བསེ་ཀུན་དགའ་མཆོག་སྐྱབས་ཀྱིས་བརྩམས།
རྟག་བརྟན་ཐེར་ཟུག་མི་འགྱུར་དམ་པའི་བདག །
ཡེ་གྲུབ་ཤེས་རབ་ཡེ་ཤེས་མེ་འོད་གསལ། །
ཟུང་འཇུག་རྒྱལ་ཀུན་གཅིག་ཏུ་ཟླུམ་པའི་འཕྲུལ། །
བརྟན་པའི་འཁོར་ལོས་ཤེས་རབ་སྣང་བ་སྩོལ།།
མ་རིག་རྒུད་པའི་སྨག་ཆེན་མཐའ་རུ་སྤྱུགས། །
འོད་གསལ་སྣང་བའི་མཁྱེན་རབ་ཅི་ཡང་རྒྱས། །
མཁྱེན་གཉིས་དཔལ་རྫོགས་ཐུབ་ཆེན་ཤཱཀྱའི་རྒྱལ། །
རྣམ་འབྱེད་བློ་གྲོས་དཔྱིད་ཀྱིས་རྟག་སྐྱོངས་མཛོད། །
འབུམ་སྡེའི་གཏེར་ཆེན་གཟུགས་སུ་འཕྲུལ་ཁྱོད་ནི། །
རྒྱལ་བ་གཉིས་པའི་མཚན་མཆོག་དོན་དང་ལྡན། །
སློབ་དཔོན་ནོར་གྱི་རྩ་ལག་དབུ་མ་བ། །
གནོད་འཇོམས་བྱེད་པོ་མཆོག་ལ་མགོ་བོས་འདུད། །
མཛད་པ་ཀུན་ལས་གསུང་གི་ལེགས་བྱས་ནི། །
མཛད་པ་མཆོག་ཡིན་ཞེས་གསུངས་ཚངས་པའི་སྒྲ། །
འཇིགས་མེད་གདོང་ལྔའི་སྒྲ་ཆེན་ལྡིར་ཇི་བཞིན། །
ཡོངས་སུ་གཟུང་བའི་སྤོབས་པ་མཆོག་འཐོབ་ཤོག །
དེ་ཡང་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་འདིར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་སོགས་ལས་བརྩམས་ཏེ་ཆོས་ཀྱི་སྒོ་སྣ་ཚོགས་པ་གདུལ་བྱའི་ཁམས་མོས་དང་མཐུན་པའི་ཆོས་ཇི་སྙེད་ཅིག་བཀའ་བསྩལ་ལ། དེ་ལ་དགོངས་པ་འགྲེལ་མཛད་རྒྱ་བོད་ཀྱི་པཎ་གྲུབ་གསེར་རིའི་ཕྲེང་བ་ལྟར་མཆིས་ཤིང་། མདོ་རྒྱུད་ཀྱི་དགོངས་པ་འགྲེལ་ཚུལ་རང་རང་གིས་དཔྱད་དོན་གྲུབ་པ་དེ་ཡིན་ནོ། །དེས་ན་འདིར་འབུམ་གྱི་འགྲེལ་བ་ལ་འབུམ་རྐྱང་བའི་འགྲེལ་གཅིག་དང་ཡུམ་གསུམ་གྱི་འགྲེལ་གཉིས་སུ་བྱུང་ངོ་། །
དང་བོ་ནི་དཀར་ཆག་འཕང་ཐང་དུ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པར་བཤད་པ་དང་། བུ་སྟོན་ཆོས་འབྱུང་ལས་ཀྱང་།རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པའི་འགྲེལ་ཆེན་བམ་པོ་བདུན་ཅུ་རྩ་བརྒྱད་ཅུང་ཟད་མ་འགྱུར་བ། འདི་འཕང་ཐང་མར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྱས་པར་བྲིས་མོད་ཀྱི་ཞེས་གསལ་ཀྱང་། བོད་འདིར་དཀར་ཆག་དུ་མ་ཡོད་པས་ལྡན་དཀར་མ་དང་མཆིམས་ཕུ་མ་ལ་རྒྱལ་བོས་མཛད་པ་མི་གསལ། གཞན་ས་སྐྱའི་གོ་བོ་རབ་འབྱམས་པ་སོགས་ཀྱིས་སློབ་དཔོན་དཔའ་བོས་མཛད་པར་འདོད་དེ། དཔའ་བོའི་འབུམ་ཊཱིཀ་དང་། ཞེས་གསུངས། སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་ལས། སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་བསྡུ་བ་དཔའ་བོའི་འབུམ་ཊཱིཀ་སྟེ། ཞེས་གསུངས་སོ། །དེས་ན་གྲུབ་དོན་འཇོག་དཀའ་བས་དཔྱད་པར་བྱའོ། །
གཉིས་པ་ནི་རྒྱ་གར་དུ་ཨ་བྷྱ་ཀ་ར་དང་། ཞི་བ་འབྱུང་གནས་སོགས་དང་བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ནས་ཡུམ་གསུམ་གནོད་འཇོམས་རྩོམ་པ་པོ་སུ་ཡིན་དོགས་གནས་སུ་གྱུར། དེས་ན་བདག་གིས་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་དབྱིག་གཉེན་གྱིས་མཛད་མིན་ཚུལ་གཉིས་རབ་གསལ་བྲི་བ་ལ་ཤིན་ཏུ་སྤྲོའོ། །ཐོག་མར་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་སློབ་དཔོན་དབྱིག་གཉེན་གྱིས་བརྩམས་པར་འདོད་པའི་ལུགས་དང་། དེ་ལྟར་མི་འདོད་པའི་ལུགས་དང་། སོ་སོའི་འདོད་པ་ལ་དཔྱད་པ་སྟེ་གསུམ་མོ། །
