འབྲིང་བ་འཇིགས་མེད།
(སྐར་ཁུང་ཞེས་པའི་གཏམ་གླེང་ལེ་ཚན་གྱི་དྲིས་ལན།)
དྲི་བ་དང་པོ། ཁྱེད་རང་མཛོད་དགེ་ཨ་ཁུ་ཉི་མའི་དངོས་སློབ་ཅིག་ཡིན་པའི་ཆ་ནས་ཁྱོད་ལ་བཞག་པའི་བག་ཆགས་ཆེས་ཟབ་པ་དེ་གང་རེད།
ལན། གངས་ཅན་བོད་ཀྱི་སློབ་གསོ་བ་ཆེན་མོ་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་ཨ་ཁུ་ཉི་མ་ཚང་ལ་སློབ་མ་
ཤིན་ཏུ་མང་པོ་ཡོད་པའི་ཁྲོད་ནས་ཕྲན་ནི་ཁོང་གི་སྐུ་ཚེ་སྨད་ཀྱི་ཞལ་སློབ་གྲས་ཤིག་ཡིན། ཁོང་གིས་ང་ལ་བཞག་པའི་བག་ཆགས་ཆེས་ཟབ་ཤོས་ནི། ཁོང་གིས་སློབ་མ་རྣམས་བྱམས་བརྩེ་དང་། ཐབས་མཁས་པོའི་སྒོ་ནས་སྐྱོང་བ་དང་། སློབ་མ་ཚོས་ཁོང་ལ་ཧ་ཅང་གི་བརྩི་བཀུར་ཞུ་བ་སྟེ། དགེ་སློབ་དབར་བྱམས་བརྩེ་དང་བརྩི་བཀུར་གྱི་འབྲེལ་བ་ཤིན་ཏུ་ལེགས་པོ་གཞན་དང་མི་འདྲ་བ་ཞིག་ཡོད་པ་རང་ཉིད་ཀྱིས་དངོས་སུ་མཐོང་ཞིང་དངོས་སུ་མྱོང་བ་དེ་ངའི་སེམས་ལ་བཞག་པའི་བག་ཆགས་ཟབ་ཤོས་ཤིག་རེད། ཁོང་གིས་སློབ་མ་ཚོར་སློབ་ཁྲིད་གནང་བའི་ཞར་ལ་ཐུགས་ཤིན་ཏུ་བརྩེ་བའི་སྒོ་ནས་བསླབ་བྱ་གནང་བ་དང་། ཁོང་ནི་མཁས་པ་ཆེན་པོ་དང་མཚན་སྙན་ཆེན་པོ་ཡིན་ནའང་ཆེ་ཉམས་གཏན་ནས་མི་མཛད་པར་སློབ་མ་ཚོ་དང་ཡང་ཡང་འགྲོགས་གཤིབས་ཀྱིས་སློབ་མ་ཚོར་སྐུ་རྩེད་དང་སྦྲགས་ནས་ཞལ་བརྡ་གནང་ཞིང་སློབ་མའི་སློབ་སྦྱོང་དང་བདེ་སྡུག་ལ་རྒྱུས་ལོན་དང་ཐུགས་ཁུར་གནང་བ། སྐབས་རེར་བཀའ་བཀྱོན་ཡང་ཕྲན་བུ་རེ་གཏོང་བ་སོགས་ཕ་མས་བུ་ཕྲུག་སྐྱོང་བ་ཇི་བཞིན་གནང་གི་ཡོད་པ་དང་། དེའང་ཐབས་མཁས་པོའི་སྒོ་ནས་སློབ་མའི་བློ་མགུ་ཞིང་སློབ་སྦྱོང་ལ་སེམས་ཤུགས་འཕེལ་བ་སོགས་སྐུལ་མ་ནང་ནས་ཐེབས་པར་བྱེད་པའི་གནང་སྟངས་ཤིན་ཏུ་མཁས་པོའི་སྒོ་ནས་སློབ་མ་སྐྱོང་གནང་མཛད་པས། སློབ་མ་རྣམས་ཁོང་ལ་ཤིན་ཏུ་དགའ་ཡང་དགའ་ལ་འཚེར་ཡང་འཚེར་བ་དང་། སེམས་གཏིང་ནས་བརྩི་བཀུར་ཤིན་ཏུ་ཆེན་པོ་ཞུ་བཞིན་ཡོད། སློབ་གྲྭའི་ནང་གི་དགེ་རྒན་གཞན་དག་རྣམས་ཀྱང་ཕལ་ཆེ་བ་ཁོང་གི་སློབ་མ་ཤ་སྟག་ཡིན་པས་ཁོང་ལ་ཤིན་ཏུ་བརྩི་ཞིང་བཀུར་ལ། ཁོང་ཚོ་དང་སློབ་མ་ཚོའི་བར་གྱི་འབྲེལ་བའང་གོང་བཞིན་ཧ་ཅང་བཟང་ཞིང་། དེ་འདྲའི་དབང་གིས་སློབ་མ་སྤྱི་ཡོངས་ཀྱི་སློབ་སྦྱོང་གི་གནས་ཚད་བཟང་ཞིང་སྤྱོད་པའང་ཞི་དུལ་དང་ཡ་རབས་བཟང་སྤྱོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པས། མང་ཚོགས་ཁྲོད་དུའང་ཨ་ཁུ་ཉི་མའི་སློབ་གྲྭའི་སློབ་མ་ཚོར་མཐོང་དང་ཆ་འཇོག་གཞན་དང་མི་འདྲ་བའི་ལེགས་པོ་ཡོད།
ཕྲན་སྒེར་ལ་མཚོན་ན་ཁོང་གི་སྐུ་དྲུང་ནས་བོད་ཀྱི་རིག་གནས་ཆེ་ཆུང་གི་གཞུང་དུ་མའི་སློབ་ཁྲིད་དངོས་སུ་ཞུ་རྒྱུ་བྱུང་བ་ནི་ཤིན་ཏུ་སྐལ་བ་བཟང་པོར་ཚོར་ལ། ཁོང་གི་མདུན་དུ་ཡང་ཡང་བཅར་བ་དང་འབྲེལ་གཟིམ་ཤག་ཕྱི་ནང་སོགས་སུ་ཐེངས་མང་པོར་ཁོང་གི་ཞབས་པུས་དང་ཕྱག་མཐིལ་སོགས་འཕུར་མཉེད་གཏོང་བཞིན་ཁོང་གི་བརྩེ་བའི་བཀའ་སློབ་དང་ཞལ་བརྡ་ལ་ཉན་པ་སོགས་ཀྱི་གནས་ཚུལ་དེ་དག་ནི་རང་གི་སེམས་ནང་ནས་ནམ་ཡང་ཡལ་དུ་མེད་པའི་དགའ་ཚོར་ཟབ་མོ་དང་འདྲེས་པའི་བག་ཆགས་ཤིག་ཏུ་གྱུར་འདུག
