སྤོབས་པ་མཐའ་ཡས།
ཁ་སང་དྲ་དེབ་འདིའི་སྟེང་དུ་སློབ་དཔོན་འཇིགས་མེད་བློ་གྲོས་ཀྱིས་སྤེལ་བའི་དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ་ཞེས་པའི་རྩོམ་ཡིག་དེ་ཞིབ་པར་ཐེང་གཅིག་བཀླགས། ནང་དོན་ཕལ་མོ་ཆེ་དུས་བབ་གནད་སྨིན་དང་སེམས་ལ་ཕན་པའི་ལེགས་བཤད་ཤ་སྟག་ཏུ་འཁུམས། ཡིན་ན་ཡང་གནད་དོན་གཅིག་ལ་དོག་པ་ཆེ་ཙམ་བྱུང་། དེ་ནི་སློབ་དཔོན་ཁོང་གིས་རྫོགས་ཆེན་དང་ཕྱག་ཆེན་ལས་ཀྱང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གལ་ཆེ་ཚུལ་རྩལ་དུ་བཏོན་ནས་གསུངས་སྟངས་འདི་རེད།
དེ་ཡང་༧གོང་ས་མཆོག་གི་བཀའ་དྲིན་ལས་རྫོགས་ཆེན་གྱི་ཁྲིད་སྐོར་ཅུང་ཙམ་རེ་ཐོབ་མྱོང་ཡོད་ཅིང་འདིའི་སྐོར་ལ་དོ་སྣང་ཡང་ཅུང་ཟད་བྱས་མྱོང་། ངའི་གོ་བ་ཁབ་མིག་ཙམ་དེའི་ནང་གི་རྫོགས་ཆེན་དང་སློབ་དཔོན་འཇིགས་མེད་བློ་གྲོས་ཀྱིས་སྔ་རྒོལ་དུ་བཀོད་པའི་རྫོགས་ཆེན་དེ་ཅུང་ཙམ་མ་འདྲ་བའི་ཚོར་སྣང་བྱུང་། དེ་ཡང་སློབ་དཔོན་ལགས་ཀྱིས་རྫོགས་ཆེན་གྱི་ཚབ་ལ་སྙིང་རྗེ་བཤད་དགོས་པར་གསུངས་སྟངས་ལས་ཁོང་གི་ཐུགས་ཀློང་གི་རྫོགས་ཆེན་དེ་སྙིང་རྗེ་དང་དེ་ཙམ་མ་འབྲེལ་བ་ཞིག་ཏུ་སྣང་།
ངས་གོ་བ་ལྟར་ན་རྫོགས་ཆེན་ཞེས་པ་དེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལྟ་གྲུབ་ཆ་ཚང་བ་ཞིག་དང་། དེ་ཡང་སྙིང་རྗེ་ཆེན་པོ་ནི་རྫོགས་ཆེན་གྱི་སྦྱོར་དངོས་རྗེས་གསུམ་གང་ལ་འབྲལ་མེད་དུ་འགྲོགས་ཡོད་པ་ཞིག་རེད། ངས་མཇལ་བའི་རྫོགས་ཆེན་གྱི་ཁྲིད་ཡིག་དེ་ཚོ་ལས་སྔོན་འགྲོའི་སྐབས་སུ་ཡང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱངས་དགོས་པ་དང་། དངོས་གཞིའི་སྐབས་སུ་ཡང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོར་མཉམ་པར་འཇོག་དགོས་པ། དེ་ལྟར་ཉམས་སུ་བླངས་པའི་ལམ་རྟགས་སུ་ཡང་སྙིང་རྗེ་ཆེན་པོ་གོང་དུ་འཕེལ་མིན་ལས་རྫོགས་ཆེན་གྱི་ལམ་ཡང་དག་རྙེད་མིན་རྟོགས་ནུས་པ་སོགས་འཇུ་མི་ཕམ་པའི་རྫོགས་ཆེན་ཁྲིད་ཡིག་ཅིག་ལས་གསུངས་འདུག རྫོགས་ཆེན་གྱི་སློབ་དཔོན་སྐད་གྲགས་ཅན་རྫ་དཔལ་སྤྲུལ་གྱི་རྫོགས་ཆེན་གྱི་ཁྲིད་ཡིག་ལས། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན༎སྒོམ་པ་མཁྱེན་བརྩེ་འོད་ཟེར་ཡིན། སྤྱོད་པ་རྒྱལ་བའི་མྱུ་གུ་ཡིན༎ཞེས་སོགས་གསུངས་པ་ལས་ཀྱང་སྙིང་རྗེ་ནི་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་ཡ་གྱལ་ཞིག་ཡིན་པར་བསྟན་འདུག་སྙམ།
རྫོགས་ཆེན་ལ་དད་པ་དང་དོ་སྣང་ཡོད་ན་དེ་ལུགས་ཉམས་སུ་ལེན་བཅུག་ན་སྐྱོན་ག་རེ་ཡོད་པ་རེད། བླ་མ་ཁ་ཤས་ཀྱིས་རྫོགས་ཆེན་གྱི་ཁྲིད་རྐྱང་བ་མ་གཏོགས་གཞན་བཀའ་ཆོས་གང་ཡང་མ་གནང་ན་ཡང་འགྲིགས་གི་འདུག སྙིང་རྗེ་ནི་རྫོགས་ཆེན་གྱི་ཉམས་ལེན་ཡོད་ན་མེད་ན་དེ་ཡིན་སྟབས་རྫོགས་ཆེན་པས་སྙིང་རྗེ་བོར་སོང་རབས་ཤིག་མེད་སྙམ། རྫོགས་ཆེན་ཡང་སངས་རྒྱས་ཀྱི་ཆོས་ཡིན་སྟབས་དེས་མ་འགྲིགས་པ་ག་རེ་ཡོད། སྙིང་རྗེ་དང་མ་འབྲེལ་བའི་རྫོགས་ཆེན་ཞེས་པ་ཞིག་སུས་བཤད་འདུག སྙིང་རྗེ་དང་མ་འབྲེལ་བའི་རྫོགས་ཆེན་རྐྱང་བ་ཞེས་པ་ཞིག་ཉམས་སུ་བླངས་ནས་སུ་ཞིག་ཕུང་སོང་བ་རེད། རྫོགས་ཆེན་གྱི་ཚབ་ལ་སྙིང་རྗེ་ཉམས་སུ་ལོངས་ཟེར་བ་ལས་སྙིང་རྗེ་ཆེན་པོ་ནི་རྫོགས་ཆེན་གྱི་ཉམས་ལེན་ལ་མེད་དུ་མི་རུང་བ་ཞིག་རེད་ཅེས་བཤད་ན་ཅི་ཞིག་མི་འགྲིགས་པ་རེད། ངས་ལྟར་ངས་བསམ་ན་སྙིང་རྗེ་ལ་སྦྱངས་ན་རྫོགས་ཆེན་འདོར་དགོས་པ་དང་རྫོགས་ཆེན་ཉམས་སུ་བླངས་ན་སྙིང་རྗེ་བོར་སོང་བ་ཞིག་མ་རེད་ཅེས་ཞུ་བཞིན་ཡོད། སློབ་དཔོན་ཁོང་ཉིད་ཀྱང་དེང་དུས་སུ་མཁས་པའི་སྙན་པ་ཆེ་བའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་ཡིན་པར་ཞལ་གྱིས་བཞེས་པ་སོགས་གདེངས་སྤོབས་དང་འབྲེལ་བའི་ཞལ་ཕོ་ཡང་ཆེ་ཙམ་འདུག་པས་རྫོགས་ཆེན་དང་སྙིང་རྗེའི་འབྲེལ་བའི་སྐོར་ལ་བཀའ་ལན་ཁ་གསལ་ཞིག་གནང་སྐྱོང་ཡོང་བར་མཁྱེན་མཁྱེན་མཁྱེན།
ཁྱེད་རང་གིས་བཤད་པ་དེ་ཡང་རྫོགས་ཆེན་རང་ད་རེད་མི་འདུག
དེ་མིན་རྫོགས་པ་ཆེན་པོ་ཆེན་པོའི་ཚིག་ཅིག་དེ་ཀ་དག་དང་ལྷུན་གྲུབ་སོགས་ཀྱི་སྐོར་ལ་ཡང་ཚིག་འགྲེལ་ཞིག་བསྐྱོན་གནང་རོགས་ཞུ། དེ་དག་ཀྱང་སྙིང་རྗེ་དང་འབྲེལ་བ་ཆེ་ཤས་ཤིག་ཡིན་ཚོད་ཡོད་རབས་ཤིག་ཐོས་མོད། སློབ་དཔོན་ལགས་ཀྱི་དགོངས་བཞེད་ག་རེ་ཡིན་ན།
འབྲུག་རྒྱལ་དབང་གསུམ་པ་སྤོས་སྐྱ་ན་བཞུགས་པའི་མདུན་དུ་ས་སྐྱའི་མཁས་པ་མང་པོས་བགྲོ་གླེང་བྱེད་པར། འགའ་ཞིག་གིས། རྟག་པའི་དངོས་པོ་ཡོད། དེ་བདེ་གཤེགས་སྙིང་པོ་ཡིན། ཇོ་ནང་ཀུན་མཁྱེན་ཆེན་པོས་དེ་ལྟར་བཞེད་ཅེས་ཟེར་བ་ལ་མི་འཐད་ཟེར་མཁན་མ་བྱུང་བ་དང་། རྫོགས་ཆེན་གནས་ལུགས་གཅེར་མཐོང་ཟེར་བ་ཀློང་ཆེན་པས་ཞལ་ཆེམས་སུ་བྲིས་ཞེས་པ་ལས། རྫོགས་པ་ཆེན་པོའི་དོན་གྱི་འཇོག་སོ་ནི། ད་ལྟའི་རང་སེམས་བཅོས་མེད་ལྷུག་པ་བསྒྱུར་བཀོད་སྤུ་ཙམ་ཡང་མ་སོང་བའི་གསལ་རིག་རྗེན་པ་འདི་ཡིན། དེ་ཉིད་དུས་རྟག་པར་ཟ་ཉལ་འགྲོ་འདུག་གང་གི་སྐབས་སུ་མ་བརྗེད་དྲན་པས་སྐྱོང་བ་དེ་སྒོམ་ཡིན་ཀྱང་ཤེས་སྒྲིབ་དང་མ་བྲལ་བར་དུ་བདེ་གསལ་མི་རྟོག་གསུམ་གྱི་ཉམས་དང་མ་འདྲེས་བ་ཞིག་འོང་མི་སྲིད་ཅེས་དང་། རྣམ་རྟོག་ཁོ་རང་ཆོས་སྐུར་གྲོལ་བར་བཤད་པ་སོགས་ས་སྐྱ་ཕྱག་རྫོགས་ཇོ་ནང་སོགས་ཀྱི་བརྡ་ཕྱོགས་གཅིག་ཏུ་འདྲེས་པ་དབྱེ་དཀའ་བའི་ཚོད་དུ་སྣང་།
དོགས་པ་ཆེ་ཤོས་ནི་ད་ལྟའི་རིག་པ་འདི་འདུས་བྱས་སམ་འདུས་མ་བྱས་གང་ཡིན། གལ་ཏེ་འདུས་མ་བྱས་ཡིན་ན་གྲངས་ཅན་པས་རྟག་པ་རང་བྱུང་ཁས་ལེན་པ་དང་ཁྱད་མེད་དུ་ཐལ་བས་དོགས་གཅོད་གནང་རོགས།
ལྟ་བ་མེད་པའི་ཐེག་ཆེན་པ་ནི་ཐེག་ཆེན་པ་ཆེས་དབང་རྟུལ་ཡིན་ནི་རེད། གནའ་གནའ་ཞིག་ལ་དཔལ་ལྡན་ཆོས་གྲགས་ཀྱིས་དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཡིད་འཁུལ་འཁུལ་གྱི་སེམས་བྱུང་དེ་སྙིང་རྗེ་ཚད་མེད་ཀྱི་དོན་དུ་གསུངས་པ་ལ། ཕྱི་རོལ་པ་ཞིག་གིས་སྙིང་རྗེ་དེ་ཡང་འདོད་ཆགས་ཡིན་ནོ་ཞེས་ལན་བརྒྱབ་པ་རེད། དེ་ལ་དཔལ་ལྡན་ཆོས་གྲགས་ཀྱིས་སྐྱོན་སྤོང་གི་ལན་ཞིག་བརྒྱབ་པ་རེད།
སློབ་དཔོན་འདི་བ་ཚང་ལའང་རྒད་པོ་མགོ་སེར་ཞིག་གིས་སྙིང་རྗེ་དེ་ཡང་འདོད་ཆགས་ཡིན་ནོ་ཞེས་ལན་བརྒྱབ་ན་འདི་པས་རྩོད་སྤོང་ཇི་ལྟར་བྱེད་རྒྱུ་ཡིན་ན། དངོས་གནས་དོན་མཐུན་གྱི་ལན་ཞིག་དཀའ་ས་རེད་ཡ།