དང་བོ་ནི། ཨ་བྷྱ་ཀ་རའི་ཐུབ་པ་དགོངས་རྒྱན་ལས། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་དུ་གོ་ཆ་ཆེན་པོ་བགོས་པ་ཞེས་པ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་ནས་བསམ་པ་རྒྱ་ཆེ་བར་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་ནས་བདུན་པ་ཇི་སྲིད་པ་འབད་པ་དང་བཅས་རྣམ་པར་རྟོག་པ་དང་བཅས་པར་སྤྱོད་པའི་གནས་སྐབས་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་པ་ནི་བརྒྱད་པ་ནས་བཟུང་སྟེ་དོན་དམ་པར་སྤྱོད་པ་བསྟན་པའོ། །དེ་ལ་གོ་ཆ་ཆེན་པོ་རྣམ་པ་གཉིས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར་བསམ་པ་རྒྱ་ཆེ་བ་ལས་དང་། སྒྲུབ་པ་གཅིག་ཁོ་ནར་སྒྲུབ་པ་ཐམས་ཅད་རྫོགས་པས་སྒྲུབ་པ་རྒྱ་ཆེ་བ་ནས་ཇི་སྲིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་ཞེས་བརྗོད་དོ་ཞེས་པའི་མཐར་ཐུག་པ་གསུངས་སོ། །ཞེས་དང་། ཚིག་ཇི་ལྟ་བ་ནི་མི་འདུག་ཀྱང་དོན་ནི་ཇི་ལྟ་བ་ཡོད་དེ། ཡུམ་གསུམ་གནོད་འཇོམས་ལས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ་ས་བདུན་པའི་བར་དུ་རྩོལ་བ་དང་བཅས། རྣམ་པར་རྟོག་པ་དང་བཅས་པའི་སྤྱོད་པའི་གནས་སྐབས་ཡིན་པར་བསྟན་ཏོ། །ཞེས་སོགས་གསུངས། ཞི་བ་འབྱུང་གནས་ཀྱིས། གང་གི་ཕྱིར་སློབ་དཔོན་དབྱིག་གཉེན་མདོ་སྡེ་ལྔ་བརྒྱ་བཤད་པའི་ཕྱིར་འཕགས་པ་མགོན་པོ་བྱམས་པས་བཀའ་སྩལ་པ་དེ་བས་ན། ཅི་ལྟར་ཕྱིན་ཅི་ལོག་ཏུ་བཤད་པ་མཛད། བླ་མའི་མན་ངག་ལས་གཞུང་འགྲེལ་གནོད་འཇོམས་གསལ་པོར་བྱ་བར་འདོད། ཅེས་བྱ་བ་བཤད་པའི་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཉིད་ཀྱི་མན་ངག་ལ་སྐྱབས་སུ་བྱེད་དོ། །ཞེས་གསུངས། བཅོམ་ལྡན་རིག་རལ་གྱི་བསྟན་པ་རྒྱན་གྱི་མེ་ཏོག་ལས། ཡང་ཐོགས་མེད་ཀྱི་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ་དེ་ཉིད་རྣམ་ངེས། དབྱིག་གཉེན་གྱིས་དེ་གསུམ་གྱི་གཞུང་འགྲེལ། ཞེས་གསུངས། དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་ཕར་ཕྱིན་མདོ་ལུགས་མ་ལས། རྒྱལ་བ་བྱམས་པའི་དངོས་སློབ་ཤིང་རྟ་ཆེན་པོ་སློབ་དཔོན་དབུ་མ་པ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། འབུམ་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་སྟེ། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་སུ། ཞེས་གསུངས་སོ། །བུ་སྟོན་ཆོས་འབྱུང་ལས། རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པའི་འགྲེལ་ཆེན་བམ་པོ་བདུན་ཅུ་རྩ་བརྒྱད་ཅུང་ཟད་མ་འགྱུར་བ། འདི་འཕང་ཐང་མར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྱས་པར་བྲིས་མོད་ཀྱི་དཀར་ཆག་གོང་མ་གཉིས་སུ་རྒྱ་གར་མར་བཤད་པས་དཾཥྚ་སེ་ནས་བྱས་པ་དེ་ཡིན་ནོ། །རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་གཞུང་འགྲེལ་བམ་པོ་ཉི་ཤུ་རྩ་བདུན་པ་བསྒྱུར་འཕྲོ། འདི་དཾཥྚ་སེ་ནས་བྱས་ཟེར་བ་མང་མོད་ཀྱི་འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ་ཐུབ་པ་དགོངས་རྒྱན་ལ་སོགས་པར་ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར་དང་། དབུར་ཡང་། འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །ཅེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །ཇོ་ནང་ཕྱོགས་རྒྱལ་བའི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ལས། ཐ་ད་གཉིས་ལ། སློབ་དཔོན་དཾཥྚ་སེ་ནས་མཛད་པར་གྲགས་པའི་འབུམ་གྱི་ཊཱི་ཀ་ལེའུ་ལྔ་བཅུ་ང་གཉིས་པའི་འཕྲོ་ལ་ལུས་པ་བཞུགས། འདི་ལ་དཀར་ཆག་འཕང་ཐང་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་ཟེར་རོ། །ཞེས་དང་། ན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་བམ་པོ་ཉི་ཤུ་རྩ་བདུན་པ། སུ་རེནྡྲ་དང་། བནྡེ་ཡེ་ཤེས་སྡེས་བསྒྱུར་པ་བཞུགས་སོ། །འདི་ཁ་ཅིག་དཾཥྚ་སེ་ནས་མཛད་ཟེར་མོད་ཀྱི། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་གི་འགྲེལ་པར་བཞེད་པ་ཉིད་འཐད་པར་རྟོགས་ཏེ། རྒྱ་འགྲེལ་རྣམས་སུ་ལུང་དྲངས་པའི་གཞུང་དེ་ན་སྣང་བའི་ཕྱིར་རོ། །འདི་དང་འབུམ་ཊཱིཀ་ཆེ་བ་གཉི་ག་སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་འཆད་དོ། །ཞེས་གསུངས་སོ། །ཇོ་ནང་ལོ་ཙཱ་བ་ཆོས་གྲགས་དཔལ་གྱིས་ཀྱང་། བོད་དཔེ་བཞི་དང་རྒྱ་གར་ཡུལ་དབུས་ཀྱི་དཔེ་གཉིས་ལ་གཏུགས་ནས་བསྒྱུར་བཅོས་བྱས་པའི་ཡུམ་གསུམ་གནོད་འཇོམས་ཀྱི་འགྱུར་བྱང་ལས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་ཁྲི་བརྒྱད་སྟོང་པའི་ཡོངས་སུ་བཤད་པ་རྫོགས་པ་ཁྱད་པར་དུ་འཕགས་པ་དང་། ཉི་ཁྲི་ལྔ་སྟོང་པ་ཅུང་ཟད་བཤད་པ་འདི་ནི་མདོ་སྡེ་མཐའ་དག་གི་དེ་ཁོ་ན་ཉིད་རིག་ཅིང་འཕགས་པ་བྱམས་པ་མགོན་པོའི་ཞབས་རང་ཉིད་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །ཞེས་གསུངས་སོ། །པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཀྱང་། དབྱིག་གཉེན་ཞབས་ཀྱིས་ཡུམ་གསུམ་གནོད་འཇོམས་སུ། །ཞེས་གསུངས། རྗེ་བཙུན་ཏཱ་ར་ནཱ་ཐའི་ཤེར་སྙིང་འགྲེལ་པ་སྔོན་མེད་ལེགས་བཤད་ལས། མདོ་ལུགས་ཀྱི་དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དང་། ཡུམ་གསུམ་གནོད་འཇོམས་དང་། བརྒྱད་སྟོང་དོན་བསྡུ་སོགས་ལས་ཤེས་པར་བྱའོ། །ཞེས་གསུངས་སོ། །ཡང་ན། གཞན་སྟོང་སྙིང་པོ་ལས། སྤྱིར་གཞན་སྟོང་གི་དབུ་མ་ནི་སྐུ་མཆེད་གཉིས་ཀྱི་བསྟན་བཅོས་མཐའ་དག་ན་གསལ་ཞིང་དབྱིག་གཉེན་གྱི་ཉི་ཁྲིའི་འགྲེལ་པ་གནོད་འཇོམས་དང༌། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ན་ཤིན་ཏུ་གསལ་ཞིང་རྒྱས་པའོ། །ཞེས་གསུངས་སོ། །