དྲི་བ་གཉིས་པ། ང་ཚོས་ཨ་ཁུ་ཉི་མའི་ལས་དོན་ལ་ཕྱིར་དྲན་བྱས་ན་ཕྱི་ལོ་ ༡༩༦༠ ལོ་ཙམ་ལ་སྐབས་དེའི་བོད་སྐད་ཡིག་གི་གནས་བབས་ཉག་ཕྲ་དུས་དང་། ད་ལྟ་སློབ་གསོའི་ཐབས་ལམ་གཉིས་པ་ལག་བསྟར་བྱེད་བཞིན་པས་བོད་སྐད་ཡིག་ཉག་ཕྲ་བའི་དུས་འདི་གཉིས་འདྲ་མཚུངས་ཀྱི་གནས་བབས་འོག ཁོང་གི་སློབ་གསོའི་ཐབས་ལམ་ལས་ད་ལྟ་ང་ཚོས་སློབ་སྦྱོང་བྱེད་ས་གང་དག་འདུག
ལན། ཁོང་གིས་ཕྱི་ལོ་ ༡༩༦༠ ལོར་མཛོད་དགེ་བཞག་ལྡོམ་དུ་ཕྱུགས་བཅོས་སྨན་ཁང་བཙུགས་པ་དང་མཉམ་དུ་སློབ་མ་ཁག་ཅིག་ལ་བོད་ཡིག་འབྲི་ཀློག་ཐོག་མར་བསླབས་པ་ནས་བཟུང་། རིམ་གྱིས་སྦྲ་གུར་འཛིན་གྲྭ། ལྔ་བདུན་སློབ་སྦྱོང་འཛིན་གྲྭ། སྐར་དམར་ཀུང་ཧྲེའི་ལྔ་བདུན་སློབ་གྲྭ། མཛོད་དགེ་རྫོང་ལྔ་བདུན་སློབ་གྲྭ། མཛོད་དགེ་རྫོང་ཞིང་འབྲོག་རིག་གནས་ལག་རྩལ་སློབ་གྲྭ། རྔ་པ་ཁུལ་མཛོད་དགེ་བོད་ཡིག་སློབ་འབྲིང་བཅས་སྔ་ཕྱིར་བཙུགས་ཏེ། དགོས་མཁོའི་ཆ་རྐྱེན་ཤིན་ཏུ་ཞན་པ་དང་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་སོགས་ཀྱི་དཀའ་ངལ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་དེ་བོད་ཀྱི་རིག་གནས་སློབ་གསོའི་བྱ་བཞག་རྒྱ་ཆེན་པོ་གནང་བའི་མཛད་རྗེས་ལ་བརྟེན་ནས། ཁོང་ལ་གངས་ཅན་བོད་ཀྱི་སློབ་གསོ་བ་ཆེན་མོ་དང་། རྩྭ་ཐང་གི་ཁུང་ཙི། རྩྭ་ཐང་གི་ཉི་མ་ཞེས་པ་སོགས་ཀྱི་མཚན་སྙན་རྒྱས།
ཁོང་གིས་སློབ་གསོའི་ལས་དོན་རྒྱ་ཆེར་བསྒྲུབས་པའི་བརྒྱུད་རིམ་ཁྲོད་ནས་ཡུལ་དུས་གནས་བབས་དང་འཚམས་ཤིང་མི་རིགས་དང་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བའི་སློབ་གསོའི་ཐབས་ལམ་ཁྱད་པར་བ་ཞིག་གསར་གཏོད་མཛད་ཡོད། སློབ་གསོའི་ཐབས་ལམ་དེ་ལ་ཉི་མའི་སློབ་གསོའི་ཐབས་ལམ་ཞེས་གྲགས་ཤིང་། དེ་ལ་ཕྱོགས་དུ་མ་ནས་ཁྱད་ཆོས་དུ་མ་བགྲང་རྒྱུ་ཡོད་པ་དང་། ཁྱད་ཆོས་དེ་དག་རེ་རེ་བཞིན་ང་ཚོས་མུ་མཐུད་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པ་ཤ་སྟག་ཡིན། ཁྱད་ཆོས་གང་དག་ཡོད་ཅེ་ན།
༡ ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་དར་བའི་བོད་ཀྱི་སྐད་ཡིག་དང་རིག་གནས་ཕུན་སུམ་ཚོགས་པ་རྣམས་བསླབ་གཞི་གཙོ་བོར་བཟུང་ཐོག སྐད་ཡིག་གཞན་དང་རིག་གནས་གཞན་དག་ཀྱང་མཉམ་དུ་སློབ་པ་དང་། སློབ་སྦྱོང་གི་འགྲོ་སྟངས་ནི་སྔ་མོའི་སློབ་སྦྱོང་གི་ལམ་སྲོལ་དང་མི་འདྲ་བར་དེང་དུས་ཀྱི་སློབ་གསོའི་འགྲོ་ལུགས་གསར་པ་ཞིག་ཏུ་རྣམ་པ་བསྒྱུར་ནས། སློབ་ཆུང་ནས་སློབ་འབྲིང་དང་། སློབ་འབྲིང་ནས་སློབ་ཆེན་བཅས་སུ་རིམ་པར་རྒྱུགས་སྤྲོད་ཀྱིས་འགྲོ་ཐུབ་པའི་ཁྱད་ཆོས་དང་ལྡན་ཞིང་། ད་སྐབས་ཀྱི་སྐད་གཉིས་སློབ་གསོའི་ཐབས་ལམ་དང་པོ་ཞེས་པའང་ཁྱད་ཆོས་འདི་དང་ངོ་བོ་གཅིག་ཏུ་གྲུབ།