སྤོབས་པ་མཐའ་ཡས་ལགས། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་གྱི་རྩིས་མ་ཟིན་པའི་ལམ་དུས་ཀྱི་རྫོགས་མཚན་ཉིད་པ་ཞིག་ཡོང་ཐབས་གཏན་ནས་མེད་པར་ངེས་དགོས། འདི་སྐོར་ཡོད་མིན་མེད་མིན་གྱི་ལྟ་བ་དང་མ་འབྲེལ་བར་ཡང་དག་པ་ཞིག་ཤེས་འདོད་ན། བྲག་དཀར་པཎ་ཆེན་གྱི་རྫོགས་ཆེན་ཁྲིད་ཡིག་སོགས་ལ་ཞིབ་གཟིགས་མཛོད་པར་འཚལ། །
འདི་དགོས་པ་ཁྱད་པར་ཅན་ཞིག་གི་དབང་གིས་གསུངས་པ་ཡིན་སྲིད། ཆོས་ཀྱི་བརྩོད་པ་འདི་འདྲ་བ་གཉེར་ན་ཤིན་དུ་ལེགས། བརྩོད་པ་ཆོས་ཕྱོགས་ལ་ཞི་ཐུབ་ན་དེ་བས་ལེགས་སོ།
ནམ་མཁའི་ནོར་བུ་ཡིན་སྙམ་པ་ཞིག་གིས་རྫོགས་ཆེན་བྱང་ཆུབ་སེམས་ཀྱི་དོན་གཅིག་མིང་གི་རྣམ་གྲངས་སུ་འགྲེལ་བ་ཞིག་ཀྱང་མཐོང་མྱོང་། སྤྱིར་རྫོགས་པ་ཆེན་པོ་ཟེར་བ་འདི་ཡང་བྱང་ཆུབ་ཀྱི་སེམས་ལ་གོ་བཞིན་པར་སྣང་།
རྫོགས་ཆེན་རྫོགས་ཆེན་ཟེར་ནས་མིག་ཅེར་ཅེར་བྱས་ནས་བསྡད་ན་ཡང་ཕན་གྱི་མ་རེད། སྙིང་རྗེ་སྙིང་རྗེ་ཟེར་ནས་མིག་ཟུམ་ཟུམ་བྱས་ནས་བསྡད་ན་ཡང་ཕན་གྱི་མ་རེད། རྫོགས་ཆེན་ཡིན་ན་སྔོན་འགྲོ་ནས་དངོས་གཞིའི་བར་གྱི་རྫོགས་ཆེན་མཚན་ཉིད་ཚང་བ་ཞིག་བཤད་དགོས་པ་དང་། སྙིང་རྗེ་ཡིན་ན་ཡང་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་སོགས་ལས་བཤད་པ་བཞིན་དམིགས་པ་ཆེན་པོ་དང་ཐབས་ལ་མཁས་པ་སོགས་ལྟ་གྲུབ་དང་འབྲེལ་ནས་བཤད་དགོས་པ་གལ་ཆེན་རེད།
སློབ་དཔོན་ཀླུ་སྒྲུབ་ལུགས་ཀྱི་དབུ་་མའི་ལྟ་བ་ལས་ལོགས་སུ། རྫོགས་ཆེན་ནམ། ཕྱག་ཆེན་ཞེས་པ་ཡོད་པ་ཞིག་ཡིན་ནམ། ཡང་ན། དེ་དག་ཀླུ་སྒྲུབ་ལུགས་ཀྱི་དབུ་མའི་ལྟ་བ་དང་། སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་པ་ལ་ཟེར། དེས་ན་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་ཤིང་། སྙིང་རྗེ་ཆེན་པོ་མེད་པའི་ཐེག་དམན་དགྲ་བཅོམ་པ་ལ་རྫོགས་ཆེན་ནམ། ཕྱག་ཆེན་མེད་དགོས་པ་ཡིན་ནམ། གཞན་ཡང་། རྫོགས་ཆེན་ནམ། ཕྱག་ཆེན་ཞེས་པའི་ཐ་སྙད་འཕགས་ཡུལ་དུ་ཡོད་པ་ཞིག་ཡིན་ནམ། རྒྱ་གར་དུ་མེད་པར་བོད་དུ་ཡོངས་གྲགས་ཆགས་པའི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཐ་སྙད་ཅིག་ལགས་སམ་ཞེས་དྲི་བ་ལགས་སོ།།
དབུ་མ་ཆེན་མོ།
ཕྱག་རྒྱ་ཆེན་མོ།
རྫོགས་པ་ཆེན་པོ།
ལས་སོགས་ཀྱི་ཁྱད་པར་ལ་ལུང་རིགས་ཀྱིས་ཅུང་ཟད་དཔྱད་ཐུབ་ན་ཤིན་ཏུ་ནས་ལེགས།
ལྷག་པར་དུ་འདི་ན་རིགས་པ་སྨྲ་བ་ལོ་རྒྱུས་སྨྲ་བ་ལས་སོགས་མང་པོ་ཞིག་ཕེབས་ཀྱིན་འདུག་པས་དེས་ན་དེ་དག་གི་སྐོར་ལ་བགྲོས་གླེང་རིག་བསྡུར་འདྲ་གནང་ན་དེ་བས་ཀྱང་ལེགས།
མ་གཞི་ནས་ད་ལྟ་འདི་ཡི་སྐོར་ལ་ཤོད་རྒྱུ་དེ་ཙམ་གྱིས་ཁོམས་པ་མི་འདུག་ཅིང་ལྷག་པར་དུ་ཉིན་ཤས་རིང་ངོས་རང་ཨ་རིའི་གྲོང་ཁྱེར་འགའ་ཞིག་ཏུ་ངོ་རྒོལ་སྐད་འབོད་ལ་བྲེལ་བས་འདི་ལྟར་ཡང་ཡང་རྟོག་ཉུལ་བྱེད་ཁོམས་མི་འདུག་མོད་ཁྱེད་རྣམས་ཀྱིས་དེ་སྐོར་ལ་རྟོག་དཔྱོད་གནོང་དང་ངས་ཀྱང་ཡང་ཡང་རྟོག་ཞིབ་བྱེད་བཞིན་ཡོད།
རིག་པར་ཕན་པ་དེ་འདྲ་ཡོད་ན་བསམ་ཚུལ་རེ་ཟུང་ཀྱང་འབུལ་རྩིས་ཡོད།
ལྷག་པར་དུ་ཀླུ་སྨྱོན་གྱི་བྱ་དགའི་ཨང་ཐོབ་མཁན་སློབ་དཔོན་ལགས་ནས་ཀྱང་མཆན་བུ་བ་རྣམས་ཀྱིས་དྲིས་པར་མཐོང་ཆུང་མི་སྣང་བར་བཀའ་ལན་འབུད་ཙམ་རེ་གནང་ཐུབ་ན་ལེགས།
ཆོས་རྗེ་ཀུན་ལེགས་ཀྱིས། ཆོས་ཐམས་ཅད་དགོངས་པ་ཆོས་ཉིད་དུ་རྫོགས་པས་རྫོགས་ཆེན། དམིགས་པ་ཕྱོགས་གཅིག་ཏུ་གཏད་རྒྱུ་མེད་པས་དབུ་མ། རྟོག་པ་རང་སར་ཞི་བས་ཞིོ་བྱེད། གང་ཤར་ཐད་ཀར་གཅོད་པས་གཅོད་ཡུལ། གནས་ལུགས་བློ་ལས་འདས་པས་ཕྱག་ཆེན། དེ་ལ་སོགས་ཏེ་མིང་གི་རྣམ་གྲངས་ཙམ་མ་གཏོགས། དོན་ལ་གཅིག་པ་ཡིན། ཞེས་གསུངས་འདུག།
ཟིན་ཐོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། བོད་སྔ་རབས་པའི་ལྟ་བ་ཞེས་པའི་རྒྱུ་མཚན་ག་རེ་རེད། དེ་ལ་ཁྱད་རྟགས་ག་རེ་ཡོད་ཟེར་ན། རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་སོགས་གྲུབ་མཐའ་སྨྲ་བ་གང་གི་རྗེས་སུའང་མི་འབྲང་ཞིང་དེ་དག་གི་གཞུང་ལུགས་ཀྱི་ལྟ་ཚུལ་དང་མི་མཐུན་པར་བོད་རང་གི་དབུ་མའི་ལྟ་བའི་བཤད་སྟངས་ཤིག་ལ་བོད་སྔ་རབས་པར་ངོས་འཛིན་གྱི་ཡོད། ཅེས་གསུངས་འདུག་ལགས་ན། པཎ་ཆེན་བློ་བཟང་ཆོས་རྒྱན་དང་ཆོས་རྗེ་འབྲུག་པ་ཀུན་ལེགས་སོགས་ཀྱིས་བོད་སྔ་ཕྱིའི་ལྟ་བའི་མིང་འདོགས་དེ་དག་དཔྱད་ན་དགོངས་པ་གཅིག་ཏུ་འབབ་ཚུལ་ཇི་ལྟར་ཡིན།
སློབ་དཔོན་རིན་པོ་ཆེ་འདི་ང་ཚོ་རང་རིགས་ལ་ལྷག་བསམ་རྣམ་དག་ཡོད་པ་ཞིག་ཏུ་མཐོང་། གཞན་<>གསུང་འདི་ལ་ཅུང་ཟད་བསམ་བློ་བཏང་དགོས་པ་ཏེ། གཞན་གྱིས་ལས་བསགས་པ་དེ་གཞན་གྱིས་གང་ལྟར་བཞེས་ཐུབ་ཀྱི་ཡོད་ན། གལ་སྲིད་བཞེས་ཐུབ་ན་ལས་འབྲས་ཀྱི་རྣམ་བཞག་དང་མཐུན་གྱི་ཨེ་ཡོད་ན། གུས་ནི་ཤེས་རབ་དམན་པས་དྲིས་པ་ཡིན་ལགས།
ཉན་རང་གི་ཡུལ་དུ་འགྱུར་པའི་སྟོང་ཉིད་དང་། བྱང་ཆུབ་སེམས་དཔས་རྟོགས་པའི་སྟོང་པ་ཉིད། སངས་རྒྱས་ཀྱིས་རྟོགས་པས་སྟོང་ཉིད་གསུམ་ལ་ཡུལ་གྱི་ཆ་ནས་ཁྱད་པར་མེད་པ་ཙམ་མ་ཟད།
རྙིགས་ལུགས་ཀྱི་རྫོགས་པ་ཆེན་པོའི་ཡུལ་དང་། བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོའི་ཡུལ། ས་སྐྱའི་ལམ་འབྲས་སྐབས་ཀྱི་སྤྱོད་ཡུལ། དགེ་ལྡན་པའི་བདེ་སྟོང་ཟུང་འཇུག་གི་ཡུལ་ལམ། དེ་བཞིན་ཞི་བྱེད་དང་གཅོད་ཡུལ་སོགས་ལ་རྟོགས་དཀའ་སླ་དང་ཟབ་མི་ཟབ་ཀྱི་ཁྱད་པར་མེད་དགོས།
འོན་ཀྱང་མདོ་ལུགས་བྱང་སེམས་ཀྱིས་སྟོང་ཉིད་རྟོགས་པ་དང་། ཉན་རང་གིས་སྟོང་ཉིད་མངོན་གསུམ་དུ་རྟོགས་པ་ནི། ལྷག་མཐོང་ཙམ་གྱིས་རྟོགས་པ་ཡིན་ཀྱང་། གཞན་རྫོགས་ཆེན་དང་ཕྱག་ཆེན་གྱི་སྐབས་སུ་ནི། རྟོགས་མཁན་ཡུལ་ཅན་ཁྱད་པར་བ་གཉུག་མའི་ཡེ་ཤེས་ཀྱིས་རྟོགས་དགོས་ཙང་། རྡོ་རྗེ་ཐེག་པར་བསྐྱེད་རྫོགས་གཉིས་གསུང་དགོས་དོན་ཡང་དེ་ལ་ཐུག་པ་རེད། མདོ་སྔགས་ཟུང་འབྲེལ་ཡུན་གནས་དར་རྒྱས་ཤོག །
དེ་ལྟར་ཡིན་ན། བོད་གྲུབ་མཐའ་སྨྲ་བ་ཀུན་གྱིས་མགྲིན་གཅིག་ཏུ་ཚད་མར་འཛིན་པའི་སློབ་དཔོན་དཔལ་ལྡན་ཟླ་བས་གྲགས་པས། དབུ་མ་འཇུག་པ་ན།
སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི།
ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ།།
ཞེས་གསུངས་སོ་སྙམ་འཚོལ་བས་མ་རྙེད། གལ་ཏེ་ལུང་དེ་རྣམ་དག་ཏུ་འདོད་ན། རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་སོགས་གྲུབ་མཐའ་སྨྲ་བ་གང་གི་རྗེས་སུའང་མི་འབྲང་བ། ཞེས་པ་དེ་གོང་གསལ་ལུང་དང་མ་འགལ་ལམ།
གོང་གསལ་ལུང་གི་ཁུངས་དེ་རྙེད།
སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི།
ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ།།
དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས།
དེ་ལས་ཉམས་པས་ཐར་པ་གྲུབ་ཡོད་མིན།། སེམས་བསྐྱེད་ ༦ ཚིགས་ ༧༩
ལ་དྭགས་པ་ལགས་སུ་ཞུ་རྒྱུ། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མའི་ལུགས་ཀྱི་དབུ་མའི་ལྟ་བ་ལས་ཕྱི་རོལ་དུ་གྱུར་པའི་རྫོགས་པ་ཆེན་པོའི་ལྟ་བ་ཞེས་པ་ཞེས་པ་ཞིག་མེད་ཐག་ཆོད་རེད། རྒྱུ་མཚན་ནི་རྫོགས་ཆེན་འདི་སྔ་འགྱུར་གྱི་ལུགས་སུ་གཙོ་བོར་དར་བ་རེད། བསྟན་པ་སྔ་དར་གྱི་དུས་སུ་ལྟ་བའི་ཕྱོགས་ནས་ཀླུ་སྒྲུབ་ཀྱི་ལུགས་དང་སྤྱོད་པའི་ཕྱོགས་ནས་མཁན་པོ་ཤནྟ་རཀྴི་ཏིའི་ལུགས་ཏེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལས་གཞན་བྱེད་མི་ཆོག་པའི་ཁྲིམས་བཅས་ཡོད་པ་རེད། དེ་བཞིན་དུ་ཀློང་ཆེན་པ་སོགས་ཀྱིས་ཀྱང་དེ་རང་དུ་བཞེད་འདུག ཡིན་ན་ཡང་དབུ་མ་མདོ་ལུགས་དང་རྫོགས་ཆེན་སྔགས་ཡིན་པའི་ཁྱད་པར་ནི་ཤེས་དགོས་དགོས་པ་རེད།
ང་རྒྱུན་རིང་པོ་ཞིག་ལ་དྲ་ཐོག་ཉུལ་མ་ཐུབ། དེ་རིང་ཧོབ་དེ་ཡོང་ནས་བལྟ་དུས་སྤོབས་པ་མཐའ་ཡས་ནས་བགྲོ་གླེང་ཡག་པོ་ཞིག་གི་འགོ་ཚུགས་འདུག རྫོགས་ཆེན་སྐོར་ལ་རེད། ང་ལ་མཚོན་ན་ཤེས་བྱ་གང་ཡང་མེད། འོན་ཀྱང་དབུ་མ་དང་འབྲེལ་ནས་ཞུ་ཆོག་གི་ཡོད་མེད་མི་ཤེས། གལ་ཏེ་དབུ་མ་དང་འབྲེལ་ནས་ཞུ་ཆོག་གི་ཡོད་ན། དབུ་མ་འཇུག་པའི་འཇུག་གཞི་རྩོད་པའི་སྐབས་སུ། ཡུལ་དབུ་མ་འམ་ཡུལ་སྟོང་ཉིད། ཡུལ་ཅན་དབུ་མ་འམ་ལམ་དབུ་མ། བསྟན་བཅོས་དབུ་མ། སོགས་ཡོད་པར་གསུང་འདུག་ན། རྫོགས་ཆེན་ནི་སྔགས་ལུགས་ལ་རེད་ཅེས་སྤོབས་པ་མཐའ་ཡས་ནས་གསུངས་པ་ལྟར་ཡིན་ན། ཡུལ་དབུ་མ་དང་ཡུལ་རྫོགས་ཆེན་དོན་གཅིག ལམ་དབུ་མ་དང་ལམ་རྫོགས་ཆེན་དོན་གཅིག བསྟན་བཅོས་དབུ་མ་དང་བསྟན་བཅོས་རྫོགས་ཆེན་དོན་གཅིག་ཟེར་ནས་ནས་བཤད་ཆོག་རྒྱུ་མ་རེད་བསམ། གལ་ཏེ་དེ་ལྟར་བཤད་ཆོག་ན་དབུ་མ་དང་རྫོགས་ཆེན་གཉིས་ལ་མདོ་སྔགས་ལུགས་གཉིས་ཀྱི་ཁྱད་པར་འབྱེད་རྒྱུ་འེ་ཡོད་ན། གལ་ཏེ་དེ་ལྟར་བཤད་མ་ཆོག་ན་དབུ་མ་དང་རྫོགས་ཆེན་དོན་གཅིག་ཟེར་ནས་བཤད་ན་དབུ་མ་འཇུག་པ་ཆོས་ཅན། བསྟན་བཅོས་རྫོགས་ཆེན་ཡིན་པར་ཐལ། བསྟན་བཅོས་དབུ་མ་ཡིན་པའི་ཕྱིར་ཟེར་ན་ལན་ཅི་ཞིག་ཡོད།
སྙིང་རྗེ་ཡོད་ཚད་དབུ་མ་འམ་རྫོགས་ཆེན་དང་འབྲེལ་ནས་བཤད་དགོས་ན། ཕྱི་རོལ་བའི་བརྒྱུད་ཀྱི་སྙིང་རྗེ་དང་། དེ་ལས་ཅུང་ཟད་ཁྱད་པར་དུ་སོང་ནས་རང་སྡེ་བྱེ་བྲག་སྨྲ་བའི་རྒྱུད་ཀྱི་སྙིང་རྗེ། དེ་ལས་ཁྱད་པར་དུ་སོང་ནས་ཆོས་ལ་དམིགས་པའི་སྙིང་རྗེ། དེ་བཞིན་དུ་དམིགས་མེད་ལ་དམིགས་པའི་སྙིང་རྗེ་སོགས་དུ་མ་ཞིག་གསུང་འདུག་ན། དེ་དག་ཀུན་ཀྱང་རྫོགས་ཅན་ཡིན་ཅེས་བཤད་དགོས་སམ།
ཡང་ན་སློབ་ལམ་གྱི་སྙིང་རྗེ་ཡིན་ན་ཡུལ་དབུ་མ་དང་ཡུལ་ཅན་དབུ་མ། བསྟན་བཅོས་དབུ་མ་གང་ཡང་མིན་པ་བཞིན་དུ། ཡུལ་རྫོགས་ཆེན་དང་ཡུལ་ཅན་རྫོགས་ཆེན། བསྟན་བཅོས་རྫོགས་ཆེན་གང་ཡང་མིན་ཅེས་བཤད་ན་ལན་ཅི་ཞིག་ཡོད།
གཅིག་བྱས་ན་ཡིག་ཆའི་འཛིན་མཚམས་ཞིག་ཡིན་ཀྱང་སྲིད་མོད། ང་ཡིན་ན་སློབ་ལམ་གྱི་སྙིང་རྗེ་སོགས་ཐབས་ཀྱི་ཆ་ཡིན་ན་རང་ཡུལ་རྟོགས་པའི་བློ་མ་ཡིན་པས་ཁྱབ་ཟེར་ནས་དམ་བཅའ་བར་བྱེད་དོ།
རྒན་ལ་དྭགས་པ་དང་སྤོབས་པ་མཐའ་ཡས་གཉིས་ཀྱིས་བསྙད་པ་ཁུངས་བཙན་པོ་རེད། རྗེ་ཙོང་ཁ་བས་མདོ་སྔགས་ཀྱི་ཁྱད་པར་ལྟ་བས་མི་འབྱེད་པར་ཐབས་ཀྱིས་འབྱེད་དགོས་པ་སྔགས་རིམ་ཆེན་མོར་ནན་ཏན་དུ་གསུངས་འདུག །དབུ་མ་འཇུག་པའི་ལུང་དེའི་གནད་འགག་དེ་འདྲ་ཞིག་ལ་ཐུག་ཡོད་པ་འདྲ། ལོ་པཎ་བཀའ་ཐང་ལས། ལྟ་བ་དབུ་མ་སྤྱོད་པ་ཡོད་སྨྲའི་སྡེ།།ཞེས་གསུངས་འདུག ཀརྡོ་རབ་འབྱམས་པས། མདོ་ལུགས་བྱང་སེམས་ཀྱིས་སྟོང་ཉིད་རྟོགས་པ་དང་། ཉན་རང་གིས་སྟོང་ཉིད་མངོན་གསུམ་དུ་རྟོགས་པ་ནི། ལྷག་མཐོང་ཙམ་གྱིས་རྟོགས་པ་ཡིན་ཀྱང་། ཞེས་བསྙད་འདུག་པ་གསལ་བཤད་ཡོད་པར་ཞུ།
དཔེར་གཅིག་བཞག་ནས་བཤད་ན། ཡུལ་ལ་ཡུལ་ཅན་གྱི་མིང་གིས་བསྟན་པ་དང་ཡུལ་ཅན་ལ་ཡུལ་གྱི་མིང་གིས་བསྟན་པ་ཡོད་དེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།ཞེས་སྟོང་ཉིད་ལ་ཤེར་ཕྱིན་གྱི་མིང་གིས་བསྙད་པ་དང་། ཡུམ་གྱི་མདོ་ལས་སྟོང་ཉིད་ལ་རྒྱལ་བའི་ཡུམ་གྱི་མིང་གིས་བསྟན་པ་དང་། སྔགས་ཀྱི་སྐབས་སུ་གཉུག་སེམས་ལ་ཀུན་གཞི་དང་གཉུག་རླུང་ལ་ཉོན་ཡིད་ཀྱི་མིང་བཏགས་པ་སོགས་མང་། སེམས་ཙམ་པའི་སྐབས་སུ་རྣམ་རིག་དང་གཙོ་སེམས་གཉིས་དོན་གཅིག་ཡིན་ཀྱང་ཤེས་བྱ་ཐམས་ཅད་རྣམ་རིག་གི་མིང་གིས་བསྙད་པ་སོགས་དང་། མདོ་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ།། ཞེས་དང་། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།།ཞེས་སོགས་ཀྱིས་སེམས་ཀྱི་རང་བཞིན་གནས་ལུགས་ལ་ཡུལ་ཅན་གྱི་ཤེས་པའི་མིང་གིས་བསྟན་པ་སོགས་མདོ་སྔགས་གང་གི་སྐབས་སུའང་བརྡ་དང་ཐ་སྙད་སྦྱོར་ཚུལ་ལ་མ་འཁྲུལ་བ་གལ་ཆེན་པོར་མཐོང་གི་འདུག །
ངའི་མཆན་བུ་༡༥པའི་སྐབས་སུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཤེས་རབ་སྟོང་ཉིང་རྟོགས་དགོས་པ་བྲིས་ཟིན་ལ། ཡང་གསང་བསྔགས་རྡོ་རྗེ་ཐེག་པ་ལ་ཐབས་ཀྱི་ཆ་ལ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་ཞིག་ངེས་པར་དགོས་ཏེ།
ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་འདེབས། བྱང་ཆུབ་སེམས་དཔའ་མིན་པ་ལ་སྡོམ་པ་འདི་བོག་ཏུ་མི་རུང་ལ། ཞེས་མདོའི་སྐབས་སུ་དང་། ་་་་་། བྱང་ཆུབ་སེམས་དཔའ་མིན་ན། དཀྱིལ་འཁོར་ལ་ལྟ་བ་ཡང་མི་བྱའོ། ཞེས་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་དགག་བྱ་ལ་གསུངས་ཡོད་པས། ཐེག་ཆེན་མདོ་དང་གསང་སྔགས་གཉིས་ཀ་ལ་ཐབས་བྱང་ཆུབ་སེམས་དང་། ཤེས་རབ་སྟོང་ཉིད་རྟོགས་པའི་ཐབས་ཤེས་ཡ་མ་བྲལ་བ་དགོས་པ་གཅིག་མཚུངས་རེད་ལགས།
མིག་བརྒྱད་ལགས། ངས་སྔགས་བླ་མེད་སྐབས་སུ་གཉུག་མའི་ཡེ་ཤེས་ཀྱིས་རྟོགས་དགོས་པ་དེ་ཡང་བསྐྱེད་རྫོགས་གཉིས་ལ་བརྟེན་དགོས་པ་འདིས་ཁྱེད་ཀྱི་དྲི་བའི་ལན་དུ་འདུག་ཡང་བསྐྱར་ཅིག་གཟིགས་རོགས་གནོངས། ཡང་ཅུང་ཟད་སྤྲོས་ན། མདོའི་སྐབས་སུ་སྟོང་ཉིད་མངོན་གསུམ་དུ་རྟོགས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཙམ་ལ་བརྟེན་དགོས་པ་དང་། སྔགས་བླ་མེད་སྐབས་སུ་བདེ་བ་ཆེན་པོའི་གྲོགས་དང་བཅས་པའི་ཞི་ལྷག་ཁྱད་པས་རྟོགས་དགོས་པས་སོ། དགེའོ། །
མངོན་སུམ་དང་། ཁྱད་པར་བས་རྟོགས་ལ་བཅོས།
ད་འདི་ན་རྫོགས་ཆེན་སྔགས་ཡིན་རབས་ཤིག་བཤད་ཡོང་གི་འདུག་གང་ཤེས།