གཉིས་པ་ནི། གནས་དྲུག་པའི་འདོད་ཚུལ་དྲང་ངེས་འཇུག་ངོགས་སུ་བཀོད་པར། དེ་ཉིད་ལས། ས་སྐྱ་གནས་དྲུག་པས། སྒོ་གསུམ་རྣམ་གྲངས་བཅུ་གཅིག་གིས། །བཤད་པ་དཾཥྚ་སེ་ནའི་ལུགས། །ཞེས་གསུངས། ཡར་འབྲོག་པས་ཀྱང༌། དཾཥྚ་སེ་ནའི་གནོད་འཇོམས་འདི། །བཙུན་པ་གྲོལ་སྡེའི་རྟིང་དུ་བརྩམས། །དེ་ཡང་མཁས་པ་གནས་དྲུག་པ། །ཁོ་ནས་རྟོགས་ཀྱི་གཞན་དུ་མིན། །ཞེས་གསུངས། འཇམ་མགོན་བདག་ཉིད་ཆེན་པོའི་ལེགས་བཤད་གསེར་ཕྲེང་ལས། མན་ངག་རྗེས་འབྲང་དུ་ཡང་ཉི་ཁྲིའི་གཞུང་འགྲེལ་ཞེས་གྲགས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བ་དང༌། ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་དང༌། ལྔ་བརྒྱ་པ་ཐ་མའི་འགྲེལ་པར་བསྟན་པའི་གནས་ཚད་ལ་རང་ཉིད་ཀྱི་འདོད་པ་བཀོད་ནས། ཤཱན་ཏི་རཀྴི་ཏའི་བསམ་པ་ནི་ཞེས་ཞི་བ་འཚོའི་བཤད་ཡམས་མཛད་པའི་ཕྱིར་མཆེ་བའི་སྡེས་བརྩམས་པ་ཡིན་ནམ་སྙམ་སྟེ། བློ་གསལ་ཞིང་ཡིད་གཞུངས་པ་དག་གིས་དཔྱད་པར་བྱའོ། །ཞེས་དང་། གསེར་ཕྲེང་གདམས་ངག་གི་སྐབས་སུ། དེ་ལྟར་དྲངས་པའི་མདོ་སྡེ་འདི་ཐེག་བསྡུས། ཀུན་བཏུས་དང༌། མདོ་རྒྱན་གྱི་འགྲེལ་པ། བརྒྱད་སྟོང་དོན་བསྡུས། དག་ལྡན་རྣམས་སུ་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་བཀྲལ་ཞིང་དེ་དག་ཏུ་བཤད་པའི་དགག་བྱ་ཡང༌། བརྒྱད་སྟོང་དོན་བསྡུས་ལས། དེས་ན་སངས་རྒྱས་དེ་བཞིན་དུ། །བྱང་ཆུབ་མ་མཐོང་བར་བརྗོད་པ། །ཡོངས་སུ་རྫོགས་པའི་བར་གྱིས་འདིར། །བརྟགས་རྣམས་སེལ་བར་ཤེས་པར་བྱ། །ཞེས་ངོ་བོ་ཉིད་གསུམ་གྱི་ནང་ནས་ཀུན་བརྟགས་ཁོ་ན་དགག་བྱར་བསྟན་གྱི་གཞན་དབང་དགག་བྱར་མ་བསྟན་ལ། གནོད་འཇོམས་འདི་ལས་ནི་འདུས་བྱས་ཐམས་ཅད་ཀུན་བརྟགས་སུ་བཤད་ནས་དེ་ཐམས་ཅད་རང་སྟོང་དུ་གསུངས་ཤིང་སྐྱེ་མེད་འགག་མེད་རྣམས་ཀྱང་སྒྲ་ཇི་བཞིན་པར་མཛད་ནས་སྐྱེ་འགག་སེལ་བའི་རིགས་པ་རིགས་ཚོགས་བཞིན་འཆད་པས་སེམས་ཙམ་མིན་ལ། ཁྱད་པར་དུ་མདོ་འདི་རྟོག་པ་བཅུའི་གཉེན་པོར་མི་འཆད་ཅིང་མདོ་རྒྱན་འགྲེལ་པར་བཤད་པ་དང་ཡང་བཤད་ཚུལ་མི་མཐུན་པས་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །ཞེས་དང་། གསེར་ཕྲེང་བདེན་བཞིའི་སྐབས་སུ། དེས་ན་སྐྱེ་འགག་ནི་སྒྲོ་བཏགས་པ་ཙམ་ཡིན་གྱི་དོན་དམ་པར་མེད་དེ་ཞེས་གནོད་འཇོམས་ལས་ལུང་སྔ་ཕྱི་འདི་རྣམས་དྲངས་ནས་སྐྱེ་འགག་འགོག་པའི་རིགས་པ་རྣམས་བརྗོད་པ་ནི། སློབ་དཔོན་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པས་བཀོད་པའི་རིགས་པ་དང་ཁྱད་པར་མེད་པར་སྣང་ཞིང་འདིས་སྐྱེ་འགག་མེད་པ་དངོས་པོ་ཐམས་ཅད་ལ་མཛད་པ་དང༌། སེམས་ཙམ་པ་དངོས་པོ་སྐྱེ་འགག་མེད་པར་བཤད་པ་ཀུན་བཏགས་པ་ལ་འདོད་ཅིང་གཞན་དབང་སྐྱེ་བ་མེད་པ་ལ་གསུངས་པ་རང་གི་ངོ་བོས་མི་སྐྱེ་བ་ཡིན་ལ་རྐྱེན་གཞན་ལས་སྐྱེའོ་ཞེས་པ་རྣམས་མཚུངས་པའི་སྐབས་ག་ལ་ཡོད། ཅེས་དང་། གསེར་ཕྲེང་དགེ་འདུན་ཉི་ཤུའི་སྐབས་སུ། ཡུམ་གསུམ་གནོད་འཇོམས་སུ་མ་བགྲངས་པར་ཕྱོགས་བཅུའི་འགྲེས་ཀྱི་སྐབས་སུ་མདོ་ལས་སེམས་དཔའ་བཅུ་ཡོད་པར་གསུངས་པ་ལ་ཕྱོགས་བཅུ་པོ་རེ་རེ་དང་བཅུ་བསྡོམས་པ་ལ་གཅིག་ཏུ་བྱས་ནས་བགྲངས་སོ། །འབུམ་གྱི་གནོད་འཇོམས་ལས་བཅུ་པོ་བསྡོམས་པ་མདོ་ན་མེད་པས་དེ་མ་བགྲངས་པར་མདོ་ན་ཡོད་པའི་དགེ་བཅུའི་ལམ་མི་གཏོང་བ་བགྲངས་ཏེ་འདི་ཤིན་ཏུ་ལེགས་