༢ སློབ་སྦྱོང་གི་འགྲོ་ལུགས་དེ་ལ་ས་གནས་རོང་འབྲོག་གི་འཚོ་བ་དང་ལས་རིགས། གོམས་སྲོལ་སོགས་ཀྱི་ཁྱད་ཆོས་དང་། ཡུན་རིང་གི་ལོ་རྒྱུས་དང་རིག་གནས་ཕུན་སུམ་ཚོགས་པ་ཡོད་པའི་བོད་མི་རིགས་ཀྱི་ཁྱད་ཆོས། ད་ལྟའི་དུས་རབས་གསར་པའི་ཤེས་བྱ་ཚན་རིག་ལག་རྩལ་སོགས་ཀྱི་སློབ་ཚན་དང་རྒྱུགས་སྤྲོད་ཀྱི་འགྲོ་ལུགས་གསར་པ་སོགས་ཀྱི་ཁྱད་ཆོས་ཏེ། ས་གནས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས། དེང་རབས་ཀྱི་ཁྱད་ཆོས་གསུམ་དང་ལྡན།
༣ ཁྱད་ཆོས་དེ་དག་ཟུང་འབྲེལ་དོན་འཁྱོལ་ཡོང་བའི་ཐབས་སུ། བོད་ལུགས་ཕྱུགས་བཅོས་སྨན་ཁང་དང་། ལྔ་བདུན་སློབ་གྲྭའམ་ཞིང་འབྲོག་རིག་གནས་ལག་རྩལ་སློབ་གྲྭ། བོད་ཡིག་འབྲིང་རིམ་སློབ་གྲྭ་བཅས་ས་གནས་གཅིག་ཏུ་སྤྱིའི་བཀོད་འདོམས་གཅིག་གི་འོག་འདབས་འབྲེལ་དུ་བཙུགས་ཏེ་ཕན་ཚུན་མཉམ་འབྲེལ་དང་མ་ལག་གཅིག་བསྒྲིལ་གྱིས་རིག་གནས་སློབ་གསོ་སྤེལ་བ་སྟེ། ལྔ་བདུན་སློབ་གྲྭའམ་ལག་རྩལ་སློབ་གྲྭའི་དམའ་རིམ་འཛིན་གྲྭ་ནས་བོད་ཀྱི་སྐད་ཡིག་གི་རྨང་གཞི་བསླབས་ཏེ་བོད་ཡིག་སློབ་འབྲིང་དུ་བཏང་། བོད་ཡིག་སློབ་འབྲིང་ནས་མཐར་ཕྱིན་པ་རྣམས་མང་ཆེ་བ་སློབ་གྲྭ་ཆེན་མོར་བཏང་བ་དང་། ཁག་ཅིག་སླར་ཡང་ལག་རྩལ་སློབ་གྲྭའི་མཐོ་རིམ་འཛིན་གྲྭར་བཏང་ནས་ཕྱུགས་བཅོས་གསོ་རིག་སོགས་ཀྱི་རིག་གནས་དང་ལག་རྩལ་བསླབས། གསོ་རིག་གི་ལག་རྩལ་དེ་དག་ཕྱུགས་བཅོས་སྨན་ཁང་དུ་ཚོད་ལྟ་དང་ལག་བསྟར་བྱེད་དུ་བཅུག་པ་སོགས་གཅིག་ཕན་གཅིག་གྲོགས་ཀྱི་སློབ་གསོའི་མ་ལག་དེ་གསུམ་གཞི་གཅིག་ཏུ་འདུ་བར་མཛད་པས་གཞི་གསུམ་གཅིག་གྲུབ་དང་། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན།
༤ སློབ་གསོའི་བརྒྱུད་རིམ་དང་མ་ལག་དེའི་ཁྲོད་དུ་ལོ་ཆུང་རྣམས་ལ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་རྨང་གཞི་གཙོར་བྱས་པའི་སྤྱིར་བཏང་སློབ་གསོ་སྟེ་དམའ་རིམ་དང་འབྲིང་རིམ་གྱི་སློབ་གསོ་ཐོབ་པར་མཛད་པ་དང་། དར་མ་རྣམས་ལ་ལས་རིགས་ལག་རྩལ་གྱི་སློབ་གསོ་ཐོབ་པར་མཛད་པས། དེ་ལ་སྤྱིར་བཏང་སློབ་གསོ་དང་། དར་མའི་སློབ་གསོ། ལས་རིགས་ལག་རྩལ་གྱི་སློབ་གསོ་གསུམ་གྱི་ཁྱད་ཆོས་ཀྱང་ལྡན་པ་བཅས་ཁྱད་ཆོས་དམིགས་བསལ་བ་དུ་མ་འཛོམས་པའི་སློབ་གསོའི་ཐབས་ལམ་ཁྱད་པར་བ་དེ་འདྲ་ཞིག་ལ་ཉི་མའི་སློབ་གསོའི་ཐབས་ལམ་ཞེས་གྲགས་ཤིང་། དེ་ལ་ཉི་མའི་སློབ་ཁྲིད་ཐབས་ལམ་དང་། ཉི་མའི་སློབ་སྒྲུབ་ཐབས་ལམ། ཉི་མའི་སློབ་གཉེར་ཐབས་ལམ། ཉི་མའི་སློབ་གསོའི་དགོངས་པ་ཞེས་འབོད་སྲོལ་ཡང་ཡོད།
མི་རིགས་གང་ཞིག་ཡིན་ཡང་དེའི་ཡར་རྒྱས་ཀྱི་གཞི་རྩ་ནི་སློབ་གསོ་ལ་ཐུག་ཡོད་ཅིང་། དེའང་མི་རིགས་སྤྱི་དང་འཛམ་གླིང་སྤྱིའི་སློབ་གསོ་སྤྱི་ཙམ་པའམ་ཐུན་མོང་བ་ཁོ་ན་ལས་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སློབ་གསོ་གང་ཡང་མེད་ཚེ་དེ་ལ་མི་རིགས་ཀྱི་སློབ་གསོ་ཞེས་པའི་མིང་ཡང་མི་ཐོགས་ལ། མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་ཐུབ་ཐབས་གཏན་ནས་མེད་པས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསོ་སྤེལ་རྒྱུ་ཤིན་ཏུ་གལ་ཆེ། དེར་བརྟེན། ཉི་མའི་སློབ་གསོའི་ཐབས་ལམ་གྱི་ཁྱད་ཆོས་སྤྱི་དང་ལྷག་པར་མི་རིགས་གཞན་གྱི་སྐད་ཡིག་ཙམ་མ་གཏོགས་སློབ་ཚན་གཞན་ཐམས་ཅད་བོད་ཀྱི་སྐད་དང་ཡི་གེའི་ལམ་ནས་སློབ་ཁྲིད་བྱེད་པའི་ཁྱད་ཆོས་ཏེ། ད་ལྟ་སློབ་གསོའི་ཐབས་ལམ་དང་པོ་ཞེས་འབོད་བཞིན་པ་དང་གཅིག་མཐུན་དུ་གྲུབ་པ་འདི་ཉིད་ཁོང་གིས་མི་རིགས་སློབ་གསོའི་རྩ་གནད་དུ་བཟུང་ནས་ཐོག་མཐའ་བར་གསུམ་དུ་ཕྱག་བསྟར་རྒྱུན་འཁྱོངས་ཀྱིས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོན་པ་ཞིག་མཛད་ཡོད་པས། འདི་ཉིད་མུ་མཐུད་གཙིགས་སུ་བཟུང་ནས་སློབ་ཚན་འཆར་བཀོད་དང་གཏན་འབེབས། སློབ་ཁྲིད་བྱེད་སྟངས། རྒྱུགས་སྤྲོད་ཀྱི་འགྲོ་ལུགས་སོགས་སློབ་གསོའི་བྱེད་ཐབས་དང་ལག་ལེན་གྱི་བརྒྱུད་རིམ་གང་འདྲ་ཞིག་ཏུའང་ཁྱད་ཆོས་འདི་དང་ནམ་ཡང་མ་བྲལ་བ་བྱེད་རྒྱུ་ཤིན་ཏུ་གལ་ཆེ། ཁྱད་ཆོས་འདི་མ་བོར་ཚེ་ཁྱད་ཆོས་གཞན་རྣམས་ཀྱང་ཕལ་ཆེར་རང་བཞིན་གྱིས་འཛོམས་ཐུབ་སྙམ།
དྲི་བ་གསུམ་པ། ཨ་ཁུ་ཉི་མའི་སློབ་མ་མང་པོ་ཞིག་གིས་ད་ལྟ་བོད་སྤྱི་ཚོགས་ནང་བོད་ཡིག་བོད་སྐད་ལ་བརྟེན་ནས་རང་གི་མི་རིགས་ལ་ཕན་པའི་ལས་དོན་རླབས་པོ་ཆེ་སྒྲུབ་བཞིན་འདུག ཡིན་ནའང་ད་སྐབས་སྤྱི་ཚོགས་ཐོག་མི་མང་པོ་ཞིག་གིས་བོད་ཡིག་སྦྱངས་ན་མདུན་ལམ་མེད་པ་དང་ལས་ཀ་མི་རྙེད་ལ། ཐ་ན་འཚོ་ཐབས་ཙམ་ལའང་མི་ཕན་ཞེས་ཤོད་བཞིན་འདུག ཁྱོད་ཀྱིས་འདིའི་ཐད་ལ་ཅི་བསམ་གྱི་འདུག
ལན། བོད་ཡིག་སྦྱངས་ན་མདུན་ལམ་མེད་ཟེར་བ་དང་ལས་ཀ་མི་རྙེད་ཟེར་བ་སོགས་ནི་རྒྱུ་རྐྱེན་རིགས་གཉིས་ལ་བརྟེན་ནས་ཤོད་ཀྱི་ཡོད་པ་ལྟ་བུར་མཐོང་། རིགས་གཅིག་ནི་ད་ལྟའི་བོད་ཕྱི་ནང་གི་མིག་སྔའི་དཀའ་ངལ་ལ་བལྟས་ནས་ཤོད་བཞིན་པ་སྟེ། བོད་ནང་དུ་རྒྱ་ནག་གི་སྲིད་ཇུས་དབང་གིས་བོད་ཡིག་གི་སློབ་སྦྱོང་དང་བོད་ཡིག་གི་བྱ་བཞག་ཆ་ཚང་བ་ཞིག་བཀོད་སྒྲིག་བྱེད་པའི་རང་དབང་དང་འབད་སྒྲུབ་བྱེད་པའི་རང་དབང་མེད་པར་ཚད་བཀག་མང་པོ་བཟོས་ཡོད་པས་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁ་དོན་མི་མཚུངས་པའི་སྲིད་ཇུས་ཤིག་བཟུང་སྟེ། བོད་མི་རིགས་རྩ་མེད་བཟོ་ཐབས་སུ་བོད་ཀྱི་ཆོས་དང་རིག་གཞུང་མེད་པར་བཟོ་ཐབས་དང་། དེ་དག་གི་རྩ་བ་བོད་ཀྱི་སྐད་ཡིག་མེད་པར་བཟོ་ཐབས་སུ། བོད་ཡིག་སྦྱངས་ན་མདུན་ལམ་མེད་ཅེས་པའི་སྐད་ཆ་དངོས་སུ་ཤོད་ཀྱི་ཡོད་པས། ད་སྐབས་སྐད་ཆ་འདི་ནི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གཡོ་ཇུས་ལས་བྱུང་བ་ཞིག་ཀྱང་ཆགས་ཡོད་པས་བོད་མི་ཚོས་སྐད་ཆ་འདི་སྒྲོག་པའི་འོས་མ་ཡིན་སྙམ།
བོད་ཕྱི་ལོགས་སུ་བོད་མི་རྣམས་རྒྱལ་ཁབ་གང་སར་སྐྱབས་བཅོལ་གྱིས་ཁ་འཐོར་དུ་གནས་པས་སློབ་སྦྱོང་དང་བྱ་བ་ཐམས་ཅད་རྒྱལ་ཁབ་དེ་དང་དེའི་སྐད་ཡིག་ལ་མ་བརྟེན་ཐབས་མེད་ཀྱིས་བོད་ཡིག་བོད་སྐད་སློབ་སྦྱོང་དང་བཀོལ་སྤྱོད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་བཅས་བོད་ཕྱི་ནང་གི་ད་ལྟའི་དཀའ་ངལ་འདི་དག་ལ་བལྟས་ནས་ཤོད་བཞིན་ཡོད་པ་འདྲ། བོད་ནང་གི་དཀའ་ངལ་ནི་གཙོ་བོར་ཆབ་སྲིད་ལ་བརྟེན་ནས་བྱུང་ཞིང་། ཆབ་སྲིད་ནི་ནམ་ཡང་བརྟན་པོ་མེད་པར་འགྱུར་ལྡོག་ཆེ་བ་ཞིག་ཡིན་པས། ནམ་ཞིག་བོད་རང་དབང་ཐོབ་པ་སོགས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་དུས་དཀའ་ངལ་འདི་མེད་པར་འགྱུར་རྒྱུ་རེད། བོད་ཕྱི་ལོགས་ཀྱི་དཀའ་ངལ་ཡང་གཙོ་བོར་དེ་དང་འབྲེལ་བ་ཆགས་ཡོད་པས་དཀའ་ངལ་དེ་དག་ནི་གནས་སྐབས་ཀྱི་དཀའ་ངལ་ཞིག་ཡིན་པ་དང་སྔ་འཕྱི་ཙམ་མ་གཏོགས་སེལ་ཐུབ་ངེས་སྙམ།