རྫོགས་ཆེན་འདོད་མཁན་རྙིང་མ་དང་བོན་གཉིས་ལས་གཞན་པའི་ཆོས་རྒྱུད་ཆོས་ལུགས་གྲུབ་མཐའ་མེད་སྙམས།
དེས་ན་དེ་དག་ལ་རྒྱུས་མངའ་ཆེ་བ་རྣམས་ཀྱི་དགོངས་འཆར་རེ་སྤེལ་ན་ལེགས།
སྤྱིར་གྲུབ་མཐའ་དང་ཐེག་པ་ཞེས་པ་ལྟ་བའི་སྒོ་ནས་ཁྱད་འབྱེད་དགོས་པ་ལས་གཞན་པའི་སྟེང་ནས་ཁྱད་འབྱེད་ཀྱི་རྣམ་གཞག་འཐད་པ་མེད།
དེས་ན་སྔགས་རྫོགས་གཉིས་ཀྱང་ལྟ་བའི་སྒོ་ནས་ཐེག་པ་སོ་སོར་འཇོག་པ་ལས་གཞན་གང་ཡང་མེད།
བྱུང་ན་སློབ་དཔོན་འཇིགས་མེད་བློ་གྲོས་ལགས་ཀྱིས་བཀའ་ལན་ཞིག་གནང་ན་ཡག་པོ་འདུག
གང་ཡིན་ཟེར་ན་ཁོང་གིས་སངས་རྒྱས་བསྟན་ལ་དཀའ་བསྡུ་གཉིས་པ་ཞིག་མ་བྱེད་ན་མི་མིན་ཞེས་གསུངས་སོང་སྙམས། དེ་ལྟར་ན་འདི་ཚོ་ལ་བཀའ་ལན་རེ་གནང་ན་དེ་ཡང་སངས་རྒྱས་ཀྱི་བསྟན་ལ་དག་ཐེར་བྱེད་པའི་མཛད་པ་ཞིག་ཡིན་པས་ཐུགས་འཇགས་གནང་རོགས།
བགྲོ་གླེང་འདི་འདྲ་མུ་མཐུད་གནང་ཐུབ་ན་ཤིན་ཏུ་ལེགས། ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་རང་རང་གི་ལྟ་བའི་བཤད་པ་བསྣམས་ནས་འདིར་ཕེབས་རོགས་ཞུ། “མཁས་པའི་ནང་ན་མཁས་པ་མཛེས།། བླུན་པོས་མཁས་པ་ཇི་ལྟར་གོ།།”གསུངས་པ་དངོས་གནས་རེད་འདུག
འོན་ཀྱང་། རྫོགས་པ་ཆེན་པོའི་སྐོར་ལ་གཞན་དྲིང་མ་འཇོག་མཁན་ཁོ་བོའོ་གསུངས་མཁན་འཇིགས་མེད་བློ་གྲོས་ལགས་གང་དུ་ཕེབས་ཚར་བ་རེད། བགློ་གླེང་འདིའི་ནང་དུ་གོ་རྒྱུ་ཐོས་རྒྱུ་མི་འགུག་ག འདི་འདྲའི་སྐབས་ས་རྟགས་གསལ་གྱི་རྣམ་པའི་ཐོག་གླེང་བསླངས་ན་ལྷག་པར་བྲོ་བ་ཆེན་པོ་འདུག
གྲུབ་ཆེན་ལགས་ཀྱང་གང་མགྱོགས་མགྱོགས་ཕེབས་རོགས་ཞུ།
ཀརྡོ་ལགས་སྔགས་བླ་མེད་ཅེས་པ་རྒྱུད་སྡེ་བཞི་ཡི་གོང་མ་དེ་ལ་བརྗོད་ཀྱིན་ཡོད་དམ།
ཡང་ན་གསང་སྔགས་ཀྱི་ཐེག་པ་ལ་བརྗོད་ཀྱིན་ཡོད་དེ་ངས་ཡག་པོ་ཞིག་གོ་བ་ལེན་མ་ཐུབ།
གང་ཡིན་ཟེར་ན་ཁྱེད་ཀྱིས་དབུ་མ་དང་གསང་སྔགས་ཀྱི་ཐེག་པའི་སྐབས་ཀྱི་ཁྱད་པར་བརྗོད་ཀྱི་ཡོད་དུས་དེ་ཕལ་ཆེར་གསང་སྔགས་ཀྱི་ཐེག་པ་ལ་བརྗོད་མདོག་ཡིན་རྒྱུ་རེད།
ཡང་ན་རྒྱུད་སྡེ་གོང་མ་ལ་བརྗོད་ཀྱི་ཡོད་ཚེ་དེ་ནི་གསང་སྔགས་དང་དབུ་མའི་ཁྱད་པར་གང་ནས་འབྱེད་ཐུབ།
སློབ་དཔོན་འཇིགས་མེད་བློ་གྲོས་ལས་སོགས་རྩོམ་པ་པོ་འགའ་ཞིག་རྩོམ་རེ་ཁ་བརྡའི་དྲ་རྒྱར་འཕངས་ཏེ་དེ་ནས་དངོས་མེད་མཇའ་ལུས་སུ་དེངས་འགྲོ་བ་མི་ཉུང་བ་ཞིག་འདུག་དེ་ལྟར་གནང་བ་མི་ལེགས།
རང་གིས་བྲིས་པའི་རྩོམ་ལ་དགག་གཞག་ལས་སོགས་བསམ་ཚུལ་ཤོད་པོ་དག་ལ་གཟིགས་མཐོང་དང་སྙིང་རྗེ་ཆེ་ཙམ་གནང་དགོས་པ་འདུག དེ་མིན་སྙིང་རྗེ་ཕྱོགས་རེས་པ་ཞིག་ཏུ་འགྲོ་ཉེས་ཆེ།
གྲུབ་མཐའ་བཞི་གང་དང་ཡང་མི་མཐུན་པའི་ལྟ་བ་ཐུབ་པའི་དགོངས་པ་མིན་ཞེས་རྡོ་རྗེ་སྙིང་འགྲེལ་ལས་གསུངས་པ་ཡིན་སྟབས། ནང་པ་སངས་རྒྱས་པའི་ལུགས་ཀྱི་ལྟ་བ་ཡིན་ན་གྲུབ་མཐའ་བཞིའི་ནང་དུ་འདུ་དགོས་པས་ཁྱབ་ཟེར་དགོས། མདོ་སྔགས་གཉིས་ཀྱི་ཁྱད་པར་ལྟ་བའི་སྒོ་ནས་འཇོག་མི་ཐུབ། ལོ་པཎ་བཀའ་ཐང་དང་འཇུ་མི་ཕམ་པས་མཛད་པའི་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་པའི་སྨོན་ལམ་ནང་དུ་ལྟ་བ་དབུ་མ་ཡིན་པར་གསུངས་འདུག །ལྟ་བ་དབུ་མ་སྤྱོད་པ་ཡོད་སྨྲའི་སྡེ།།ཞེས་གསུངས་པ་ལྟར་རོ། །དོགས་གནས་ཤིག་ལ་ཕྱིས་ཀྱི་རྫོགས་ཆེན་པ་དག་ལ་ཀློང་ཆེན་པས་བཀའ་སྐྱོན་མཛད་ཡོད་པ་འདི་ལ་བསམ་ན་ཕྱིས་ཀྱི་རྫོགས་ཆེན་ལུགས་ཀྱི་ལྟ་བའི་བཤད་ཚུལ་ལ་རང་རེའི་བོན་གྱི་ལྟ་བ་དང་འདྲེས་བའམ་བསླད་ཞུགས་ཡོད་པའི་ཆ་ནས་ཡིན་ནམ་སྙམ་མོད། མཁས་པ་རྣམས་ཀྱིས་དཔྱད་པར་མཛོད།
དེ་རིང་དྲ་ཉུལ་དུ་ཡོང་བ་ཡིན། མཆན་བུ་ཞིག་འགོད་རྒྱུ་དྲན་སོང་། དེ་ཡང་རྒྱུད་སྡེ་བཞི་ནི་སྔགས་གསར་རྙིང་ཡོངས་གྲགས་ཀྱི་ཆོས་སྐད་ཡིན།ཁྱད་པར་དུ་གསར་མའི་ལུགས་སུ་རྒྱུད་སྡེ་བཞི་ལས་རྒྱུད་སྡེ་དྲུག་ཅེས་པ་ཞིག་བཤད་དུ་མེད། རྒྱུད་སྡེ་བཞི་འདོད་པའི་ལུགས་ལྟར་ན་རྣལ་འབྱོར་བླ་མེད་རྒྱུད་ལ་དབང་བཞི་ ངེས་པར་བསྐུར་རྒྱུ་ཡོད།དབང་དོན་ཡང་བསྐྱེད་རིམ་དང་རྫོགས་རིམ་གྱི་སྒོ་ནས་ཉམས་སུ་ལེན་པ་ཡིན། དབང་བཞི་པའི་ཡེ་ཤེས་དེ་ཡེ་ཤེས་མཐར་ཐུག་ཡིན་པར་འདོད། དེ་ཡང་དཔལ་ལྡན་དུས་ཀྱི་འཁོར་ལོ་རྒྱུད་ཀྱི་མཐར་ཐུག་ཡིན་པར་གསུངས།རྒྱུ་མཚན་ནི་མཉམ་ཉིད་ཡེ་ཤེས་ཀྱི་སྐུ་རྩལ་དུ་བཏོན་པའི་དབང་གིས་ཡིན།མཉམ་ཉིད་ཡེ་ ཤེས་ཀྱི་སྐུ་སྟེ་དུས་ཀྱི་འཁོར་ལོ་ལས་འོད་གསལ་བའི་ཡེ་ཤེས་དེ་ཤིན་ཏུ་གསལ་བར་བཤད།རྒྱུད་སྡེ་གཞན་པ་དཔེར་ན་གསང་འདུས་སོགས་ལས་དབང་བཞི་བའི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ལྷ་སྔགས་ཏིང་ངེ་འཛིན་གྱི་རིམ་པ་རྒྱས་པར་བཤད་པ་ལས་ཐབས་བྱུང་དབང་བཞི་པའི་ཡེ་ཤེས་དེ་དེ་འདྲ་གསལ་པོར་བཤད་མེད།དཔལ་ལྡན་དུས་ཀྱི་འཁོར་ལོའི་ཡེ་ཤེས་ལེའུར་དབང་བཞིའི་ཡེ་ཤེས་རྩལ་དུ་བཏོན་ནས་གསལ་པོར་བཤད།དེས་ན་དུས་ཀྱི་འཁོར་ལོར་གཉིས་མེད་ཀྱི་རྒྱུད་སྡེ་ཞེས་རྒྱུད་སྡེ་མཐར་ཐུག་ཏུ་བཞེད།སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་ཕྱེ་བ་ལྟ་བུའི་རྒྱུད་སྡེ་ཞེས་བསྔགས། དཔེ་དེ་བཞིན་དུ་གསང་ སྔགས་སྔ་འགྱུར་བ་དག་གིས་ཀྱང་སྤྱིར་བླ་མེད་ཀྱི་རྒྱུད་སྡེ་དེ་ལ་ཡང་ནང་གསེས་མ་ཧཱ་དང་ཨ་ནུ་ཨ་ཏི་གསུམ་དུ་དབྱེ། ཨ་ཏི་ཡོ་གཱས་བླ་མེད་རྒྱུད་སྡེའི་ནང་ནས་དབང་བཞི་པའི་ཡེ་ཤེས་ཁོ་ན་དེ་རྩལ་དུ་བཏོན་ནས་བཤད་པ་ཡིན།ཉམས་ལེན་ཡང་དབང་བཞི་པའི་ཡེ་ཤེས་ཁོ་ན་རྩལ་དུ་འདོན་པ་ཡིན།དབང་བསྐུར་བ་ཡང་རིག་པའི་རྩལ་ དབང་སྟེ། སྤྲོས་བཅས་སྤྲོས་མེད་རབ་ཏུ་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རྣམས་ཀྱང་ཚིག་དབང་ཁོ་ན་ ལས་དབྱེ་བ་ཡིན།བུམ་དབང་སོགས་རྩལ་འདོན་མ་གནང་། ཉམས་སུ་ལེན་ཚུལ་གྱི་དབང་དུ་ན་རྫོགས་ཆེན་ལ་བསྐྱེད་རིམ་དང་རྫོགས་རིམ་སོགས་མེད་པ་མིན་ཡང་རྩལ་དུ་བཏོན་མེད།དབང་བཞི་པའི་ཡེ་ཤེས་ཁོ་ན་རྩལ་དུ་ བཏོན་ནས་ཉམས་སུ་ལེན་པ་ཡིན།དེ་བཞིན་སྤྱོད་པ་ཡང་དེའི་རྗེས་སུ་འགྲོ་བ་ཡིན། སྤྱོད་པ་ཤ་ལྔ་བདུད་རྩི་ལྔ་བསྟེན་ པ་དང་།དེ་བཞིན་དུ་མ་རྒྱུད་ཀྱི་སྐབས་སུ་བཤད་པའི་ཞི་བདེའི་ལམ་ཉམས་སུ་ལེན་པ་དག་མེད་པ་མིན་ཡང་རྩལ་དུ་བཏོན་པ་མེད།དེས་ན་དབང་བཞི་པའི་ཡེ་ཤེས་དང་མཐུན་པའི་རྩོལ་མེད་ཀྱི་སྤྱོད་པ་སྐྱོང་བ་ཡིན། འབྲས་བུ་ཡང་དེ་དང་རྗེས་སུ་མཐུན་པ་ཡིན། དེས་ན་རྒྱུད་སྡེ་ཀུན་གྱི་མཐར་ཐུག་པ་ཡིན་པར་ཡང་ གྲུབ་བོ།། རང་ཡང་རྫོགས་ཆེན་ལ་ངེས་ཆ་མེད་པས་ནོར་འཁྲུལ་བྱུང་ན་བཟོད་པར་གསོལ། དུས་ཚོད་ཀྱི་དབང་གིས་དེ་ཙམ་ཡིན།