ཏེ་མདོ་གསུམ་ག་འགྲིག་པས་སོ། །དེས་ན་གནོད་འཇོམས་ཆེ་བས་ཡོད་པ་བཞག་ནས་མེད་པ་བཙལ་བ་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །ཞེས་དང་། དྲང་ངེས་སྐབས་སུ། གཞན་དབང་དང་ཡོངས་གྲུབ་གཉིས་ཀ་ཡིན་ལུགས་དཔྱོད་པའི་རིགས་པས་དཔྱད་བཟོད་བཀག་པའི་ཕྱིར་དང༌། དབྱིག་གཉེན་གྱིས་ཡུམ་གྱི་མདོའི་དགོངས་པའི་དོན་དགོངས་འགྲེལ་གྱིས་བཤད་པ་བཞིན་དུ་བྱེད་དགོས་པར་རྣམ་བཤད་རིགས་པ་ལས་བཤད་པ་དང་བཤད་ཚུལ་ཆེས་ཤིན་ཏུ་མི་མཐུན་པའི་ཕྱིར་དབྱིག་གཉེན་གྱིས་མཛད་པ་མིན་ལ། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་དཾཥྚ་སེ་ནས་མཛད་པར་གྲགས་པ་ལྟར་ཡིན་ནོ། །ཞེས་གསུངས། མཁས་གྲུབ་རིན་པོ་ཆེའི་རྒྱུད་སྡེ་སྤྱི་རྣམ་ལས། ཡུམ་གསུམ་གནོད་འཇོམས་ནི། དཾཥྚ་སེ་ནའི་ཡིན་ཞིང་། ཞེས་གསུངས་སོ། །རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་དང་བོའི་སྤྱི་དོན་ལས། འོ་ན་གཞུང་འགྲེལ་གནོད་འཇོམས་དེ་གང་གིས་མཛད་ཅེ་ན། འདི་ལ་ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ཞེས་པ་ཡེ་ཤེས་སྡེས་བསྒྱུར་བ་ཞིག་དང་། འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་ཞེས་པ་འགྱུར་བྱང་མེད་པ་ཞིག་ཡོད་པའི་ཕྱི་མ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་ཡིན་ཏེ། འཕང་ཐང་གི་དཀར་ཆག་ཏུ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ། ཞེས་གསུངས་པའི་ཕྱིར། དང་པོ་དེ་ལ་མི་མཐུན་པ་མང་དུ་འབྱུང་ཡང་། སྔ་མ་རྣམས་ལ་ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་པ་ལྟར་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །ཞེས་གསུངས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་ལས། འདི་ཁ་ཅིག་དབྱིག་གཉེན་གྱིས་མཛད་ཟེར་བ་སོགས་མི་འཐད་པར་ཐལ། འདི་དཾཥྚ་སེ་ནས་མཛད་པར་སྔོན་གྱི་ཡིག་རྙིང་ལས་གྲགས་པའི་ཕྱིར། ཞེས་གསུངས། གསུམ་པ་ལ་དང་བོའི་འདོད་པ་ལ་དཔྱད་པ་དང་། དེ་ལྟར་མི་འདོད་པའི་ལུགས་ལ་དཔྱད་པ་གཉིས། དང་བོ་ནི། ཨ་བྷྱ་ཀ་ར་དང་ཞི་བ་འབྱུང་གནས་ཀྱིས་དབྱིག་གཉེན་གྱི་གཞུང་འགྲེལ་གྱི་ཚིག་དྲངས་ཡོད་པ་དེ་ཚིག་དང་དོན་ཅི་རིགས་ཀྱི་སྒོ་ནས་ཇི་ལྟ་བ་བཞིན་ཡུམ་གསུམ་གནོད་འཇོམས་སུ་ཡོད་པའོ། །ཐུབ་དགོངས་དང་མན་ངག་རྗེས་འབྲང་ཡུམ་གསུམ་གནོད་འཇོམས་ཚང་མ་ལ་བལྟ་བ་ནི་ཤིན་ཏུ་གལ་གནད་ཆེ་བས་སོ། །འཇམ་མགོན་བདག་ཉིད་ཆེན་པོས་ནི། དེ་ནས་གཞན་དུ་ལུང་དྲངས་པ་རྣམས་དེར་སྣང་བ་དང༌། ཞེས་གསུངས་པ་ལ། ལན་རིམ་བཞིན་བརྗོད་པ་ནི། ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱིས་གསུངས་པ་འདོད་མཁན་རྣམས་གྱིས་རིགས་པ་ཆེས་གཙོ་བོ་ནི་དེ་ལས་གཞན་དུ་ལུང་དྲངས་པ་རྣམས་དེར་སྣང་བ་ཡིན་པས་དེ་ལ་ལན་གནང་མེད་པས་དཔྱད་དགོས། ལྷག་པར་དུ་འདི་ལ་ལན་གནང་དགོས་པ་སྐབས་སུ་བབས་པའི་གནས་སུ་ཡང་གྱུར། གསེར་ཕྲེང་ལས། འདིར་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་ལ་དེ་བཙུན་པའི་རྣམ་འགྲེལ་ན་ཡོད་པས་དབྱིག་གཉེན་གྱི་མ་ཡིན་ཞེས་ཟེར་བའི་ལན། གསེར་ཕྲེང་རང་ཉིད་ལས་བཙུན་པ་དང་མིང་མཐུན་པ་གཅིག་གིས་མཛད་པར་དོགས་པ་བྱས་ཡོད་པས་དུས་སོགས་ཀྱི་འགལ་འདུ་མེད་པར་སེམས། ཡོངས་གྲགས་སུ་མཆན་དཀྱུས་ལ་ཤོར་བར་འདོད་དོ། །ཞི་འཚོའི་བཤད་ཡམས་བཀོད་པའི་ལན། སྣར་ཐང་བསྟན་འགྱུར་དུ་ཞི་འཚོའི་བཤད་ཡམས་ཡོད་ཀྱང་སྡེ་དགེའི་བསྟན་འགྱུར་དང་ཅོ་ནེའི་བསྟན་འགྱུར་གཉིས་ལ་བཤད་ཡམས་དེ་མེད་པས་བདེན་ཁ་སུ་ཡོད་རང་གིས་དཔྱད། གསེར་ཕྲེང་ལས། མདོ་རྒྱན་འགྲེལ་བ་སོགས་ཀྱིས་བཤད་པ་དང་ཡང་བཤད་ཚུལ་མི་མཐུན་པས་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ་ཞེས་གསུངས་པའི་ལན། སྐབས་འདིར་དབྱིག་གཉེན་དབུ་མ་པ་ཡིན་པ་གང་ཞིག་ལ་ཞར་བྱུང་དུ་སེམས་ཙམ་གྱི་ལྟ་གྲུབ་གསུངས་པས་འགལ་བ་མེད་དོ། །གསེར་ཕྲེང་ལས། ཡུམ་གསུམ་གནོད་འཇོམས་སུ་མ་བགྲངས་པར་ཕྱོགས་བཅུའི་འགྲེས་ཀྱི་སྐབས་སུ་ཞེས་སོགས་གསུངས་པ་ལ། གསེར་ཕྲེང་ལས།
དང་པོ་ནི། འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་པ་གསུམ་དུ། སངས་རྒྱས་ཀྱི་ཞིང་གཞན་དང༌། དགའ་ལྡན་དང་མིའི་ནང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པར་རིག་པར་བྱ། ཞེས་གསུམ་གསུངས་ལ་དེའི་རྗེས་སུ་ལྷ་ཚེ་རིང་པོར་སྐྱེས་བའི་མདོ་ནས་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོ། །ཞེས་པའི་བར་རྣམས་གསུངས་ཏེ། འདི་ལ་ཞེ་ལྔ་ཡོད་དོ། །ཞེས་མདོ་ལས་རྒྱལ་སྲས་ཞེ་བརྒྱད་གསུངས་ཤིང་། གསེར་ཕྲེང་ལས། འདི་ལྟར་བྱས་ནས་དགེ་འདུན་ཉི་ཤུར་བྱེད་པ་ནི་འཕགས་པའི་དགོངས་པར་གསལ་མོད། འོན་ཀྱང་རྒྱ་བོད་ཀྱི་མཁས་པ་ཕལ་མོ་ཆེས་འདིའི་དགོངས་པ་བཙལ་ཡང་ཇི་ལྟ་བ་བཞིན་གསལ་བར་མ་གྱུར་ཏོ། །ཞེས་འཕགས་པ་སོགས་ཀྱིས་ཀྱང་མདོ་དོན་འཆད་པ་ན་སྒྲས་ཟིན་ལྟར་མ་བཤད་པར་འདུག་པས་མདོ་དོན་འཆད་པ་ན་སྒྲས་ཟིན་ལྟར་མ་བཤད་ནའང་སྐྱོན་མེད་དམ་སྙམ་མོ། །
ཞར་བྱུང་དུ་ཉ་དབོན་ཀུན་དགའ་དཔལ་གྱིས་ཡུམ་གསུམ་གནོད་འཇོམས་རྩོམ་པ་པོ་དབྱིག་གཉེན་འདོད་མིན་ལ་དཔྱད་པ། ཉ་དབོན་ཀུན་དགའ་དཔལ་གྱིས་ཀྱང་། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་དུ། འདི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཞེས་བཅོམ་རལ་དང་ཆོས་རྗེ་ཀུན་མཁྱེན་པ་གསུངས་ཤིང་བུ་སྟོན་རིན་པོ་ཆེའང་ཕུགས་ཀྱིས་དེར་བཞེད་མོད་ཀྱི། འོན་ཀྱང་འབུམ་འགྲེལ་གནོད་འཇོམས་དང་ཡུམ་གསུམ་གནོད་འཇོམས་མ་ཕྱེད་/ཡིག་ཆུང་(གནོད་འཇོམས་ཊཱིཀ་གསུང་སྒྲོས་གཉིས་སུ་བལྟའོ།།)སྣང་ངོ་། །/ཡིག་ཆུང(གནས་དྲུག་པ)ཁ་ཅིག་ཡུམ་གསུམ་འགྲེལ་བ་གནོད་འཇོམས་འདི་ཌཾཥྚ་སེ་ནས་མཛད་ཅིང་། འབུམ་འགྲེལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་གསལ་ཟེར་རོ། །ཞེས་གསུངས། འདིའི་ཚིག་ལ་བརྟགས་ན་ཀུན་མཁྱེན་རིན་པོ་ཆེ་ལ་ཆོས་ཀྱི་རྗེ་ཞེས་ཞེ་ཚིག་དང་། གནོད་འཇོམས་གསུང་སྒྲོས་གཉིས་བཤད་སྐབས་སུ་གལ་ཏེ་རང་ཉིད་ཀུན་མཁྱེན་གྱི་རྗེས་འབྲང་མ་ཡིན་ན་གང་འདོད་པའི་ཕྱོགས་སུ་ཁ་གསལ་དགོས་པ་ལས་ཅི་ཡང་མི་