སྟག་ལུང་ཤེས་རབ་རྒྱ་མཚོ།
༄༅།། ལུས་ཅན་སྤྱི་མཐུན་གྱི་རྣམ་པར་དཀར་བའི་ལེགས་བྱས་རིམ་གྱིས་འགྲིབ་སྟེ་སྙིགས་མའི་སྨག་རུམ་སྟུག་པོ་འཐིབ་པའི་དུས་ཀྱི་ཆར་ᨊསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བསྟན་འགྲོ་སྤྱི་ལ་སྨན་པའི་ལམ་སྟོན་གྱི་སྒྲོན་མེ་སྦར་ཏེ་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས་གོ་སྒྲིག་གིས། འཕགས་ཡུལ་བྱང་ཕྱོགས་གནས་ཆེན་དྷ་རམ་ས་ལ་ནས་ᨊགོང་ས་ᨊསྐྱབས་མགོན་ཆེན་པོ་མཆོག་གིས་དབུས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་ངེས་པ་དོན་གྱི་རྒྱལ་བསྟན་འཛིན་པའི་སྐྱེས་ཆེན་དང་། མཁས་པའི་དབང་པོ། རིས་མེད་བཤད་གྲྭ་ཁག་གི་དགེ་བའི་བཤེས་གཉེན། རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེའི་སློབ་གྲྭ་རྣམས་ཀྱི་སློབ་སྤྱི་སོགས་གདན་ཞུས་ཆེད་ཕེབས་ཀྱིས་ཚོམས་ཆེན་གཅིག་ཏུ་འཛོམས་ཏེ་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་བསྐྱེད་སྲིང་མཛད་སྟངས་སྐོར་ལ་མཁས་པའི་བགྲོ་གླེང་ཆེན་མོ་ཚོགས་པའི་དུས་བཟང་ཉིན། རིས་སུ་མ་ཆད་པའི་དགོན་སྡེ་སྤྱིའི་དགེ་འདུན་པ་གྲྭ་གཞོན་རྣམས་དུས་རབས་ཀྱི་འགྲོས་དང་མཐུན་པའི་གནའ་དེང་ཤེས་ཡོན་འདབ་གཤོག་གཉིས་ལྡན་གྱི་མཁས་པ་ཇི་སྙེད་ཅིག་བསྐྱེད་སྲིང་ཆེད། ᨊསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་དགུང་ན་བགྲེས་ཤིང་ཆོས་སྲིད་ལུགས་གཉིས་ཀྱི་མཛད་བྲེལ་ཅི་ཙམ་ཆེ་ནའང་། བགྲང་བྱ་དུ་མའི་རིང་སྐུ་ངལ་ཚད་མེད་གནང་སྟེ་བྱམས་བརྩེ་དང་ཤེས་རབ་ལས་འཁྲུངས་པའི་གླེགས་བམ་རེ་དགུའི་བདག་ཉིད་ཅན་གྱི་<<སློབ་དེབ་བློ་གསལ་མགུལ་རྒྱན་>>དབུ་འབྱེད་མཛད་འཆར་གྱི་འཕྲིན་བཟང་ཁོ་བོའི་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་སྨིན་པ་ན། ཟད་མི་ཤེས་པའི་སྤྲོ་སེམས་རབ་ཏུ་འཁོལ་ཏེ་སློབ་དེབ་བློ་གསལ་མགུལ་རྒྱན་ལས་འཕྲོས་པའི་གཏམ་གླེང་ཆ་ཙམ་བྱེད་པའི་སྐལ་བ་དང་དུ་ལེན་འདོད་བྱུང།