སྤོབས་པ་མཐའ་ཡས་ལེགས་དང་། མིག་བརྒྱད་པ་མཆོག་སོགས་ཀྱིས་གསལ་བཤད་མཛད་པར་བཀའ་དྲིན་ཆེ།
རྒྱུ་མཚན་ནི་རྫོགས་ཆེན་འདི་སྔ་འགྱུར་གྱི་ལུགས་སུ་གཙོ་བོར་དར་བ་རེད། བསྟན་པ་སྔ་དར་གྱི་དུས་སུ་ལྟ་བའི་ཕྱོགས་ནས་ཀླུ་སྒྲུབ་ཀྱི་ལུགས་དང་སྤྱོད་པའི་ཕྱོགས་ནས་མཁན་པོ་ཤནྟ་རཀྴི་ཏིའི་ལུགས་ཏེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལས་གཞན་བྱེད་མི་ཆོག་པའི་ཁྲིམས་བཅས་ཡོད་པ་རེད།
བདེན་པ་ཡིན་ངེས། འོན་ཀྱང་འདི་ཡིས་སློབ་དཔོན་ཞི་འཚོ་ལ་ལྟ་བའི་ཐོག་ནས་གོ་གནས་ཕུལ་མེད་པ་ལྟ་བུ་མངོན་པས། བསྟན་པ་སྔ་དར་གྱི་སྐབས་ཀྱི་རྫོགས་པ་ཆེན་པོ་དེ་སློབ་དཔོན་འདི་ཉིད་དང་། འདིའི་དངོས་སློབ་ཀ་ལ་ལ་ཤའི་ལའི་བཀའ་དྲིན་ལ་བརྟེན་ནས་བྱུང་། ལྷག་པར་དུ་རྫོགས་ཆེན་དེ་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་བ་དང་སྔགས་ཀྱི་ཉམས་ལེན་ཟུང་དུ་འབྲེལ་པ་ལ་བྱེད་ན། སློབ་དཔོན་ཞི་འཚོའི་དེ་ཁོ་ན་ཉིད་གྲུབ་པ་ཞེས་པའི་བསྟན་བཅོས་ཤོག་བུ་བཅོ་ལྔ་ཙམ་ཡིན་པ་ཞིག་ཡོད་པ་དེ་སྔགས་ཀྱི་ཆ་རིགས་པ་དང་ལུང་གིས་གཏན་འབེབས་པས་རྫོགས་ཆེན་པ་ལ་མེད་དུ་མི་རུང་བ་ཞིག་ཡིན་འདུག་སྙམ།
གཞན་ཡང་བསྟན་པ་སྔ་དར་སྐབས་ཀྱི་རྫོགས་ཆེན་དེ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་དགོས། དེ་ཡང་དབུ་མ་ཐལ་འགྱུར་པས་ཀླུ་སྒྲུབ་དགོངས་པ་མ་ཡིན་པར་འདོད་ཅིང་། དིང་སང་གི་རྫོགས་ཆེན་ལྟ་བ་དེ་ཐལ་རང་གཉིས་ཀྱི་ནང་ནས། གང་ལ་གཙོ་བོར་མཛད་དམ་ཞེས་ཞུ་བ་ལགས་སོ། །རྫོགས་ཆེན་དང་འབྲེལ་པའི་བཀའ་བསྟན་གཞུང་ལུགས་ཀློག་པ་དང་། ཁྱེད་རྣམས་ཀྱི་བགྲོ་གླེང་ཀློག་ཁོམས་ཀྱིས་རྫོགས་ཆེན་ལ་བག་ཆགས་ཀྱི་དྲི་ཙམ་འགོས་པའི་འདུན་པ་ལགས་སོ།།
ལ་སྟོད་བུ་ལགས་ཀྱིས་རྫོགས་ཆེན་འདོད་མཁན་རྙིང་མ་དང་བོན་གཉིས་ལས་གཞན་པའི་ཆོས་རྒྱུད་ཆོས་ལུགས་གྲུབ་མཐའ་མེད་སྙམ་ཟེར། འོ་ན་རྗེ་རིན་པོ་ཆེའི་བདུད་རྩི་སྨན་མཆོག་ལ་འགྲེལ་བ་ཇི་ལྟར་རྒྱག་རྒྱུ། ལན་ཞིག་གསུང་རོགས།
ངས་གོང་དུ་སྨྲོས་པའི་རྫོགས་ཆེན་ནི། ང་རང་དད་མོས་བྱ་སའི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྫོགས་ཆེན་ལ་གོ་དགོས། དེ་མིན་ཧ་ཤང་གི་སྒོམ་གྲུབ་དང་འདྲ་བའི་རྫོགས་ཆེན་དང་། ཡང་མི་རྟོག་པ་ཙམ་བསྒོམ་པའི་རྫོགས་ཆེན་སོགས་ལ་གོ་མི་རིགས།
ལ་སྟོད་བུ་ལགས། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་གསུམ་ལ་མདོ་ལས་ལྷག་ཀྱང་ཁྱད་དུ་འཕགས་པའི་ཆོས་དམིགས་བསལ་མེད་པས། ངས་ཆོས་བརྒྱུད་བཞིའི་ནང་ལ་གསུངས་པའི་བཞི་པ་རྣལ་འབྱོར་བླ་མེད་པ་ཁོ་ནས་དབང་དུ་བྱས་པ་ཡིན་ལགས། དགེ་འཕེལ། །
ཁོ་བོས་ད་བར་བཀའ་ཆོས་ཉན་པ་དང་དཔེ་དེབ་ཅུང་ཟད་ཀློག་པའི་ཁྲོད་ནས་མངོན་གསལ་དོད་པོས་རང་ཉིད་
ཐེག་ཆེན་པར་དྲིལ་བསྒྲགས་པའི་སྐོར་སློབ་དཔོན་འདི་པ་ཚང་གི་༼དུས་རབ་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ་༽ཞེས་པ་དེ་མ་གཏོགས་གོ་མྱོང་ལ་དེ་རིང་ཡང་སྔར་བཞིན་༸གོང་ས་མཆོག་གིས་སྔར་བཞིན་ཐུགས་ཁེངས་པ་སྐྱུངས་གནང་སྟེ། ང་ལ་ཞི་གནས་མ་ཐོབ་པས་ཉམས་མྱོང་མེད་ཙང་གཞན་ལ་བཤད་ཡས་གང་ཡང་མེད་ཅེས་གསུངས་གནང་གི་འདུག་ལ། ནམ་རྒྱུན་ཡང་༼ཚོགས་ལམ་ཆུང་ངུ་༽ཐོབ་མི་ཡོང་ངམ་སྙམ་པའི་རེ་བ་ཡོད་ཅེས་སོགས་དང་། སྟོང་ཉིད་རྟོགས་ལ་ཉེ་བ་འམ་སྟོང་པ་ཉིད་ཀྱི་ལྟ་བ་ལ་མོས་པ་ཆེན་པོ་ཡོད་སྐོར་ཙམ་ལས་མ་གསུངས་པ་ནི་
དོན་དངོས་ཐོག་དེ་ལྟར་མ་ཡིན་ནའང་དགག་བྱ་དང་དགོས་པ་དུ་མར་གཟིགས་ནས་དེ་ལྟར་གསུངས་པ་
ནི་གོར་མ་ཆག་ཅིང་ཐེ་མི་ཚོམ་པར་རྣམ་དཔྱོད་ལྡན་པ་སུ་ཞིག་གིས་སོམ་ཉི་བྱེད་དེ། འཛྷམ་མགོན་ས་པཎ་གྱིས།
ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ།།
མཁས་པར་གྱུར་ཚེ་དུལ་བར་གནས།།
ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ།།
རྒྱ་མཚོས་ཅ་ཅོ་ག་ལ་སྒྲོག།
ཅེས་སོགས་གསུངས་པ་གང་ཞིག དོན་ལ་ཡང་དེ་ལྟར་ཡིན་པའི་ཕྱིར།
གཞན་ཡང་སློབ་དཔོན་དམ་པ་འཇིགས་མེད་བློ་གྲོས་ལགས་ཁོང་ད་ཆ་དུས་རབ་ཉེར་གཅིག་པའི་ཐེག་ཆེན་ས་བརྒྱད་པར་གནས་ཡོད་པས། རྒྱལ་བ་རྣམས་ཀྱིས་འགོག་པ་ལས་སླང་ནས་དྲཱ་རྒྱ་འདི་དག་གི་དྲི་བ་དང་དྲཱ་གྲོགས་རྣམས་ལ་དོགས་སེལ་
གནང་བར་འཕེབ་ངེས་ཡིན། གལ་སྲིད་འཕེབ་མ་ཐུབ་ན་བྱང་སེམས་ས་བརྒྱད་པ་བ་ཁོང་གི་དྲུང་ཡིག་ཆེ་མོ་དང་མགྲིན་ཚབ་པ་གཅིག་
ལྕོགས་ཁ་སྔོན་གྱི་ལན་བསྣམས་འཔེབས་མཁན་མཁའ་འགྲོ་མ་དེ་ཕེབ་མདོག་ཁ་པོ་རེད།
སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ།།
རླབས་ཆེན་སྤྱོད་པ་ཀུན་གྱི་གཞི་དང་རྟེན།།
ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ།།
རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར།།
ཞེས་ཇི་སྐད་གསུངས་པའི་ཕྱིར་རོ།།
ནོར་བཅོས་༡༽དེ་མ་གཏོགས་གོ་མ་མྱོང་ལ། ཞེས་དང་༢༽འཇམ་མགོན་ས་པཎ་ཞེས་བཅོས་རོགས་གནང་།
མགྲིན་ཚབ་མ་དང་དྲུང་ཡིག་གཅིག་ལྕོགས་ཀྱི།།
མཁའ་འགྲོ་ཡེ་ཤེས་དབང་མོ་ད་ཚུར་གསན།།
གནས་ལུགས་དོན་ལ་ལྟ་བའི་མིག་སྦྱིན་པྱིར།།
དུས་རབ་ཉེར་གཅིག་སེམས་དཔའ་གནས་འདིར་དྲོངས།།
གདོད་མའི་མཁའ་ཡི་ནོར་བུ་ནི།།
གཟི་འོད་ནུབ་གླིང་རྡུལ་གྱིས་སྒྲིབ།།
གལ་ཏེ་སྐྱོང་འདོད་མཐུ་མངའ་ན།།
ཁོར་ཡུག་བྱི་དོར་མཛད་དུ་གསོལ།།
སྐབས་འདིར་ངས་དོག་པ་སློང་བཞིན་པ་དེ་ནི་སློབ་དཔོན་ལགས་ཀྱིས་ནུབ་ཕྱོགས་སུ་ཆོས་སྤེལ་མཁན་གྱི་བླ་མ་ཁག་གཅིག་ལ་བཀའ་བཀྱོན་གནང་སྟེ་རྫོགས་ཆེན་བཤད་ནས་སྐྱག་ལངས་ལ་བཏང་ཚུལ་དང་། རྫོགས་ཆེན་བཤད་པ་ལས་སྙིང་རྗེ་བཤད་ན་ལེགས་ཚུལ། རྫོགས་ཆེན་ལས་སྙིང་རྗེ་བཟང་ཚུལ་སོགས་ཤུགས་ཆེན་པོས་གསུངས་སྟངས་ལས་རྫོགས་ཆེན་དང་སྙིང་རྗེའི་བར་ལ་འབྲེལ་བ་མེད་པ་ལྟ་བུ་ཞིག་གསུངས་འདུག་པ་དེའི་སྐོར་ཡིན། ངས་རྫོགས་ཆེན་གྱི་གཞུང་ཁ་ཤས་ཤིག་ལ་བལྟས་པ་ཡིན། ཡིན་ན་ཡང་གཞུང་དེ་ཚོའི་ནང་ན་སྙིང་རྗེ་གསུངས་མེད་ས་ཞིག་དང་སྙིང་རྗེ་མི་དགོས་ཟེར་ས་གཅིག་ཀྱང་མི་འདུག ནུབ་ཕྱོགས་ལ་རྫོགས་ཆེན་སྤེལ་མཁན་ཚོས་ཀྱང་དེ་ལྟ་བུའི་ཁྲིད་ཡིག་ཅིག་གཞི་ལ་བཞག་ནས་རྫོགས་ཆེན་གསུང་གི་ལོས་ཡོད། དེ་ཡིན་དུས་ཡེ་ཤུའི་ལུགས་ནང་བཞིན་love དང་love ཟེར་ནས་རྨོངས་དད་ནག་ཐུམ་མེ་བ་ཞིག་དང་སྙིང་རྗེ་ཕྱོགས་རིས་མ་ཞིག་མ་ཡིན་པར་རྫོགས་པ་ཆེན་པོ་སོགས་ཐེག་པ་ཆེན་པོའི་ལྟ་བ་གཞིར་བཞག་པའི་སྙིང་རྗེ་བཤད་ཐུབ་ན་ལེགས་པའི་རྒྱན་དུ་མ་གྱུར་ན་ཡང་བཀའ་བཀྱོན་དེ་ཙམ་ཞིག་བབ་མི་འདུག་སྙམ་པ་ཡིན། དེ་བཞིན་གཤེགས་པའི་ཆོས་ལ་ལ་བཟང་བར་འདུ་ཤེས་པ་དང་། ལ་ལ་ལ་ངན་པར་འདུ་ཤེས་པ་དེ་ཡང་ཆོས་སྤོང་བའི་ལས་ཡིན་པར་གསུངས་མི་འདུག་གམ།
ངས་འདིར་དམ་བཅའ་ཞིག་འཇོག་གི་ཡིན། རྫོགས་པ་ཆེན་པོ་ཟེར་བ་དེ་ཐེག་པ་ཆེ་ཆུང་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོའི་ཁོངས་སུ་བསྡུ། གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་དབུ་མ་པའི་ཁོངས་སུ་བསྡུ། ཐེག་པ་གསུམ་གྱི་ནང་ནས་བྱང་ཆུབ་སེམས་དཔའི་ཐེག་པའི་ཁོངས་སུ་བསྡུ། སྡེ་སྣོད་གསུམ་གྱི་ནང་ནས་ཕལ་ཆེ་བ་ཞིག་མདོ་སྡེའི་སྡེ་སྣོད་དང་། ཉུང་ཤས་ཤིག་མངོན་པའི་སྡེ་སྣོད། དེ་ལས་ཀྱང་ཆེས་ཉུང་ཤས་ཤིག་འདུལ་བའི་ཁོངས་སུ་བསྡུ། ཐེག་ཆེན་མདོ་སྔགས་གཉིས་ཀྱི་ནང་ནས་སྔགས་ཀྱི་ཁོངས་སུ་བསྡུ། གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་ནང་ནས་སྔགས་བླ་མེད་ཀྱི་ཁོངས་སུ་བསྡུ། ད་དགག་སྒྲུབ་རེ་བྱེད་རོགས
བགྲོ་གླེང་ཡག་པོ་གནང་བཞག ཚང་མ་ལ་བཀྲ་ཤིས་བདེ་ལེགས།
གངས་བུ་རྩེ་རྒྱལ་ལགས་ཁྱེད་ནས་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་མཆོག་གིས་རྫོགས་གང་དུ་གསུང་ཡོད་དམ།
དེ་ལྟར་ན་རྗེ་རིན་པོ་ཆེ་ཡིས་བསམ་གཟུགས་ཀྱི་གསུང་ནང་དུ་རྫོགས་ཆེན་ཉམས་སུ་ལེན་པ་དེ་དག་ལེགས་ན་གཟུགས་མེད་ཀྱི་གནས་སུ་སྐྱེ་བ་དང། སྡུག་ན་བྱོལ་སོང་གི་གནས་སུ་སྐྱེ་བའི་གསུང་ཞིག་ངེས་མཇལ་མྱོངས་པའི་དྲན་པ་ཞིག་འདུག་འོན་ཀྱང་ད་ལྟ་དཔེ་ཉེར་མེད་ཙང་ལྟ་ཁོམས་མ་བྱུང་བས་གལ་ཏེ་ཁྱེད་ཀྱིས་དེ་ལྟར་གཟིགས་ཡོད་ན་གཅིག་འགྲེལ་གནང་རོགས།
གཞན་ཡང་དབུ་མའི་ལྟ་ཁྲིད་སོགས་དགེ་ལུགས་ཀྱི་ལྟ་གྲུབ་སྟོན་པའི་གདམས་པ་དེ་དག་གི་ནང་དུ་རྫོགས་ཆེན་ལ་དགག་གཞག་བྱས་པ་དེ་དག་རྗེ་རིན་པོ་ཆེ་ཡི་དགོངས་པ་དང་མ་མཐུན་པ་ཡིན་ནམ་སྙམས་པ་ལས་སོགས་དྭོགས་འདྲི་ཞུས་ཡོད།
ཀརྡོ་ལགས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
ཨོ་ད་སྔགས་རྒྱུད་སྡེ་བཞི་ལ་འོག་མ་དབུ་མའི་ཆོས་ལ་ཁྱད་དུ་འཕགས་པའི་ཆོས་གང་ཡང་མེད་ཚུལ་ཞིག་གསུངས་སོང་དེ་འདྲ་རང་ད་ཨེ་ཡིན་ན།
དེ་ལྟར་ན་རྒྱུད་སྡེ་བཞི་དབུ་མའི་རྗེས་སུ་འཆད་པ་དང། དགེ་བཤེས་བཏངས་ཚར་ནས་རྒྱུད་སྟོད་རྒྱུད་སྨད་སོགས་ལ་ཕེབས་ཏེ་སྔགས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་དགོས་པ་གང་ཞིག་ཡོད་དམ།
དེ་དྲི་བ་ཞིག་ཡིན།
ཡ་ད་རིགས་པའི་རོལ་རྩེད་ཞིག་བྱ། སྤོབས་པ་ན་རེ། རྫོགས་ཆེན་དེ་ཐེག་པ་ཆེ་ཆུང་གཉིས་ཀྱི་ནང་ནས་ཐེག་ཆེན་ཡིན་ཟེར་ན། ཐབས་སྙིང་རྗེ་ཆེན་པོ་དང་བྲལ་བའི་རྫོགས་ཆེན་ཆོས་ཅན། ཐེག་པ་ཆེན་པོ་ཡིན་པར་ཐལ། རྫོགས་ཆེན་ཡིན་པའི་ཕྱིར། རྟགས་གྲུབ་པར་ཐལ། སྙིང་རྗེ་དང་བྲལ་བའི་རྫོགས་ཆེན་དང་། ཕྱག་ཆེན། རྩ་རླུངས་སོགས་ལྟ་སྒོམ་མཐོ་མཐོ་རེ་རེ་ནས་ཡོད་པ་སློབ་དཔོན་འཇིགས་མེད་བློ་གྲོས་ཀྱི་དགོངས་པ་ཡིན་པའི་ཕྱིར། ཁོང་གིས་༼རང་གི་རྒྱུད་ལ་སྙིང་རྗེའི་ཉམས་ལེན་ཐིགས་པ་གཅིག་ཙམ་ཡང་མེད་པར། རྫོགས་ཆེན་དང་། ཕྱག་ཆེན། རྩ་རླུང་སོགས་ལྟ་སྒོམ་མཐོ་མཐོ་སྐད་པ་རྣམས་ཁ་ལ་ཁྱེར་ཅི་ཐུབ་དང་། བླ་མ་འགའ་ཞིག་གིས་ཀྱང་ལྟ་སྒོམ་མཐོ་མཐོ་སྐད་པ་རྣམས་མ་གཏོགས་པའི་ཆོས་མི་གསུངས་ཁུལ་བྱེད་ཀྱི་འདུག་སྟེ།༽ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྙིང་རྗེ་དང་བྲལ་བའི་ཤེས་རབ་ནི་ཐེག་ཆེན་མ་ཡིན་པའི་ཕྱིར། དེར་ཐལ་སྟོན་པ་རང་གི་ཞལ་ནས་ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་པའོ་ཞེས་གསུངས་པའི་ཕྱིར། མངོན་རྟོགས་རྒྱན་ལས་ཀྱང་། ཐབས་མ་ཡིན་པས་རིང་པ་དང་།། ཐབས་ཀྱིས་རིང་པ་མ་ཡིན་ཉིད།། ཞེས་གསུངས་པའི་ཕྱིར།།
ཡང་སྤོབས་མཐའ་ན་རེ། རྫོགས་པ་ཆེན་པོ་ཟེར་བ་དེ་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་དབུ་མའི་ཁུངས་སུ་བསྡུ་ཟེར་ན། འོ་ན་རྫོགས་ཆེན་ཟེར་བ་ཞིག་དབུ་མའི་བསྟན་བཅོས་དག་ལས་འབྱུང་དགོས་ན། རྒྱ་གར་གྱི་པན་གྲུབ་དག་གི་གཞུང་ལུགས་ཁུངས་སུ་བཀོད་ན་རྫོགས་ཆེན་ད་སྟོན་ཤིག ང་ཚོས་ཆུ་མགོ་གངས་དང་ཆོས་འགོ་རྒྱ་གར་ཟེར་བཞིན་པ་ལགས་ན། ཆོས་འགོ་རྒྱ་གར་ལ་གཅིག་གཏུགས་དང་དེ་ནས་གྲུབ་མཐའ་བཞི་ལས་དབུ་མ་ཡིན་པར་ངེས་པ་རྙེད་རྒྱུ་ཞིག་ལོས་ཡོད།
ཡང་སྤོབས་མཐའ་ན་རེ། རྫོགས་ཆེན་ནི་སྡོ་སྣོད་གསུམ་ལས་ཐོར་བུར་གནས་ཡོད་ཟེར་ན་འདུལ་བའི་སྡེ་སྣོད་ཀྱི་རྫོགས་ཆེན་སྟོན་པའི་གཞུང་དེ་ད་སྟོན་ཤིག་དང་དེ་ནས་བགྲོ་གླེང་ཡུན་གྱིས་བཤད་ཡ།
བདུད་རྩི་སྨན་མཆོག་ཆོས་ཀྱི་མཆོག ལས་ཀྱི་རྡོ་རྗེ་བླ་མའི་མཆོག བློ་བཟང་གྲགས་པ་སློབ་མའི་མཆོག་ཅེས་གསུངས་ཡོད་སའི་བདུད་རྩི་སྨན་མཆོག་གི་དགོངས་པ་ནི་རྫོགས་པ་ཆེན་པོའི་ངོ་རང་ཐུགས་གསུམ་དང་གཅིག་པ་གཅིག་རྐྱང་ལས་མེད། གཞུང་དེ་རྗེ་རིན་པོ་ཆེའི་གསུང་འབུམ་དུ་བཞུགས་པས་གཟིགས་རོགས།
སློབ་དཔོན་པད་མའི་ངང་ཚུལ་གྱིས་བསྒོམ་རིམ་དང་པོའི་དབུ་ཚུགས་པ་ཁོ་ན་ན། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ལུང་དྲངས་པ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་ལྟར་གསོལ་ཏེ། བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བྱང་ཆུབ་སེམས་དཔས་ཆོས་གཅིག་གཟུང་ཞིང་། རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། སྙིང་རྗེ་ཆེན་པོའོ།།ཞེས་པའི་གནད་འགག་དེ་སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་གྱིས་མཁྱེན་ནས། སྙིང་རྗེ་ལ་གཙིགས་ཆེ་བར་མཛད་པ་དེ་ཆེས་རྣམ་པ་ཀུན་ཏུ་འོས་ཤིང་འཚམས་པར་མཐོང་ངོ་།།འོན་ཀྱང་ཁོ་བོའི་ཞེ་འདོད་དེ་བོད་སྐད་སྤྱིའི་སྐད་དེ་འཆལ་འཆོལ་དུ་མ་གཏོང་བར་སྲུང་དགོས་པས། སློབ་དཔོན་བློ་རྒྱལ་ལ་སོགས་བདག་རང་དང་། ་གཞན་ཚང་མ་ལ་འོ་བརྒྱལ་བཟོ་དགོས་པར་མཐོང་བས། རིམ་པར་ཞུ་ངེས། མཚན་མོ་བདེ་ལེགས། གཟིམས་སྤྲོ་བར་མཛོད་ཅིག །
ཟླ་མེད་ཀྱི་རིག་པའི་རོལ་རྩེད་ལ་རོལ་ལན་ཞིག་གཏོང་།
ཐབས་སྙིང་རྗེ་ཆེན་པོ་དང་བྲལ་བའི་རྫོགས་ཆེན་ཡོད་པ་རྟགས་མ་གྲུབ། སློབ་དཔོན་འཇིགས་མེད་བློ་གྲོས་ཀྱིས་གསུངས་པས་སོ་ཞེ་ན་མ་གྲུབ་ཏེ་དེ་སྐབས་འདིའི་རྩོད་གཞི་ཡིན་པའི་ཕྱིར།
རྫོགས་ཆེན་དབུ་མའི་ཁོངས་སུ་བསྡུ་རིགས་ཏེ་རྫོགས་ཆེན་ཀྱི་ལུགས་སུ་ཆོས་ཐམས་ཅད་ནམ་ཡང་སྐྱེ་བ་མེད་པར་འདོད་པའི་ཕྱིར། ཀ་དག་ཅེས་པའི་ཚིག་འདིའི་དོན་ཡང་གདོད་ནས་སྐྱེ་འགག་གནས་གསུམ་གྱི་མཚན་མས་དག་པ་ལ་འགྲེལ་དགོས་པའི་ཕྱིར།