རྒྱུ་རྐྱེན་རིགས་གཞན་ཞིག་ནི། བོད་ཡིག་གི་རིན་ཐང་མ་རྟོགས་པ་དང་བོད་ཡིག་དང་འབྲེལ་བའི་དུས་རབས་ཀྱི་ཁ་ཕྱོགས་མ་མཐོང་བས་བབ་ཅོལ་དུ་སྨྲ་བ་ཞིག་སྟེ། མི་རིགས་གང་དང་གང་གི་སྐད་ཡིག་ནི་མི་རིགས་དེ་དང་དེའི་བླ་སྲོག་ཡིན་པ་ལྟར་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་པར་མ་ཟད། བོད་ཡིག་ནི་འཛམ་གླིང་སྟེང་གི་ཡིག་རིགས་རྩ་ཆེན་དང་སྔོན་ཐོན་གྱི་གྲས་ཤིག་ཡིན་པ་དང་། འགྲོ་བ་མིའི་བདེ་སྐྱིད་ཀྱི་གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་འཐོབ་པར་བྱེད་པའི་ཐབས་ཚུལ་གཞན་འགྲན་མེད་པ་ནང་པ་སངས་རྒྱས་པའི་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ་རྣམས་སློབ་སྦྱོང་དང་ཉམས་ལེན་བྱེད་པའི་བརྒྱུད་ལམ་མམ་རྟེན་གཞིའི་སྐད་ཡིག་ལེགས་ཤོས་ནི་བོད་ཀྱི་སྐད་ཡིག་འདི་ཡིན་པས། བོད་ཡིག་ནི་བོད་མི་རྐྱང་པ་ཙམ་དང་འབྲེལ་བའི་ཡི་གེ་ཞིག་མིན་པར་འགྲོ་བ་མི་སྤྱི་ལ་ཕན་ཐོགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ཡོད་པའི་ཡི་གེ་ཞིག་ཡིན། དེའི་དབང་གིས་བོད་ཡིག་ལ་སློབ་སྦྱོང་དང་། ཞིབ་འཇུག དར་སྤེལ་བྱེད་མཁན་གྱི་སྒྲིག་འཛུགས་དང་། སློབ་གྲྭ། དགོན་སྡེ། མཁས་པ་སོགས་འཛམ་གླིང་གི་རྒྱལ་ཁབ་གང་སར་ལོ་རེ་ཞིང་ཇེ་མང་དུ་འགྲོ་བཞིན་ཡོད་པས། དུས་རབས་གསར་པའི་ནང་བོད་ཡིག་གི་སྤྱོད་སྒོ་ཇེ་ཆེ་དང་། ཁྱབ་རྒྱ་ཇེ་ཆེ། རིན་ཐང་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན། བོད་ཡིག་སྦྱངས་ན་མདུན་ལམ་ཡོད་མེད་ལ་ཐེ་ཚོམ་མི་དགོས་པ་ལྟ་བུ་ཡིན།
བོད་ཡིག་སྦྱངས་ན་མདུན་ལམ་ཡོད་པའི་དཔེ་མཚོན་མང་པོ་ཡོད་པ་ལས་འདིར་སྐབས་སུ་བབས་པ་སློབ་དཔོན་ཨ་ཁུ་ཉི་མ་མཆོག་ལ་མཚོན་ན་ཁོང་གིས་གནས་ཚུལ་དེ་ར་སྤྲོད་གསལ་པོ་གནང་ཡོད་དེ། སྤྱིར་བོད་ཀྱི་མཁས་པ་ཐམས་ཅད་བོད་ཡིག་སྦྱངས་ནས་མཁས་པར་གྱུར་པ་ཤ་སྟག་ཡིན་པ་ལྟར། ཨ་ཁུ་ཉི་མ་མཆོག་མཁས་པར་གྱུར་པ་དང་། མཛད་འཕྲིན་རྒྱས་པ། མཚན་སྙན་རྒྱས་པ་སོགས་ནི་ཁོང་གིས་བོད་ཡིག་སྦྱངས་པ་ལ་བརྟེན་ནས་བྱུང་ཞིང་། ཁོང་གིས་དགེ་བཤེས་ལྷ་རམས་པའི་དམ་བཅའ་དང་རིག་གནས་བཅུའི་དམ་བཅའ་བཞག་པ་དང་། བོད་མི་རིགས་ཀྱི་རིག་གནས་སློབ་གསོ་དར་སྤེལ་རྒྱ་ཆེན་པོ་བཏང་བ། བོད་ལུགས་ཀྱི་ཕྱུགས་ནད་གསོ་བ་རིག་པའི་ཤིང་རྟའི་སྲོལ་གསར་དུ་ཕྱེས་པ་སོགས་ནི་བོད་ཡིག་ལ་བརྟེན་ནས་གནང་བ་ཤ་སྟག་ཡིན། དེ་བཞིན་དུ་ཁོང་གི་དངོས་སློབ་དང་ཡང་སློབ་སྟོང་ཕྲག་མང་པོས་བོད་ཡིག་སྦྱངས་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་མཐར། སློབ་གྲྭའི་དགེ་རྒན་དང་། སློབ་སྤྱི། སྨན་པ། རྩོམ་སྒྲིག་པ། ཡིག་སྒྱུར་བ། ཞུ་དག་པ། གསར་འགོད་པ། དགོན་པའི་མཁན་པོ། དགོན་པའི་འགན་འཛིན། དགེ་བཤེས། སྲིད་གཞུང་གི་ལས་ཁུངས་འདྲ་མིན་གྱི་འགོ་ཁྲིད་དང་ལས་བྱེད་སོགས་ལས་རིགས་སྣ་ཚོགས་ཁྲོད་རང་གི་མདུན་ལམ་ཙམ་མ་ཟད་གཞན་གྱི་མདུན་ལམ་ལའང་ཕན་པའི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་ལྟ་བུའོ།།
ལར་ནས་བོད་ཡིག་སྦྱོང་བ་ནི་རང་གི་མི་ཚེའི་མདུན་ལམ་དང་རང་གི་འཚོ་ཐབས་ཙམ་གྱི་ཆེད་དུ་དམིགས་པ་དང༌། རང་གི་མི་རིགས་ཀྱི་ཆེད་དུ་དམིགས་པ། རང་གི་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་དམིགས་པ། དེའང་འགྲོ་བ་མི་སྤྱིའི་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་གྱི་ཆེད་དུ་དམིགས་པ་སོགས་དམིགས་ཡུལ་འཛིན་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པ་ལྟར། ད་ལྟའི་བོད་མི་ཚོས་རང་ཉིད་ཁོ་ན་ཙམ་ལ་མི་དམིགས་པར་རང་གི་མི་རིགས་སོགས་རྒྱ་ཆེ་ས་ལ་བསམ་བློ་གཏོང་དགོས་པ་ནི་ད་ལྟའི་བོད་གངས་ཅན་པའི་ལས་དབང་གིས་བསྐུར་བའི་འགན་འཁྲི་ཞིག་ཡིན་པ་དང་། དེ་བཞིན་དུ་མདུན་ལམ་དང་ལས་ཀ་རག་མིན་ཞེས་པའང་རྒྱུན་དུ་གཞན་གྱི་ས་ནས་རག་དགོས་པ་ཞིག་དང་གཞན་བརྟེན་གྱི་བསམ་བློ་ཁོ་ནས་འཚོལ་དགོས་པ་ཞིག་མིན་པར། གཙོ་བོར་རང་ངོས་ནས་འཚོལ་སྒྲུབ་དང་གསར་སྐྲུན་བྱས་ཏེ་རང་གི་མདུན་ལམ་རང་གིས་བཟོ་དགོས་པ་དང་རང་གི་ལས་ཀ་རང་གིས་བཀོད་སྒྲིག་བྱེད་དགོས་པ་ཞིག་ཡིན་ཞེས་མཁས་པ་དག་གིས་གསུང་བཞིན་པ་འདི་དག་ཀྱང་ཤེས་དགོས་པ་གལ་ཆེ་སྙམ།
དྲི་བ་བཞི་པ། ཨ་ཁུ་ཉི་མའི་བྱས་རྗེས་ལ་ཕྱིར་དྲན་བྱས་ནས་ཁོང་གི་བསམ་བློ་དེ་མུ་མཐུད་དུ་གནས་པར་ང་ཚོས་ད་ལྟ་སྒྲུབ་དགོས་པ་དང་སྒྲུབ་ཐུབ་པའི་ལས་ཀའམ་ཡང་ན་བསླབ་བྱ་གང་དག་ལེན་རྒྱུ་ཡོད་དམ།
ལན། ཁོང་གི་སློབ་གསོའི་ཐབས་ལམ་དེ་དག་ནི་ཁོང་གི་རྒྱ་ཆེ་བའི་མཛད་འཕྲིན་གྱི་སྙིང་པོ་དང་། རླབས་ཆེ་བའི་ཐུགས་དགོངས་ཀྱི་གཙོ་བོ་ཡིན་ལ། རྔ་པ་དང་མཛོད་དགེ་ཁུལ་གྱི་སློབ་གསོ་ཙམ་མིན་པར་བོད་མི་རིགས་སྤྱིའི་རིག་གནས་སློབ་གསོ་མི་ཉམས་གོང་འཕེལ་འགྲོ་བའི་ཐབས་ཚུལ་བླ་ན་མེད་པ་ཞིག་ཡིན་པས། དེ་ཐམས་ཅད་མུ་མཐུད་རྒྱུན་འཛིན་དང་ཡར་རྒྱས་གཏོང་དགོས་པ་ནི་འབྲེལ་ཡོད་ཡོངས་ཀྱི་འགན་འཁྲི་གཡོལ་དུ་མེད་པ་ཞིག་ཡིན་ལ། དེ་དག་རྒྱུན་གནས་ཐུབ་ཆེད་ང་ཚོས་བསྒྲུབ་དགོས་པ་དང་བསྒྲུབ་ཐུབ་པ་གཙོ་བོ་ནི།
༡ ཁོང་གི་སློབ་གསོའི་ཐབས་ལམ་དེ་དག་བོད་མིའི་སྤྱི་ཚོགས་དང་། སློབ་གྲྭ་ཁག གཞུང་གི་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་སོགས་ལ་ངོ་སྤྲོད་དང་འགྲེལ་བཤད་བརྒྱབས་ཏེ། ཉི་མའི་སློབ་གསོའི་ཐབས་ལམ་ཞེས་པ་ཅི་འདྲ་ཞིག་ཡིན་མིན་དང་། དེ་ལ་དགེ་མཚན་དང་ཁྱད་ཆོས་ཅི་འདྲ་ཞིག་ཡོད་མེད་སོགས་ཀྱི་ཚུལ་འབྲེལ་ཡོད་ཀུན་གྱིས་གསལ་པོར་མཁྱེན་ཐུབ་པ་བཟོ་དགོས།