སྤྱིར་ལོ་ཆུང་བྱིས་པའི་ལྷན་སྐྱེས་ཀྱི་སེམས་གཤིས་ནི་དཀར་གཙང་འོད་གསལ་ཞིང་བཟང་སྤྱོད་ཡོན་ཏན་རང་ཆས་སུ་མངའ་བ་ཞིག་ཡིན་ནའང། ཅུང་ནར་སོན་པ་ནས་ཕ་མ་དང་། དགེ་རྒན། གྲོགས། ཡུལ་དུས། ཁོར་ཡུག་སོགས་ཀྱིས་ཤུགས་རྐྱེན་ཀུན་སྤྱོད་ལེགས་ཉེས་ཀྱི་ཆ་རུ་འགྱུར་བ་ནི་དངོས་པའི་ཆོས་ཉིད་ལྟ་བུ་ཞིག་ཏུ་འཁུམས། དྭངས་གཙང་གི་སེམས་གཤིས་ལ་གློ་བུར་བའི་དྲི་མ་འགོས་ཙ་ན། འདོད་རྔམ་དང། ཞེ་སྡང་། ཕྲག་དོག འགྲན་སེམས་སོགས་ཀྱིས་ལོག་ལམ་དུ་ཁྲིད་དེ་མི་སྒེར་དང། སྤྱི་ཚོགས། ཁོར་ཡུག་སོགས་སྣོད་བཅུད་ལ་འཚེ་བའི་ལས་སྣ་ཚོགས་པར་ཞུགས་ནས་བདག་གཞན་གཉིས་ཕོངས་ཀྱིས་ངལ་བ་མི་བཟད་པ་མྱངས་དང་མྱོང་འགྱུར་ནི་དངོས་སྟོབས་ཀྱི་རིག་པས་མི་འགྲུབ་པ་ཞིག་གཏན་ནས་མིན། དེའི་ཕྱིར་ལྷག་བསམ་དང་བློ་གྲོས་ཀྱིས་རབ་ཏུ་ཕྱུག་པའི་མེས་པོ་དམ་པ་དག་གིས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བྱམས་བརྩེ་དང། གཞན་ཕན། དྲང་བདེན་སོགས་གདོད་མའི་སེམས་གཤིས་དང་མཐུན་པའི་མཛེས་དཔྱོད་ལེགས་བྱང་གི་ནུས་སྟོབས་གོང་འཕེལ་དུ་གཏོང་བའི་ཐབས་ལམ་སྣ་ཚོགས་པ་སྤེལ་ཏེ་རིམ་གྱིས་ཤེས་ཡོན་སློབ་སྦྱོང་གི་འགོ་འབུས།
ཕྱི་ལོའི་སྔོན་གྱི་མི་ལོ་བཞི་བརྒྱ་ཙམ་ལ་ཀེ་རི་སི་ 希腊 ནས་སོ་ཀི་ལ་ཏིས་ 苏格拉底 དང་ཁོང་གི་དངོས་སློབ་པོ་ལཱ་ཐོས་ 柏拉图 རྣམ་གཉིས་ཀྱིས་ཤེས་ཡོན་སློབ་སྦྱོང་ལ་ཕོ་མོ་དང་རིགས་རུས་སོགས་ཀྱི་དབྱེ་འབྱེད་མེད་པར་ཐོབ་ཐང་འདྲ་མཉམ་ཡིན་པའི་ལྟ་ཚུལ་བཏོན་ཏེ། ཕྲུ་གུ་སྐྱེ་འཕེལ་དང་། ཕྲུ་གུ་འཚར་ལོངས་ཀྱི་བརྒྱུད་རིམ་དང་འབྲེལ་ནས་ཤེས་ཡོན་སྤྲོད་ཐབས་ལས་བརྩམས་པའི་ཤེས་ཡོན་སློབ་སྦྱོང་གི་ལམ་བུ་ལ་སྔ་ན་མེད་པའི་གསར་བཏོད་མཛད་པས་དེང་གི་ཤེས་ཡོན་ལམ་སྲོལ་གྱི་རྩ་བའི་གཞུང་ཤིང་དུ་གྱུར་ཅིང། སོ་ཀི་ལ་ཏིས་ 苏格拉底 ཁོང་ལ་ནུབ་ཕྱོགས་ཤེས་ཡོན་ལྟ་གྲུབ་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཞེས་མཚན་བསྟོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད།