པཎ་ཌི་ཏའི་ལུང་ཡོད་དེ་ཤྲི་སེངྷེའི་ཤེར་སྙིང་སྔགས་སུ་འགྲེལ་བ་ལ་ལྟ་བར་གྱིས།
རྫོགས་ཆེན་ཀྱི་ཁོངས་སུ་འདུལ་བའི་ཁོངས་སུ་བསྡུ་དགོས་པའི་གཞུང་ཡོད་དེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ཡོད་པའི་ཕྱིར། རྫོགས་པ་ཆེན་པོའི་ལུགས་ཀྱི་དམ་ཚིག་གི་རིམ་པ་ལྟ་བུའོ།
རྫོགས་པ་ཆེན་པོའི་ཆོས་དང་རྙིང་མ་བའི་བར་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེད། རྙིང་མ་བ་ཞེས་པ་དེ་བོད་ཀྱི་སྤྱི་ཚོགས་ཤིག་རེད། རྫོགས་ཆེན་ཞེས་པ་དེ་གདམས་ངག་ཁྲིད་རྒྱུན་ཞིག་རེད། དེ་ཡང་ཁ་གསལ་བོས་བཤད་ན་ནང་པ་སངས་རྒྱས་པའི་ལུགས་ཀྱི་ཞི་གནས་དང་ལྷག་མཐོང་གི་ཡང་དག་པར་མཉམ་པར་འཇོག་སྟངས་གདམས་ངག་ཁྲིད་རྒྱུན་ཞིག་ཆོས་སྐད་མི་འདྲ་བའི་སྒོ་ནས་གཏན་ལ་ཕབ་པ་ཙམ་རེད། འཇུ་མི་ཕམ་གྱིས་ཀྱང་མན་ངག་ཐོར་བུ་གཞན་ལ་མ་གྲགས་པ་མང་པོ་ཡོད་སྟབས་རྫོགས་ཆེན་འདི་གཞན་ལ་མེད་པའི་ཁྱད་ཆོས་ཡིན་ཞེས་སྨྲ་མི་འོས་ཚུལ་གསུངས་འདུག འདི་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཚུལ་གྱི་ཆེ་བསྟོད་དང་ཕན་ཡོན་བརྗོད་སྟངས་ནི་མ་ཎིའི་ཕན་ཡོན་བརྗོད་པ་ལྟ་བུ་རེད། འདི་ལ་ང་རྒྱལ་བྱེད་ཡོང་ས་ཞིག་མི་འདུག་ལ་ཕྲག་དོག་བྱེད་ཡོང་ས་ཞིག་ཀྱང་མི་འདུག མ་ཎིའི་ཕན་ཡོན་ལ་གཅིག་བལྟས་ཡོང་དུས་འབྲུ་དྲུག་གིས་འཁོར་བའི་སྡུག་བསྔལ་ལས་གྲོལ་འགྲོ་བ་ལྟ་བུ་ཞིག་བཤད་ཡོད་མོད་དོན་དུ་མ་ཎི་འབྲུ་དྲུག་བརྗོད་པས་རིགས་དྲུག་གི་སྡུག་བསྔལ་ལས་གྲོལ་མི་གྲོལ་ནི་རང་ཅག་ཚང་མ་མ་ཎི་བགྲང་མཁན་ཡིན་པས་ཤེས་ནུས།
བོན་པོ་ནི་རང་རེའི་ཕ་མེས་ཀྱི་ཆོས་ལུགས་རེད། ནང་བསྟན་ནི་རྒྱ་གར་ནས་བོད་ལ་དར་ཞིང་བོད་འདིར་ལྟ་བའི་མིང་སྲོལ་མང་ན་ཡང་། ཉམས་མྱོང་ཅན་གྱི་རྣལ་འབྱོར་པས།།དཔྱད་ན་དགོངས་པ་གཅིག་ཏུ་འབབ།། ཞེས་པ་ལྟར་སོ་སོ་ནས་ལེགས་པའི་ཆ་མ་འདྲེས་བར་ལེན་ཚུལ་ཤེས་དགོས་པ་གལ་ཆེ། སྤྱིར་ན་མིང་གཅིག་ཡར་མར་གྱི་དོན་དུ་མར་སྦྱར་ཆོག་པ་ཡོད་དེ། སྔགས་ཀྱི་སྐབས་སུ་རྡོ་རྗེ་ཞེས་པའི་མིང་གཅིག་བུ་དེ་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་ཀྱི་ཆ་སྟོང་བ་ཉིད་ལའང་འཇུག །དེ་བཞིན་དུ་ཡབ་ཀྱི་རྡོ་རྗེ་དང་ལག་པའི་རྡོ་རྗེ་སོགས་མང་པོ་ལ་འཇུག་ལ། ཉི་མ་ཞེས་པ་རོ་མ་དང་བདེ་ཆེན་དང་འོད་གསལ་དང་ཁམས་དམར་པོ་སོགས་ཀྱི་དོན་དུ་མར་འཇུག །མི་དབང་གྲགས་པས། ཀརྞ་དང་ནི་ཀརྞ་འི་སྒྲས།།རྡོ་དང་རྐང་པ་བརྗོད་པར་བྱ།།ལ་ལར་འོན་པ་རབ་བརྗོད་དེ།།དེ་བཞིན་རྒྱུད་རྣམས་བསྟན་པའོ།།ཞེས་པའི་ཀརྞ་ཞེས་པའི་མིང་གཅིག་རྐང་པ་དང་རྡོ་དང་འོན་པ་སོགས་དོན་དུ་ལ་འཇུག་པ་ལྟར་རེད། དེས་ན་མིང་གཅིག་དོན་དུ་ལ་འཇུག་པ་དང་དོན་གཅིག་མིང་དུ་མ་ལ་འཇུག་པའི་རྣམ་དབྱེ་ལེགས་པར་ཤེས་དགོས་སོ།།
མ་རྒན་གྱི་སྒྲས་བསྟན་ན། མ་རྒན་ཡིན་པས་མ་ཁྱབ། སྟོང་ཉིད་ཆོས་ཅན། ཕ་རྒན་གྱི་སྒྲས་བསྟན་ན། ཕ་རྒན་ཡིན་པས་མ་ཁྱབ། བདེ་བ་ཆེན་པོའི་ཡེ་ཤེས་ཆོས་ཅན། བདེ་བ་ཆེན་པོའི་ཡེ་ཤེས་གཅིག་བུ་ལ་ཐབས་ཀྱི་ལྡོག་ཆ་ནས་ཕའི་སྒྲས་བསྟན་པ་དང་། ཤེས་རབ་ཀྱི་ལྡོག་ཆ་ནས་མའི་སྒྲས་བསྟན་པ་སོགས་ཤེས་དགོས། དཔེར་ན། བླ་མ་མཆོད་པའི་ཚོགས་ཞིང་གི་ཡུལ་དུ་གྱུར་བའི་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ལ། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ།།ཞེས་པ་ལྟར་མིང་དུ་མས་བསྙད་པ་ཤེས་དགོས་པ་ལྟར་རོ།།
ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་འགྲུབ་ཀྱིས་མཛད་པའི་བསླབ་བྱ་ལས། ཁས་བླངས་དམ་སྡོམ་སྲོག་དང་བསྡོས།།བླ་མ་ལྷ་དང་རང་སེམས་གསུམ།།དབྱེར་མེད་སྒོམ་ཟློས་མཆོད་བསྟོད་དང་།།ཐུགས་རྗེ་བསྐུལ་བའི་གསོལ་འདེབས་གཅེས།།ཐོས་བསམ་ཕྱོགས་རེར་མ་ལྷུང་ཞིང་།།གཞུང་ཆེན་གདམས་པར་ཤར་བ་དང་།།གང་ཤེས་རྒྱུད་ལ་སྦྱོར་མཁས་པ།།མི་དེ་བསྟན་འགྲོའི་དཔལ་དུ་མཛེས།། ཞེས་དང་། ཐོས་པས་བླང་དོར་ལེགས་ཕྱེ་ནས།།བསམ་པས་ངེས་པ་རྣམ་དག་བཙལ།།ཡང་ཡང་ཡིད་ལ་གོམས་འདྲིས་ཀྱིས།།ཉེས་པའི་དུག་སྡོང་རྩད་ནས་འབྱིན།། ཞེས་དང་། མདོར་ན་འཁོར་འདས་སྐྱོན་ཡོན་ཀུན།།རང་སེམས་འདི་ལ་རག་ལས་ཕྱིར།།སྤྱོད་ལམ་ཀུན་ཏུ་དྲན་ཤེས་ཀྱིས།།རང་རྒྱུད་འདུལ་བའི་ཐབས་ལ་འབུངས།།ཞེས་གསུངས་པ་ལྟར་དེང་གི་དུས་འདིར་དཔལ་འབྱོར་གཅིག་བུ་ལ་ཤི་སྤར་འཐམས་པ་རྐྱེན་ངན་རླུང་ནག་གི་ཁྲོད་ནས་རང་རེའི་གངས་ཅན་ལྗོངས་ཀྱི་ལོ་པཎ་བཀའ་དྲིན་ཅན་དང་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱི་ཤུལ་བཞག་དམ་པའི་ཆོས་ནོར་འདི་མུན་ཁུང་དུ་ས་རྡུལ་གྱིས་གོས་པ་ལྟར་ལྷག་ལུས་སུ་གྱུར་འདུག་ན་ཆོས་པར་མིང་ཁུར་བའི་སྐྱ་སེར་ཀུན་གྱིས་མོས་སྒོམ་ཙམ་མ་ཡིན་པར་རང་རྒྱུད་ཐོས་བསམ་སློབ་གཉེར་ལ་འབད་པ་ཅི་བས་ཀྱང་གལ་ཆེའོ་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་འབོད་སྐུལ་ཞུ།
ཇི་སྐད་དུ། སྙིང་རྗེ་དང་བྲལ་སྟོང་བ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། ཞེས་སློབ་དཔོན་དམ་པ་དེས་དགོངས་ཡང་དག་ཏུ་གནས་སོ། ཡིན་ན་ཡང་དེང་དུས་སྒྲོ་ལོའི་ཆེད་ཙམ་གྱི་ཁྱེད་དུ་ཕྱག་རྫོགས་དབུ་གསུམ་འཆད་ཁྲིད་གནང་བ་ལས་སྙིང་རྗེ་ཁ་དོན་མཚུངས་པ་ཞིག་དགོས་ཞེས་པའི་དོན་ལས། རྫོགས་ཆེན་དང་ཕྱག་ཆེན་ལ་སྙིང་རྗེ་མེད་གསུངས་པའི་དོན་དུ་མ་སྣང་ངོ་། མ་ཚད་འགའ་རེས་སྙིང་རེ་རྗེ་ཟེར་བ་ཙམ་ལས་དོན་དངོས་ནས་སྙིང་རྗེ་དེ་ཅི་འདྲ་ཡིན་པ་ཡང་གོ་མི་འདུག་པས། དེས་ན་སྙིང་རྗེ་ཆེན་པོ་བསྟན་བཅོས་འདི་བརྩམས་པ་ཡིན་འདུག ཁྱེད་ཚོས་སྔ་རྒོལ་གྱི་དམ་བཅའ་མ་མཐོང་བཞིན་དུ་དགག་བཞག་བྱེད་པ་མཁས་དབང་ཁྱེད་རྣམ་པ་སྐུ་ངལ་ལས་དམིགས་མདུན་ཆེན་པོ་ཅི་ཞིག་ཡིན་མ་ཤེས་ཐལ། ཁྱད་པར་དུ་རྫོགས་པ་ཆེན་པོ་དེ་ས་དགེ་བཀའ་རྙིང་བཅས་པའི་བཤེས་གཉེན་དམ་པ་རྣམ་པས་ཐུགས་དམ་གྱི་མཐར་ཐུག་པ་ཞིག་རེད། གསེར་དངུལ་གྱི་མཆོད་ཆ་པུ་གུའི་རྩེད་ཆས་བྱས་པ་ནང་བཞིན་ལས་གནད་ཁྲོལ་བཤད་ཐུབ་མཁན་ནི་རེ་ཟུང་ལ་མི་འདུག་གོ །