གསལ་བ་དང་། ཀུན་མཁྱེན་ཡབ་སྲས་ཕལ་ཆེར་གནོད་འཇོམས་རྩོམ་པ་བོ་དབྱིག་གཉེན་འདོད་པའི་ཕྱོགས་དང་། མཁས་པ་གནས་དྲུག་པ་ལ་ཁ་ཅིག་ཟེར་བ་དང་། ཟེར་རོ་ཞེས་མ་རངས་པའི་ཚིག་སོགས་ཡོད་པས་ཞིབ་ཏུ་དཔྱད། ཉ་དབོན་རང་ཉིད་ཀྱི་དངོས་སློབ་མཚལ་མིན་པ་བསོད་ནམས་བཟང་བོའི་ཆོས་འབྱུང་རིན་པོ་ཆེའི་གཏེར་ལས། སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་སྟོན་པ་འབུམ་ཊཱིཀ་སྟེ། འདི་བུ་དོལ་གཉིས་དབྱིག་གཉེན་གྱི་གཞུང་འགྲེལ་དུ་བཞེད་ཅིང་མཁས་པ་གནས་དྲུག་པ་དང་མཁན་ཆེན་ཀུན་དགའ་དཔལ་ལ་སོགས་པ་རྒྱུ་མཚན་དུ་མའི་སྒོ་ནས་དབྱིག་གཉེན་གྱི་མིན་པར་བཞེད་དོ་ཕྱི་མ་འཐད་པར་སེམས་སོ། །ཞེས་གསུངས། མཁན་ཆེན་ཀུན་དགའ་དཔལ་ལ་སོགས་པས་རྒྱུ་མཚན་དུ་མས་བསྒྲུབས་པར་བཤད་ཀྱང་རྒྱུ་མཚན་དུ་མ་ཁོ་བོས་ནི་ད་སྔ་མ་མཐོང་ངོ་། །ལྷག་པར་དུ་འབུམ་ཊཱིཀ་བུ་དོལ་གཉིས་ཀྱིས་དབྱིག་གཉེན་གྱི་ཡིན་པར་མི་འདོད་པ་དང་། ཆོས་རྗེ་དང་། བློ་གྲོས་དཔལ་དང་། བློ་བཟང་སོགས་ཀྱི་མིང་གཅིག་པ་ཙམ་གྱིས་གང་ཟག་གཅིག་ཏུ་ཁྱབ་པ་མ་ངེས་སོ། །འདི་ལ་དཔྱད་བྱ་ཤིན་ཏུ་མང་ཡང་གནས་སྐབས་དེ་ཙམ་མོ། །
གཉིས་པ་ནི། གནས་དྲུག་པ་དང་ཡར་འབྲོག་པའི་འདོད་པ་སྔར་ལྟར་རོ། །ཁྱད་པར་དུ་འཇམ་མགོན་བདག་ཉིད་ཆེན་པོའི་རང་ལུགས་སྔར་ལྟར་དང་དེ་དག་གི་དོན་གསེར་ཕྲེང་གི་འགྲེལ་བ་རྣམས་སུ་ཧ་ཅང་གསལ་བས་བདག་གིས་ངལ་བ་མ་བྱས་སོ། །གསེར་ཕྲེང་ལས། དེ་ནས་གཞན་དུ་ལུང་དྲངས་པ་རྣམས་དེར་སྣང་བ་དང༌། འདི་ཡི་ཀླད་དུ་ཡང༌། འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། ཅེས་འབྱུང་བའི་རིགས་པ་གཉིས་ཀྱི་ལན། གསེར་ཕྲེང་ལས། འདིའི་ཀླད་དུ། བླ་མའི་ལུང་གིས་བདག་ལ་ཕན་པའི་ཕྱིར། །འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །ཅེས་པ་རྣམས་ཕལ་ཆེར་སྒྲིག་པར་ནུས་ན་ཡང་བརྩམ་པར་དམ་བཅའི་རྐང་པ་འདི་གཉིས་གནོད་འཇོམས་གཉིས་ཀ་ལ་ཁྱད་མེད་པ་དང་ཞེས་རིགས་པ་གཉིས་པ་ལ་མ་ཁྱབ་པའི་ལན་དངོས་སུ་མཛད་དོ། །དང་བོ་ལ་གསལ་ཁ་མེད་ཀྱང་གཞུང་གོང་འོག་བསྡུར་ན་མ་ཁྱབ་ཀྱི་ལན་འདེབས་དགོས་པར་སེམས་སོ། །
གཞུང་དོན་རྒྱ་མཚོ་ལྟ་བུ་འདི་ཉིད་ལ་དམན་པ་བདག་གིས་གནས་སྐབས་བླང་དོར་གྱི་དཔྱད་པ་འདི་བླ་བྲང་བཀྲ་ཤིས་འཁྱིལ་ནས་བྲིས་པ་འདིའི་མཐུ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་ཤིང་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་རྒྱུ་རུ་བསྔོའོ། །
༢༠༡༩.༡.༡ ཉིན་བྲིས།
ལེགས་སོ། ལེགས་སོ། དཔྱད་རྩོམ་ཡག་པོ་གནང་འདུག བློ་སྐྱེད་འཕེལ་བར་སྨན་པོ་བྱུང། བཀྲིན་ཆེ་ཞུ་ལན་དེའོ།།