རོམ་སྤྱི་མཐུན་རིང་ལུགས་ཀྱི་དུས་སྐབས་སུ་ནུབ་ཕྱོགས་སྲོལ་རྒྱུན་ཤེས་ཡོན་སློབ་སྦྱོང་གི་ཁྲིད་ཐབས་རྣམ་གཞག་དང་ལམ་སྲོལ་རྒྱ་ཆེར་ཕྱིན་ཏེ། ཤེས་ཡོན་སློབ་གསོའི་ཞིབ་འཇུག་རྣམ་གཞག་གི་ཆེད་དེབ་ཐོག་མའང་དུས་དེར་བྱུང་བར་ལོ་རྒྱུས་སྨྲ་བ་ཚོས་ངོས་འཛིན་བྱེད་ནའང། དུས་རབས་བཅོ་བརྒྱད་པའི་སྲིད་དོན་ཆེད་མཁས་པ་ལོ་སི་ 罗斯 མཆོག་ནས་པོ་ལཱ་ཐོས་ 柏拉图 ཀྱི་“མེ་སེར་གཞུང་”ཞེས་པའི་ཆེད་དེབ་ལ་སྲིད་མིང་ཙམ་ལས། གཙོ་བོ་མིའི་ལུས་སེམས་ཀྱི་ཡར་རྒྱས་ནི་ཤེས་ཡོན་གྱི་དགོས་དམིགས་ཡིན་ལུགས་བསྟན་ཚུལ་གསུངས་ཡོད། འཛམ་གླིང་གི་ཤེས་ཡོན་སློབ་དེབ་ཐོག་མ་ནི་རྒྱ་ནག་ཀྲན་ཀོའི་དུས་སྔོན་གྱི་ཀྲུའུ་ནུབ་མའི་སྐབས་སུ་ཐོན་པའི་ཕྱེ་ཅེའི 学记 ཞེས་པ་འདི་ཉིད་ཡིན་པར་དེང་གི་ཞིབ་འཇུག་པ་མང་པོས་ཁས་འཆེ་ལ། ལེགས་བཅོས་ཀྱི་བརྒྱུད་རིམ་དང་སྤྱི་ཚོགས་ཀྱི་དགོས་མཁོ་མི་འདྲ་བའི་དབང་གིས་ཤེས་ཡོན་སློབ་སྦྱོང་གི་སྡེ་ཚན་སྣ་ཚོགས་པ་ས་གཞི་རིལ་པོའི་སྒང་དུ་སྤང་ལ་མེ་མཆེད་པ་ལྟར་ཕྱོགས་དང་མུ་མེད་པར་རྒྱ་ཁྱབ་ཏུ་ཕྱིན།
དུས་རབས་བཅུ་གཅིག་པའི་དུས་སྨད་དུ་ཡོ་རབ་ཨི་ཀྲ་ལའི་རྒྱལ་ཁོངས་སུ་འཛུགས་བསྐྲུན་བྱས་པའི་སྤོ་ལོ་ནེའུ་ཡ་སློབ་ཆེན་ 博洛尼亚大学 ཞེས་པ་དེ་ནི་དེང་དུས་དང་མཐུན་པའི་སློབ་ཆེན་སྔ་ཤོས་ཡིན་པ་ནུབ་ཕྱོགས་པ་ཐུན་མོང་གིས་འདོད། དེ་རུ་ཕོ་མོ་དབྱེར་མེད་དང་། སྦྱངས་གཞི་རང་མོས་ཀྱིས་གདམ་གསེས་ཆོག་པ། དཔེ་མཛོད་ཁང། སློབ་མའི་ཉལ་ཁང། སྤྱི་ཐབ། སྨན་ཁང་སོགས་ཕྱི་ནང་གི་མཐུན་རྐྱེན་འཐུས་སྒོ་ཚང་ཤོས་ཀྱི་དཔེ་མཚོན་གལ་ཆེན་ཞིག་ཡིན་པར་གྲགས། ཡོངས་གྲགས་སུ་“འཛམ་གླིང་གི་མ་ཡུམ་སློབ་ཆེན་”ཞེས་གཅིག་མཐུན་དུ་འབོད། དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པའི་ནང་དུ་ཧྤ་རན་སི་ཞིབ་འཇུག་པ་ཨན་ཏི་ལི་ 安德烈 དང་ཕ་ལོ་ཐི་帕罗特 རྣམ་གཉིས་ཀྱིས་རྙེད་སོན་བྱུང་བ་ལྟར་ན། ཕྱི་ལོའི་སྔོན་གྱི་ལོ་ངོ་སུམ་སྟོང་ལྔ་བརྒྱ་ཙམ་ནས་སུའུ་མེར་གྱི་སློབ་གྲྭ་ཨེ་ཏུའུ་པཱ་ ‘‘苏美尔学校‘‘埃杜巴” ཞེས་པ་སློབ་མ་བཞི་བཅུ་ལྷག་ཤོང་ཡུལ་གྱི་སློབ་ཁང་ཚུགས་ཡོད་ཚུལ་གླེང་། ཨེ་ཏུའུ་པཱ་ཞེས་པ་ནི‘‘འདམ་པར་རམ་འདམ་ཁང་”གི་དོན་ལ་གོ་བར་བཤད་འདུག དེ་ནི་གཙོ་བོ་རྒྱལ་པོ་དང་ཆོས་དཔོན་ཚོས་ཆོས་སྲིད་ཀྱི་མཛད་རྗེས་ཟིན་བྲིས་པ་གསོ་སྐྱོང་གི་ཆེད་དུ་དམིགས་པ་ཞིག་ཡིན་པར་བཤད།
