཔྱོད་ལྡན་པ་ཅོ་རི་ལགས་ནས་དེ་ལྟར་གསུངས་པར་ཐུགས་རྗེ་ཆེ་ཞུ། ངོས་རང་དེ་འདྲའི་རྩོམ་ཡིག་འབྲི་བའི་ཤེས་ཡོན་མེད་འོན་ཀྱང་རྩོམ་ཐུང་རེ་འབྲི་ཐུབ་མོད། གནས་སྐབས་རིང་ལས་བྲེལ་གྱིས་དབང་གིས་འབྲི་ཁོམ་པ་མི་འདུག སྤྱིར་སྟངས་ངོས་རང་ད་ལྟ་དེབ་གཅིག་འབྲི་སྒང་ཡིན། དེ་མགྱོགས་མྱུར་ཚར་བ་བྱེད་དགོས་བསམ་པ་ཡོད། མ་གཞི་ནས་སྐབས་རེར་ཁ་བརྡ་ནས་ཀྱང་དགོངས་པ་ཞུ་དགོས་བསམ་པ་ཡོད། འདི་ཡི་ནང་དུ་སླེབས་ནས་དགོས་པའི་ཤེས་བྱ་ཅུང་ཙམ་ལས་མི་དགོས་པའི་ཆོས་ལུགས་ཆགས་སྡང་རྨོང་གསུམ་གྱི་རྣམ་པ་ཤུགས་ཆེན་པོ་འདུག་དེ་ཡིས་ལས་དོན་མང་པོ་ཞིག་ལ་ཐུས་ཤོར་ཀྱང་འགྲོ་བཞིན་འདུག་བྱས་ཙང་གནས་སྟངས་འདི་འདྲ་ཡིན་ཞུ།
བན་དེ་བ་ལགས། སྤྱིའི་ཆ་ནས་བོད་ཀྱི་ཆོས་ལུགས་པའི་ནང་ཁུལ་དུ་ང་ཆེ་ང་མཐོ་དང་རང་བཟང་རང་རྒྱས་ཀྱི་ལྟ་བ་ཤུགས་ཆེན་པོ་འདུག ང་ལའང་སྐབས་རེ་ལ་བསམ་བློ་ཐབས་སྐྱོ་པོ་དེ་འདྲ་འཁོར་ཡོང་གི་འདུག བོད་ཀྱི་ཆོས་ལུགས་པ་འདི་ཚོས་བོད་མི་རིགས་ལ་སྐྱིད་ཀྱི་ཉི་མ་ཤར་བཅུག་ས་མ་རེད་བསམས་ནས་སེམས་སྐྱོ་ཡོང་གི་འདུག
ཡང་སྐབས་རེ་ལ་ཞིབ་ཏུ་བསམ་བློ་བཏང་དུས་ཆོས་ལུགས་ཆོས་རྒྱུད་ཁག་གི་གཞན་ཕན་གྱི་ལྟ་གྲུབ་འདིས་ཏོག་ཙམ་དྲག་གི་རེད་བསམས་ཀྱི་འདུག ཆོས་ལུགས་ཚོ་ས་འོག་གི་འབུ་ལའང་སྙིང་རྗེ་མཁན་དེ་འདྲ་ཡིན་མདོག་རེད་བ།་་་ཧཧཧཧཧ
དྲ་རྒྱ་ཁག་ཏུ་ཕེབས་ནས་ཡོན་ཏན་རག་ཡོད་རེད་བསམས་ཀྱི་འདུག ངས་རང་ངོས་ནས་བྱས་ན་འདོད་པ་ཁེངས་བསྡད་ཡོད་ལ་སྤོབས་ཡང་སྐྱེས་ཀྱི་འདུག བོད་མིའི་ནང་ནས་བོད་མི་ཉམ་ཆུང་ཚོའི་བསམ་ཚུལ་མང་ཤོས་ཤེས་མཁན་ང་རང་ཡིན་བསམས་ནས་སྤོབས་པ་སྐྱེས་ཀྱི་འདུག མི་ཆེན་དང་མཁས་ཆེན་གཅིག་གཉིས་ཤིག་གི་བསམ་ཚུལ་དང་ལྟ་གྲུབ་ཤེས་ཀྱི་ལས་སླ་པོ་རེད་བ། ཉམ་ཆུང་མི་དམངས་ཀྱི་བསམ་ཚུལ་ཤེས་ཀྱི་གལ་ཆེན་རེད་བསམ་བཞིན་ཡོད། འཛམ་གླིང་འདི་ཁ་ཕྱོགས་སྒྱུར་མཁན་མི་དམངས་ཡིན་པ་ལས་མི་ཆེན་མཁས་ཆེན་གཅིག་གཉིས་ཤིག་མ་རེད་བ། དེ་བརྟེན་དམངས་ཀྱི་བསམ་ཚུལ་ལ་གུས་བཀུར་དང་དམངས་ཀྱི་བསམ་ཚུལ་ལ་ཤེས་འདོད་དགོས་ཀྱི་རེད་འདོད།
གལ་སྲིད་མི་དམངས་ཀྱི་བསམ་ཚུལ་མ་ཤེས་པའི་ཐོག་ནས་མི་དམངས་ཀྱི་མདུན་ལམ་ལམ་སྟོན་བྱས་པ་ཡིན་ན་ནོར་འཁྲུལ་ཡོང་གི་རེད། མི་དམངས་ཀྱི་བསམ་ཚུལ་ཤེས་པའི་ཐོག་ནས་མདུན་ལམ་ལམ་སྟོན་བྱེད་པ་ཡིན་ན་ནོར་གྱི་མ་རེད། མདོ་ན་འཛམ་གླིང་འདི་ལ་དབང་ཆེ་ཤོས་མི་དམངས་རེད། བོད་ཀྱི་དབང་ཆེ་ཤོས་བོད་མི་དམངས་རེད། བོད་རྒྱ་ཆེན་མི་དམངས་དང་མི་མཐུན་པའི་ལམ་ཕྱོགས་རྣམས་སྔ་ཕྱི་མ་གཏོགས་ཕམ་ཁ་རག་ངེས་རེད་འདོད། ངས་བསམ་ཚུལ་བྱས་ན་མཁས་དབང་ཆགས་འདོད་ན་མི་དམངས་ཉམ་ཆུང་ཚོའི་ལྟ་གྲུབ་ལ་སློབ་སྦྱོང་བྱོས། ཧཧཧཧ་་་་ཨོ་ཡ་་་ཁ་ལག་ཟ་རན་སོང་།