ལོ་ངོ་སྟོང་གི་སྔོན་དུ་བྱུང་བ་རེད། བྱུང་བས་མི་ཚད་ས་ལ་ཐིམ་ཚར་བ་རེད། ད་འདི་འདྲ་ཡང་ཡང་གླེང་ན་སུ་ལ་ཕན་ཐོགས་ཀི་རེད། དབྱིག་གཉེན་གྱིས་ཉི་མ་རེ་ལ་འབྲས་ལྡ་ལི་ག་ཚོས་ཟོས་པ་དེ་སུ་ལ་འདྲི་དགོས། དབྱིག་གཉེན་གྱིས་ཉི་མ་རེ་ལ་སྐྱག་པ་ག་ཚོད་བཏང་མིན་དང་རྐུབ་ལག་པས་ག་ཚོད་བཀྲུས་མིན་སུ་ཡིས་བརྗོད་ཐུབ། དེ་ཤེས་མཁན་ཡོད་ཀྱང་སུ་ལ་ཕན་ཐོགས་ཀི་རེད། དེ་ལས་དེང་གི་ང་ཚོའི་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པའི་རྩོམ་རེ་འབྲི་རོགས། དཔེར་ན་གཞིས་གྲོང་གསུམ་པའི་ཟ་ཁང་དེའི་ནང་གི་ཇ་ཡི་བྲོ་བ་ཞིམ་མིན། མན་ཇུ་ཀྲུ་ལིའི་ཨོང་སྟུག་མ་ཚོའི་བྷ་ག་དམ་མིན་ལྟ་བུ་ལགས། རྒྱ་གར་གནམ་ཐང་གི་ཅོག་ཙེའི་འོག་ནས་ཤོག་དངུལ་སྔོན་བཞིན་འགྲོ་མིན་ལྟ་བུ། དེ་མ་གཏོགས་ལོ་སྟོང་ཕྲག་གི་སྔོན་ལ་བྱུང་བའི་རྒྱ་གར་བ་སྤུ་སུད་ཅིག་གིས་དཔེ་ཆ་ག་རེ་བརྩམས་མིན་འབྲི་བ་དང་རྩོད་པ་འདིས་སངས་རྒྱས་ཀྱི་བསྟན་པར་ཕན་ཐོགས་ག་རེ་ཡོད་རེད། དཔེ་ཆ་མང་པོ་མདུན་ལ་སྤུངས་ཏེ་ཡར་ནས་ཅིག་བཏུས་མར་ནས་ཅིག་བླངས་པ་འདི་ལ་དཔྱད་རྩོམ་གྱི་ཐ་སྙད་ག་ལ་འཇུག འདི་ནི་བཏུས་རྩོམ་ཞིག་ལས་ཅི་ཡང་མ་རེད།
བོད་ཡུལ་དུ་བྱོན་པའི་མཁན་ཆེན་ཞི་བ་འཚོ་ནི། རྒྱལ་པོ་གོོ་པྰ་ལ་ནས། རྒྱལ་པོ་ཕྰ་ལའི་བར་དུ་བཞུགས་པ་དང་། གལ་སྲིད་དགུང་ལོ་དགུ་བརྒྱ་བཞུགས་ཡོད་ན། ཐོགས་མེད་སྐུ་མཆེད་ཀྱི་ཞབས་ཟིན་ཙམ་དགོས་པས་ཐལ་བ་དང།
ཡང་དེའི་ཐད་དུ་རྰ་ལ་ཕྰ་ལས་རྒྱལ་སྲིད་བྱས་དེའི་ཚེ་ཨུ་རྒྱན་གྱི་སློབ་དཔོན་སྒེག་པའི་རྡོ་རྗེ་བཞུགས་པའི་སྐབས་ལ། སློབ་དཔོན་བ་སུ་བན་དྷུ་ཞེས་བྱ་བ་དབྱིག་གཉེན་གྱི་མཚན་ཅན་ཞིག་བྱོན་ཏེ། ཆོས་མངོན་པའི་སྡེ་སྣོད་མང་དུ་གསུངས་སོ།།
ཇོ་ནང་ཏྰ་ར་ནྰ་ཐས་གསུངས་པའི་དབྱིག་གཉེན་འདིས་ཕྱག་དཔེ་གང་དང་གང་མཛད་ཡོད་དམ། ལགས།
ད་དེ་རིང་ཀླུ་སྨྱོན་ངར་སོང་བ།
༄༅། དུས་རབས་༢༡ པའི་སྐད་ཆ་བཤད་དགོས།
དུས་རབས་ཉེར་གཅིག་གི་ཆོས་བྱེད་དགོས།
དུས་རབས་ཉེར་གཅིག་པའི་ཟས་ཟ་དགོས།
ཀླད་རྙིང་སྲོལ་རྙིང་མ་བྱེད་བོད་གཞོན་ཚོ།
དུས་རབས་དང་བསྟུན་ནས་འཚོ་བ་སྐྱེལ་དགོས།
ཨ་འབར་འཇིགས་མེད་ལགས། དུས་རབ་༢༡ པའི་ཆོས་ཟེར་དུས་གང་ཡིན་ནམ། གླད་རྙིང་ཟེར་དུས་གང་ལ་ངོས་འཛིན་དགོས་སམ། ཡང་ན་མོ་ཀྲོང་ཞི་ཟེར་བ་དེ་རེད་དན། ཆོས་ལུགས་ནི་དུག་རེད་ཟེར་བ་རེད་དམ། ཡང་ན་དེང་སང་མཚན་རིགས་པ་སོགས་སྔ་མོ་གནའ་ཤུལ་ལེགས་བྱང་དང་རིགས་པའི་གཞུང་ལུགས་སུ་དོ་སྣང་སྐོམ་པས་ཆུ་འདོད་བཞིན་བྱེད་པས་དེ་ཚོ་གླད་རྙིང་རེད་དམ། མ་ཤེས་ན་ཁ་དང་ལག་གཉིས་ངཟབ་གཟབ་བྱོས། དེ་མིན་ན་ཕོངས་ཡོང་ད། དེང་སང་བོད་ལ་རིགས་གནས་ཅུང་ཙམ་སྦྱང་བས་མཁས་མིང་རློམ་ཐུབ་བསྟན་ཕུན་ཚོགས་ལྟ་བུ་བཥིན་དགོས་སམ།
ཨ་འབར་འཇིགས་མེད་ལགས། དུས་རབ་༢༡ པའི་ཆོས་ཟེར་དུས་གང་ཡིན་ནམ། གླད་རྙིང་ཟེར་དུས་གང་ལ་ངོས་འཛིན་དགོས་སམ། ཡང་ན་མོ་ཀྲོང་ཞི་ཟེར་བ་བཞིན་ ཆོས་ལུགས་ནི་དུག་རེད་ཟེར་བ་དེ་རེད་དམ། ཡང་ན་དེང་སང་མཚན་རིགས་པ་སོགས་སྔ་མོའི་གནའ་ཤུལ་ལེགས་བྱང་དང་རིགས་པའི་གཞུང་ལུགས་སུ་དོ་སྣང་སྐོམ་པས་ཆུ་འདོད་བཞིན་བྱེད་པས་དེ་ཚོ་གླད་རྙིང་རེད་དམ། མ་ཤེས་ན་ཁ་དང་ལག་གཉིས་གཟབ་གཟབ་བྱོས། དེ་མིན་ན་ཕོངས་ཡོང་ད། དེང་སང་བོད་ལ་རིགས་གནས་ཅུང་ཙམ་སྦྱང་བས་མཁས་མིང་རློམ་པ་ཐུབ་བསྟན་ཕུན་ཚོགས་ལྟ་བུ་བཞིན་དགོས་སམ།
ད་ང་རང་ཚོས་སྔོན་མའི་བོད་མི་རིགས་སྲོལ་རྒྱུན་དེ་བདག་སྐྱོང་གནང་དགོས། གླད་རྙིང་རེད་ཟེར་ནས་མཐོང་ཆུང་གཏོང་མི་ཉེན།