དུས་རབས་ལྔ་པའི་ནང་ཤར་ཕྱོག་ཡ་གླིང་རྒྱ་གར་དུ་ནང་བའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དཔལ་ནཱ་ལེནྡྲའམ་རྒྱུན་གྱི་དབང་པོ་ཞེས་པའི་ཆོས་ཀྱི་སྡེ་ཆེ་པོ་ཞིག་དར་འཕེལ་བྱུང་ཞིང་། མཁས་པ་ལ་ལའི་བཞེད་ཚུལ་ལྟར་ན་དེ་ནི་འཛམ་གླིང་གི་ཆེས་གཞི་རྒྱ་ཆེ་ཞིང་འཛུགས་སྐྲུན་སྔ་བའི་སློབ་གྲྭ་ཆེན་མོ་ཞིག་ཡིན་ཚུལ་དང། གཙུག་ལག་སློབ་གཉེར་ཁང་དེ་ཉིད་འཕེལ་རྒྱས་སྐབས་དཔེ་ཁྲིད་དགེ་རྒན་གཅིག་སྟོང་ལྷག་དང། སློབ་མ་ཆིག་ཁྲི་ཙམ་ཞིག་རྒྱུན་དུ་བཞུགས་ནས་འཆད་ཉན་གྱིས་དུས་འདའ་བར་བྱས་ཏེ་གཞུང་ཆེན་བཀའ་པོད་ལྔ་སོགས་ནང་པའི་ལྟ་གྲུབ་གཙོ་བོར་གྱུར་བའི་རིག་བྱེད་དང། ཚད་མ། སྒྲ་རིག་པ། གསོ་བ་རིག་པ་སོགས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་མང་པོ་ལ་ཆེད་སྦྱང་གདམ་གསེས་ཀྱིས་བསླབས་པ་མཐར་སོན་པའི་འཇིག་རྟེན་གྱི་རྒྱན་དུ་གྱུར་པའི་མཁས་དབང་གྲངས་ལས་འདས་པ་བྱུང་ཚུལ་དེབ་ཐེར་སོགས་སུ་གསལ། དེས་ན་འཛམ་གླིང་ཤར་ནུབ་ཀུན་ཏུ་ཤེས་ཡོན་གྱི་བསྟི་གནས་འཛུགས་སྐྲུན་དང་། སློབ་གཉེར་གྱི་ལམ་ལུགས། ནུས་ལྡན་བསྐྱེད་སྲིང་གི་ཐབས་ལམ་གྱི་རྣམ་གཞག་སོགས་སྤྱི་ཚོགས་ཀྱི་ཁེ་ཕན་མི་འདྲ་བའི་དབང་གིས་སྣ་མང་གསར་གཏོད་མཛད་ནའང། མིའི་རིགས་ཀྱི་ཀུན་གཞི་ལ་ལེགས་བྱང་གི་ཡོན་ཏན་གོང་མཐོར་འདེགས་པའི་དགོས་དོན་ནི་སྤྱིའི་ཆ་ནས་ཐུན་མོང་དུ་གྲུབ་ཡོད་པར་སྣང་ངོ་།།
རང་རེ་ལྷོ་རྒྱུད་འཛམ་བུ་གླིང་གི་ཡང་རྩེར་གཞིས་ཆགས་པའི་གངས་རིའི་ར་བས་ཡོངས་སུ་བསྐོར་ཞིང་མཁའ་དབུགས་རྣམ་པར་གཙང་བའི་བོད་བསིལ་མོའི་ལྗོངས་སུ་ཕྱི་ལོའི་དུས་རབས་བརྒྱད་པའི་དཀྱིལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་འཕགས་པའི་ཡུལ་ནས་གྲུབ་པའི་དབང་ཕྱུག་སློབ་དཔོན་པདྨ་འབྱུང་གནས་དང། དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་རྣམ་གཉིས་གདན་དྲངས་ཏེ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེང་སྟེ་ཕྱོགས་བཞི་མཚམས་བརྒྱད་དུ་བཤད་གྲྭ་དང། སྒྲུབ་གྲྭ། བརྡ་སྤྲོད་སོགས་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་དང། སྒྲ་བསྒྱུར་ཞུས་འབེབས་སོགས་སློབ་སྦྱོང་གི་སྡེ་ཚན་སྣ་མང་འཛོམས་པའི་ཤེས་ཡོན་གྱི་དཔལ་ཡོན་མངོན་པར་མཐོ་བའི་བསྟི་གནས་ཁྱད་འཕགས་ཤིག་འཛུགས་བསྐྲུན་གནང། གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེ་ནི་བོད་ཀྱི་སློབ་གྲྭ་ཐོག་མ་དང་། སྦ་གསལ་སྣང་སོགས་སད་མི་བདུན་བོད་ཀྱི་སློབ་མ་དང་པོ་ཡིན་པ་དང། དུས་དེ་ནས་བོད་གངས་ཅན་གྱི་ལྗོངས་སུ་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་སློབ་གཉེར་གྱི་ལམ་ལུགས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཚུལ་དེང་གི་ལོ་རྒྱུས་སྨྲ་བ་དག་གིས་གླེང་ན་ཡང། མཁས་པ་འགས་དུས་རབས་བརྒྱད་པའི་ལོ་རབས་དྲུག་ཅུའི་ནང་སྔ་འགྱུར་ཡོན་ཏན་མགོན་པོས་ཀོང་པོའི་སྨན་ལུང་བྱ་བར་ལྟ་ན་སྡུག་ཅེས་པའི་གསོ་རིག་སློབ་གྲྭ་ཞིག་གསར་དུ་བཙུགས་པ་ནི་བོད་ཀྱི་སློབ་གྲྭ་ཐོག་མ་ཡིན་ཞིང། སློབ་གླིང་དེར་དང་པོ་སློབ་མ་གསུམ་བརྒྱ་ཙམ་འདུས་ཤིང། སློབ་ཡུན་མི་ལོ་བཅུ་དང། སློབ་མཐར་ཕྱིན་རྗེས་དེང་དུས་བཞིན་སོ་སོའི་ཡོན་ཚད་དང་མཐུན་པའི་རབ་འབྱམས་པ་སོགས་མཚན་རྟགས་མི་འདྲ་བ་དུ་མ་གསོལ་སྲོལ་ཡོད་ཚུལ་ཁེས་འཆེ་བས་དཔྱད་པའི་གཞི་རུ་སྣང།
དུས་རབས་བཅུ་གཅིག་པར་རྔོག་ལོ་ཙཱ་བ་ཡབ་སྲས་ཀྱིས་ཆོས་གྲྭ་ཆེན་པོ་གསང་ཕུ་ནེའུ་ཐོག་དགོན་པ་ཕྱག་འདེབས་མཛད་ནས། རྣམ་འགྲེལ་དང། ཕར་ཕྱིན། དབུ་མ་སོགས་ཀྱི་ཤེས་ཡོན་སློབ་སྦྱོང་གི་སྲོལ་བཟང་ཇེ་ལེགས་སུ་ཕྱིན། རིམ་བཞིན་བདེ་བ་ཅན་དང། ཚལ་གུང་ཐང། དགའ་བ་གདོང་སོགས་སུའང་སློབ་གཉེར་ལམ་ལུགས་དར་ནས་ཤེས་ཡོན་སློབ་སྦྱོང་གི་སྤུས་ཚད་དང་འཐུས་སྒོ་སྔར་བས་འཕེལ་རྒྱས་ཕྱིན་ཞིང་། སློབ་མཐར་སོན་པ་དག་ལ་སློབ་སྦྱོང་གི་ཡོན་ཚད་