༢ ཁོང་གི་སློབ་གསོའི་ཐབས་ལམ་ལ་བརྟེན་ནས་ཁོང་གི་སྐུ་ཚེའི་རིང་གྲུབ་འབྲས་རྒྱ་ཆེན་པོ་བྱུང་ཡོད་པ་དང་། དེའི་རྗེས་ནས་ད་ལྟའང་མུ་མཐུད་གྲུབ་འབྲས་ལེགས་པོ་འབྱུང་བཞིན་ཡོད་པ་སོགས་དེའི་ཕན་འབྲས་སྐོར་ཡོངས་ཁྱབ་ཏུ་ངོ་སྤྲོད་བྱེད་དགོས་པ་དང་། མ་འོངས་པར་ཡང་མུ་མཐུད་ལག་ལེན་གྱི་ཐོག་ནས་གྲུབ་འབྲས་བཟང་པོ་སྟོན་ཐུབ་པ་ཞིག་བྱེད་དགོས།
༣ ཁོང་གི་སློབ་གསོའི་ཐབས་ལམ་རྒྱུན་འཛིན་གྱིས་སློབ་གསོའི་ལས་དོན་སྒྲུབ་པ་ནི་དུས་བབ་དང་འཚམས་ཤིང་རྒྱ་ནག་གི་ཁྲིམས་དང་མཐུན་པ་ཞིག་ཀྱང་ཡིན་པས། ཚུལ་འདིའང་རང་གཞན་ཀུན་གྱིས་ཤེས་པར་བྱེད་རྒྱུ་གལ་ཆེ་ལ། ཁྲིམས་ཀྱི་འགན་སྲུང་ཡོད་པའི་སྒོ་ནས་བསྒྲུབས་ན་ལས་དོན་བརྟན་པོ་དང་ཕན་ནུས་ཐོན་པ་ཞིག་འོང་ངེས་པས། ཁོང་གི་སློབ་གསོའི་ཐབས་ལམ་འདི་ཁྲིམས་ཀྱི་འགན་སྲུང་ཡོད་པའི་སྒོ་ནས་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ་སྙམ། དེའང་རྒྱ་ནག་གི་རྩ་ཁྲིམས་སོགས་ཀྱི་ནང་མི་རིགས་སོ་སོར་རང་གི་སྐད་དང་ཡི་གེ་སློབ་སྦྱོང་དང་། བཀོལ་སྤྱོད། དར་སྤེལ་གཏོང་བའི་རང་དབང་ཡོད་པ་དང་། དེ་ལ་སྲིད་གཞུང་གིས་འགན་སྲུང་བྱེད་དགོས་པ། སྲིད་གཞུང་གིས་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་དགོས་པ་སོགས་ཁྲིམས་ཀྱི་རང་བཞིན་དུ་གཏན་འབེབས་བྱས་ཡོད། (མཆན། ཁྲིམས་ལུགས་སྐོར་གཤམ་དུ་བཀོད་ཡོད་པས་དེར་གཟིགས།) དེར་བརྟེན། ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། དེང་རབས་ཀྱི་ཁྱད་ཆོས་སོགས་ཁྱད་ཆོས་དུ་མ་དང་ལྡན་པའི་ཉི་མའི་སློབ་གསོའི་ཐབས་ལམ་འདི་ཉིད་ཚུལ་བཞིན་ལག་ལེན་དུ་བསྟར་ན་བོད་ཀྱི་སྐད་ཡིག་ཁྱབ་གདལ་དང་བཀོལ་སྤྱོད་ཚད་ལྡན་བྱེད་ཐུབ་པ་དང་། བོད་མི་རིགས་ཀྱི་རིག་གནས་སློབ་གསོ་འཕེལ་རྒྱས་འགྲོ་ཐུབ་པས། འདི་ནི་རྒྱ་ནག་གི་ཁྲིམས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པ་ཞིག་ཡིན་པ་དང་། དེ་ལས་ལྡོག་སྟེ་མི་རིགས་གཞན་གྱི་སྐད་ཡིག་གི་ལམ་ནས་གཙོ་བོར་སློབ་པའི་ལམ་དུ་བསྐྱོད་ཚེ་བོད་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་ཞེས་པ་གཞི་མེད་དུ་འགྱུར་རྒྱུ་དང་། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་ཕུན་སུམ་ཚོགས་པར་གཏོང་རྒྱུ་ཞེས་པ་ནི་དོན་གྱིས་དབེན་པའི་ཚིག་སྟོང་པ་ཞིག་ཏུ་འགྱུར་ངེས། དེས་ན། ད་སྐབས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་དགོས་ཞེས་རྒྱ་ཆེར་སྒྲོག་བཞིན་པ་ལྟར་མི་རིགས་ཀྱི་སློབ་གསོའང་ཁྲིམས་ལྟར་སྤེལ་ཐུབ་ན་ལེགས་པས། སློབ་དཔོན་ཨ་ཁུ་ཉི་མའི་ཐུགས་ཀྱི་དགོངས་གཞི་དང་སློབ་གསོའི་ཐབས་ལམ་འདི་ཉིད་འབྲེལ་ཡོད་ཁྲིམས་ལུགས་དང་ཡོངས་སུ་མཐུན་པར་མ་ཟད། ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ནའང་མི་རིགས་སློབ་གསོ་ནི་ཐབས་ལམ་འདི་འདྲ་ཞིག་གི་སྒོ་ནས་སྤེལ་དགོས་ངེས་ཡིན་པའི་གནས་སྟངས་བཅས་གཞིར་བཟུང་ནས། ཁོང་གི་སློབ་གསོའི་ཐབས་ལམ་འདི་ཁྲིམས་ཀྱི་འགན་སྲུང་ཡོད་པའི་སྒོ་ནས་མུ་མཐུད་རྒྱུན་འཁྱོངས་དང་ཡར་རྒྱས་གཏོང་ཐུབ་པ་ཞིག་གནང་དགོས་པའི་འབོད་སྐུལ་དང་གནང་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།།