ངས་འདི་ནས་གཏམ་རྒྱུད་ཐུང་ཐུང་ཞིག་བཤད། དབྱིན་ཇིའི་བུ་མོ་ཞིག་ཀླུ་གདོན་གྱི་གནོད་པས་འཐེབས་ནས་རྨ་རིམས་ཀྱིས་གནར་བས་སྨན་ཁང་ཁག་གིས་ཀྱང་ནད་ངན་དུ་ངོས་འཛིན་བྱས། བུ་མོ་ཨ་མ་བོད་པའི་ཆོས་བརྒྱུད་ག་གེ་མོའི་སྐྱབས་རྗེ་ཟེར་བ་ཞིག་ལ་བཀའ་འདྲི་ཞུས་པས། སྐྱབས་རྗེས། ཧ་ཡེ། གྷོ་ཌྲི་མོར་ནིང་་་་་། སོགས་བོད་སྐད་དུ་བསྒྱུར་ན། ཀ་ཡེ། སྔ་གྲོ་བདེ་ལེགས་་་་་གང་ཡང་ཡོད་མ་རེད། རྣམ་རྟོག་རེད། སྟོང་ཉིད་ཕྱག་རྒྱ་ཆེན་པོ་རེད་ཅེས་ཞལ་ཟས་ཟ་ཞོར་དུ་བཞད་གད་དང་བཅས་བཤད། རྒད་མོ་ཡིད་མ་ཚིམ་ནས་ཉམ་ཆུང་གི་བླ་མ་ཞིག་ཡོད་པས་དེ་ལ་ཞུས་པས། བླ་མ་དེས་ན་ཚ་གདོན་བགེགས་ཟེར་བ་ཡོད་རེད། སྙིང་རྗེ་དང་ཆོས་སྦྱིན་བྱས་ན་ཕན་གསུངས། རྒན་མོས་ཨུ་ཚུགས་ཀྱིས་འོ་ན་ཅི་དྲག་ཡང་ཡང་ཞུས་པས། བླ་མས་ཆུ་གཏོར་དང་བསངས་གསུར་བྱས་ནས་བུ་མོ་མོ་རང་གིས་གཟུངས་སྔགས་འདོན་ན་ཕན་གསུངས། མ་ཚད་ལྷ་ལ་དད་པ་དང་འདྲེ་གདོན་དང་གནོད་བྱེད་ལ་སྙིང་རྗེ་དགོས་ཚུལ་རྒྱས་པ་བཤད་པ། མ་བུ་གཉིས་འགུལ་ནས་ཉམ་ཆུང་གི་བླ་མ་དེས་གསུངས་བཞིན་བསྒྲུབས་པས་བུ་མོ་ནད་ལས་གྲོལ། མ་རྒན་བསམ་དོན་གྲུབ། ནེའུ་ཡོག་གི་གསར་ཤོག་ཏུ་ཐོན་པ་རེད། ། འདི་དངོས་ཡོད་ཀྱི་གཏམ་ཐུང་ཞིག་ཡིན།
ཐར་རྒྱན་ལས། འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད།།སངས་རྒྱས་ཡོན་ཏན་ཐོས་ཀྱང་དད་པ་ཅུང་ཟད་མེད།།ཁྲེལ་མེད་ངོ་ཚ་མེད་ཅིང་སྙིང་རྗེ་ཅུང་ཟད་མེད།།སྡིག་པ་ལྷག་པར་སྤྱོད་ལ་འགྱོད་པ་ཅུང་ཟད་མེད།།མེད་དྲུག་འཛོམས་ལ་སངས་རྒྱས་སྐལ་བ་མེད།།ཅེས་གསུངས་པ་འདིས་རིགས་ཆད་བསྟན་པ་དང་། རིགས་སད་པ་ལ་རྐྱེན་གཉིས་ཚང་དགོས་ཏེ། འགལ་རྐྱེན་དང་བྲལ་བ། མཐུན་རྐྱེན་ནོ།།འགལ་རྐྱེན་བཞི་སྟེ་མི་ཁོམ་པར་སྐྱེས་པ། བག་ཆགས་མེད་པ། ལོག་པར་ཞུགས་པ། སྒྲིབ་པའི་ཉེས་པའོ།།མཐུན་རྐྱེན་ལ་གཉིས་ཏེ། ཕྱི་དམ་པའི་ཆོས་སྟོན་པ་གཞན་གྱི་རྐྱེན་དང་། ནང་ཚུལ་བཞིན་ཡིད་ལ་བྱེད་པ་དགེ་བའི་ཆོས་ལ་འདུན་པ་ལ་སོགས་པའོ།།
ཡ་རབས་མ་རབས་སྒྲ་དག་ལ།
ཡང་འཇུག་ཡོད་པ་དག་ཡིག་ལུགས།
ཡང་འཇུག་མེད་པའི་ལུག་གི་ཁྱུ།
ཤེས་རབ་ལྗོན་པའི་བསིལ་དུ་སྡོད།།
གསིལ་དང་བསིལ་དང་སིལ་གསུམ་སྒྲ།
འདོན་ཚུལ་གོ་སྟངས་སོ་སོ་རུ།
ཡོད་པ་གནའ་བོའི་ལུགས་སུ་སྣང་།
དེ་བས་ཡི་གེ་མི་འདྲ་བྱུང་།།
སྙན་དངགས་མཁན་པོ་ཡེ་ཤེས་སྙིང་།
དག་ཡིག་རྩོམ་པའི་ཞལ་འདེབས་ལགས།
ཁོ་བོས་དག་ཡིག་ལེགས་སྦྱང་མེད།
དཔེ་ཆ་དག་གི་ཚིག་རྣམས་ལ།
དོ་སྣང་བྱེད་པས་དག་ཡིག་ཤེས།
རྗེད་ངས་བློ་གྲོས་བརྟུལ་པོ་ཡིས།
ནོར་འཁྲུལ་བྱས་པར་ཞུས་དག་མཛོད།།
ཚང་མ་བཀླགས་པ་ཡིན། ཐོས་རྒྱར་ཕན་བྱུང་། མུ་མཐུད་གླེང་རོགས་གནོངས། རྫོགས་ཆེན་གྱི་ཆོས་རྒྱུད་ནང་ལ་འོད་གསལ་སྒྲུབ་སྟངས་དང་གསང་དབང་འདུས་པའི་ནང་ལ་འོད་གསལ་སྒྲུབ་སྟངས་ལ་ཁྱད་པར་ཇི་འདྲ་རེད།
༣༨༽ ལ་སྟོད་བུ་ནས།
་་་་་་་་་་་་་་
ཀརྡོ་ལགས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
ཨོ་ད་སྔགས་རྒྱུད་སྡེ་བཞི་ལ་འོག་མ་དབུ་མའི་ཆོས་ལ་ཁྱད་དུ་འཕགས་པའི་ཆོས་གང་ཡང་མེད་ཚུལ་ཞིག་གསུངས་སོང་དེ་འདྲ་རང་ད་ཨེ་ཡིན་ན།
དེ་ལྟར་ན་རྒྱུད་སྡེ་བཞི་དབུ་མའི་རྗེས་སུ་འཆད་པ་དང། དགེ་བཤེས་བཏངས་ཚར་ནས་རྒྱུད་སྟོད་རྒྱུད་སྨད་སོགས་ལ་ཕེབས་ཏེ་སྔགས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་དགོས་པ་གང་ཞིག་ཡོད་དམ།
དེ་དྲི་བ་ཞིག་ཡིན།
ལན་དུ་སོང་བ།
༣༡༽ ཀརྡོ་རབ་འབྱམས་པ་ནས།
ལ་སྟོད་བུ་ལགས། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་གསུམ་ལ་མདོ་ལས་ལྷག་ཀྱང་ཁྱད་དུ་འཕགས་པའི་ཆོས་དམིགས་བསལ་མེད་པས། ངས་ཆོས་བརྒྱུད་བཞིའི་ནང་ལ་གསུངས་པའི་བཞི་པ་རྣལ་འབྱོར་བླ་མེད་པ་ཁོ་ནས་དབང་དུ་བྱས་པ་ཡིན་ལགས། དགེ་འཕེལ། །
ཁ་སྣོན་དུ།
སྤྱིར་ཉན་རང་དགྲ་བཅོམ་པ་རྣམས་ཀྱང་དབུ་མ་པ་ཡིན་ཀྱང་། ཐེག་ཆེན་པ་མ་རེད། རྒྱུད་སྡེ་འོག་གསུམ་དབུ་མ་པ་མ་ཟད་ཐེག་ཆེན་པོ་ཡང་ཡིན་དགོས། འོན་ཀྱང་། ངས་ཤོད་འདོད་ནི། འོག་མ་གསུམ་ལ་སྔགས་བླ་མེད་ལྟར། བྱང་སེམས་མདོ་ལུགས་ལས་ལྷག་པའི་ཁྱད་དུ་འཕགས་པའི་འཚང་རྒྱ་ཚུལ་མེད་པས་རྫོགས་ཆེན་སྔགས་ལུགས་ཨ་ཏི་ཡོ་གས་དབང་དུ་བྱས་པ་ཡིན་ཞེས་བྲིས་ཡོད།
ཞོར་དུ་རྒན་ལ་དྭགས་འཇམ་དཔལ་ལགས་ཀྱི་དྲི་བའི་ལན་དུ་རང་གི་རྨོངས་འཆར་ཅིག་ཞུ་ན།
རྒྱ་གར་སྐད་དུ། མ་ཧྰ་མུ་ཌ་འདི་ཕྱག་རྒྱ་ཆེན་པོའི་སྐད་དོད་མིན་ནམ། ཡང་། རྫོགས་ཆེན་ཞེས་པའི་ཚིག་འདི་ཐོག་མ་ཞང་ཞུང་ངམ། བོན་པོའི་ཆོས་སྐད་ཅིག་མིན་ནམ་སྙམ། ཕྱིས་སུ་རྙིང་ཆོས་དར་དུས་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས་ཕྱི་མ་”རྫོགས་”པའི་རིམ་པ་”ཆེན་”པོ་དེ་བསྡུས་ཚིག་ལ་”རྫོགས་ཆེན་”ཞེས་ཆགས་པ་མིན་ནམ་དཔྱད་པར་འཚལ། སྔགས་ལུགས་རྫོགས་ཆེན་ཡུན་གནས་དར་རྒྱས་ཤོག །
དགེ་ལྡན་མཁས་གྲུབ་མང་པོས་རྫོགས་ཆེན་ལ་ཐུགས་གཙིགས་ཆེན་པོ་གནང་སྟེ། རྗེ་རིན་པོ་ཆེའི་ཞུ་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ། རྒྱལ་དབང་ལྔ་པའི་རྫོགས་པ་ཆེན་པོའི་ཁྲིད་ཡིག་རིག་འཛིན་ཞལ་ལུང་། ཨ་ལ་ཤ་ངག་དབང་བསྟན་དར་གྱི་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་༡༡པ་དང་༡༢པའི་འགྲེལ་བ། བྲག་དཀར་སྤྲུལ་སྐུའི་འོད་གསལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀུན་ཏུ་བཟང་པོའི་ཐུགས་བཅུད།ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག དར་གྱི་སྙན་མོ་རིའི་སྤྲུལ་སྐུ་གསུང་རབ་ཀྱི་རྫོགས་སྐོར་སོགས་སྔ་འགྱུར་རིག་པ་འཛིན་པ་དག་གི་གསུང་དང་གཉིས་མེད་པར་བཞུགས་པ་འདི་དག་གིས་གསལ་པོར་མཚོན་ནུས་ལ་ད་ལྟ་ཡང་གོ་ལ་ཧྲིལ་པོར་རྒྱལ་བསྟན་རིན་པོ་ཆེའི་སྣང་བས་ཁྱབ་པར་མཛད་མཁན་༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་གང་ཉིད་ཀྱང་རྫོགས་ཆེན་ཉམས་གནང་མཁན་ཡིན་པ་ཡོངས་སུ་གྲགས་པ་དེ་རེད།
གང་ལྟར་གུ་རུ་རིན་པོ་ཆེས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་གཙོ་ཆེ། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། དེ་ཤོར་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བུར་འགྲོ། ཡང་སྤྱོད་བའི་ཕྱོགས་སུ་ལྟ་བ་མ་ཤོར་བར་མཛོད། དེ་ཤོར་ན་དངོས་པོ་དང་མཚན་མས་བཅིངས་ནས་གྲོལ་བའི་དུས་མེད་ཅེས་དང་།
ལར་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། གསུངས་པ་ལ་གོ་བ་རྒྱ་ཆེན་པོ་ཞིག་འདུག
རྗེ་རིན་པོ་ཆེའི་ཞུ་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ། རྒྱལ་དབང་ལྔ་པའི་རྫོགས་པ་ཆེན་པོའི་ཁྲིད་ཡིག་རིག་འཛིན་ཞལ་ལུང་། ཨ་ལ་ཤ་ངག་དབང་བསྟན་དར་གྱི་ཡོན་ཏན་རིན་པོ་ཆེའི་མཛོད་སོགས་ཀྱི་དྲྭ་བྱང་འདིར་བཀོད་ཐུབ་ན་ང་ལ་ཕན་ཐོགས་ཆེ་བ་འདུག་པས་ཐུགས་རྗེས་གཟིགས།