ལ་ལྟོས་པའི་བཀའ་བཞི་བ་དང། བཀའ་བཅུ་བ། རབ་འབྱམས་པ་སོགས་མཚན་གནས་སྤྲོད་པའི་སྲོལ་བཟང་དར་ཚུལ་ལ་གཞིག་ན། ཆོས་ཀྱི་སྡེ་ཆེན་པོ་དེ་དག་ལ་སློབ་གྲྭ་ཞེས་པའི་མིང་དང་ཐ་སྙད་དངོས་སུ་མ་བརྗོད་པ་ཙམ་ལས་དོན་གྱིས་དེང་གི་འཛམ་གླིང་ཤར་ནུབ་ཀྱི་གཙུག་ལག་སློབ་གྲྭ་ཆེན་པོ་རྣམས་དང་མི་འདྲ་བའི་ཁྱད་པར་ཆེར་མེད་སྙམ།
དུས་རབས་བཅུ་གཅིག་པའི་ལོ་རབས་བདུན་ཅུར་འཁོན་དཀོན་མཆོག་རྒྱལ་པོས་དཔལ་ས་སྐྱ་པའི་གདན་ས་ཆེན་པོ་དང་། དུས་རབས་བཅུ་གཉིས་པའི་ལོ་རབས་ཉི་ཤུར་མཉམ་མེད་དྭགས་པོ་ལྷ་རྗེས་དྭགས་ལྷ་སྒམ་པོར་གནས་གཞི་བཟུང་སྟེ་བཀའ་བརྒྱུད་པའི་གདན་ས་དང། དུས་རབས་བཅུ་གསུམ་པའི་ལོ་རབས་དྲུག་ཅུར་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་གཞིས་རྩེའི་ནུབ་ངོས་ཡར་ཀླུང་གཙང་པོའི་སྟོད་དུ་རྒྱལ་བ་ཇོ་ནང་པའི་གདན་ས་དང་། དུས་རབས་བཅུ་བཞི་པའི་ལོ་རབས་བཅུ་པར་དབུས་གཙང་དག་པའི་ཞིང་སར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་མཛད་པ་སོགས་བོད་མདོ་དབུས་ཁམས་གསུམ་དུ་གཙུག་ལག་སློབ་གཉེར་ཁང་མང་པོ་རིམ་གྱིས་ཚུགས།
བོད་དུ་སྒྲིག་འཛུགས་ཀྱི་རང་བཞིན་ལྡན་པའི་ཤེས་ཡོན་སློབ་སྦྱོང་བྱ་ཡུལ་གྱི་བསྟི་གནས་ཤིག་ལ་སློབ་གྲྭ་ཞེས་པའི་མིང་ངམ་ཐ་སྙད་དངོས་སུ་ཐོགས་པ་དེ། དུས་རབས་བཅུ་བདུན་པའི་ལོ་རབས་དྲུག་ཅུའི་ནང་སྔ་འགྱུར་བསྟན་པའི་གསལ་བྱེད་གཏེར་བདག་གླིང་བ་རིག་འཛིན་འགྱུར་མེད་རྡོ་རྡེས་ཕྱག་བཏབ་མཛད་པའི་སྨིན་གྲོལ་གླིང་དུ་རིག་གནས་སློབ་གྲྭ་ཞིག་ཡོད་ཚུལ་དེང་གི་ཉམས་ཞིབ་པ་འགས་གླེང་བར་གྲགས། དུས་རབས་བཅོ་བརྒྱད་པའི་ལོ་རབས་ལྔ་བཅུར་ᨊགོང་ས་སྐུ་ཕྲེང་བདུན་པ་མཆོག་གིས་རྩེ་རིག་གནས་སློབ་གྲྭ་གསར་འཛུགས་མཛད་དེ་དགོན་སྡེ་ཁག་གི་གྲྭ་གཞོན་བློ་རིག་རྣམ་པར་བཀྲ་བ་དག་ལ་སྒྲ་དང། སྙན་ངག རྩིས་དཀར་ནག