འདི་ནི་ཉེ་ཆར་སྐར་ཁུང་ཞེས་པའི་གཏམ་གླེང་ལེ་ཚན་ནང་རང་ཉིད་ཀྱིས་ལན་དུ་བརྗོད་པ་རྣམས་འདིར་ཡི་གེར་ཕབ་སྟེ། དགེ་བའི་བཤེས་གཉེན་དམ་པ་ཁོང་གི་སློབ་གསོའི་མཛད་རྗེས་ཀྱི་བཀའ་དྲིན་རྗེས་དྲན་དུ། སློབ་བུ་འབྲིང་བ་འཇིགས་མེད་ཀྱིས་༸ཁོང་གི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་སྟེ། ༢༠༢༡།༥།༡༨ ཉིན་ཕུལ་བའོ། །
(མཆན།) དཔེར་ན། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་བཞི་པར། “མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང་། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་འཛིན་སྐྱོང་ངམ་བསྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད།” ཅེས་དང་། དོན་ཚན་བརྒྱ་དང་བཅུ་དགུ་པར། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་བཞག་རྣམས་ལ་རང་ཐག་རང་གཅོད་ཀྱི་སྒོ་ནས་དོ་དམ་བྱ་རྒྱུ་དང་། མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ལེགས་སྒྲིག་བྱ་རྒྱུ། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་ཕུན་སུམ་ཚོགས་པར་གཏོང་རྒྱུ།” ཞེས་དང་།
མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་བཅུ་པར། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང་། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་སུ་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།” ཞེས་དང་། དོན་ཚན་སོ་བདུན་པར། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱི་སྒོ་ནས་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་བཏང་སྟེ་ཡིག་རྨོངས་བསལ་རྒྱུ་དང་། སློབ་གྲྭ་སྣ་ཚོགས་འཛུགས་རྒྱུ།” ཞེས་དང་།
རྔ་པ་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག་དོན་ཚན་གསུམ་པར། “བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གཏོང་རྒྱུ་ནི་རང་སྐྱོང་ཁུལ་གྱི་རང་སྐྱོང་དབང་ཆ་གལ་ཆེན་ཞིག་ཡིན།” ཞེས་དང་། དོན་ཚན་བདུན་པར། “རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བོད་རིགས་སྤྱི་དམངས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་བྱེད་པར་འགན་སྲུང་དང་། མི་རིགས་གཞན་གྱི་སྤྱི་དམངས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་སྐུལ་སྤེལ་གཏང་དགོས།” ཞེས་དང་། དོན་ཚན་བརྒྱད་པར། “རང་སྐྱོང་ཁུལ་གྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེའི་སློབ་ཁྲིད་ལ་ཤུགས་བསྣན་དགོས།” ཞེས་དང་། དོན་ཚན་བཅུ་གཅིག་པར། “རང་སྐྱོང་ཁུལ་གྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་ཁྱབ་གདལ་དུ་གཏོང་བ་དང་བཀོལ་སྤྱོད་ཚད་ལྡན་བྱ་དགོས།” ཞེས་སོགས་མང་དུ་འབྱུང་བ་ལྟ་བུའོ།།