སྡེབ་སྦྱོར་སོགས་བརྡ་སྤྲོད་ཀྱི་སྐོར་དང་། ལཉྪ། ཝརྟུ་སོགས་ཡིག་རིགས་དུ་མ་བསླབས་ཏེ་སློབ་སྦྱོང་གི་བསྟི་གནས་ཟུར་བ་ཞིག་ལ་སློབ་གྲྭ་ཞེས་པའི་དོན་གནས་མིང་འབྲེལ་དུ་དེ་ཙ་ནས་ཆགས་པར་སེམས། དུས་རབས་དང་ལོ་རབས་ཉི་ཤུའི་ནང་ᨊགོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནས་དབུས་སུ་དབྱིན་ཡིག་སློབ་གྲྭ་ཟུར་འཛུགས་དང། བོད་མི་ན་གཞོན་འགའ་ཕྱི་རྒྱལ་ལ་སློབ་གཉེར་དུ་གཏོང་བ་སོགས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ལ་སྔར་བས་སྐུལ་འདེད་དང་སྣེ་ཁྲིད་གནང་ཡོད་ནའང་ཕྱི་ནང་གི་ཆབ་སྲིད་ཀྱི་འགལ་རྐྱེན་སྣ་ཚོགས་པས་ཐུགས་འདུན་བཞིན་མ་འགྲུབ་པའི་ལོ་རྒྱུས་ནི་བོད་མི་རིགས་ལ་མཚོན་ན་ཆེས་གསབ་ཐབས་བྲལ་བའི་གྱོང་གུད་ཅིག་ཏུ་བསམ་ནས་ཡིག་འབེབས་སྐབས་ཕང་སེམས་ཀྱིས་ཤུགས་རིང་ཞིག་ཀྱང་ངང་གིས་ཤོར།
མི་རིགས་ཤིག་གིས་རྗེས་རབས་པ་གསོ་སྐྱོང་ལེགས་པོར་བྱེད་པའི་ཐབས་ལམ་གནད་འགག་ཅིག་ནི་ཤེས་བྱ་ཡོན་ཏན་བསླབ་ཡུལ་གྱི་སློབ་གྲྭའི་སྡེ་ཉིད་གལ་ཆེན་ཡིན་ནའང། སློབ་གླིང་དེའི་སློབ་མར་འཚམས་པའི་ཁྲིད་བྱ་སློབ་དེབ་འཐུས་སྒོ་ཚང་བ་ཞིག་དེ་བས་ཀྱང་གལ་འགངས་ཆེ་བ་ཞིག་ཡིན་སྟབས། དུས་འགྱུར་རྗེས་ᨊགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་ལུང་པར་ཞབས་སོར་འཁོད་མ་ཐག་ནས། གཞུང་ཞབས་པ་སུམ་ཅུ་ལྷག་བསྐོངས་འཚོགས་གནང་སྟེ་ལམ་སྟོན་ཐུགས་བཀོད་ཀྱིས་བྱེས་ཡུལ་མིའི་ལུང་པ་ནས་ཕྱི་ལོ་ ༡༩༦༠ ལོར་སློབ་དེབ་རྩོམ་སྒྲིག་བྱས་ཏེ་རིམ་གྱིས་སློབ་ཁྲིད་དངོས་སུ་ལག་བསྟར་མཛད་ཡོད། དེ་མཚུངས་སུ་གཞིས་སྡོད་རང་ཡུལ་ནས་ཀྱང་ཕྱི་ལོ་ ༡༩༨༢ ལོ་ཙམ་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྣེ་ཁྲིད་མཛད་དེ་ཞིང་ལྗོངས་ལྔའི་མཉམ་འབྲེལ་སློབ་དེབ་གསར་བསྒྲིགས་བྱས་ནས་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་ལེན་གྱི་འགོ་ཚུགས་པ་ནི་ལྟོས་འཇོག་གིས་ཕན་ཐོགས་མི་དམན་པ་ཞིག་བྱུང་ཡོད་པ་ལོ་རྒྱུས་ལ་ཕྱི་མིག་འཕངས་པ་ཙམ་གྱིས་རྟོགས་ནུས།
བོད་སྤྱི་མཐུན་གྱི་ལེགས་བྱས་རིམ་གྱིས་འགྲིབ་སྟེ་ནག་ཕྱོགས་ཀླ་ཀློའི་དཔུང་གིས་གངས་ལྗོངས་བསྟན་སྲིད་སྐྱེ་རྒུའི་བདེ་སྐྱིད་དང་བཅས་པ་རྨེག་མེད་དུ་བཅོམ་ཞིང། གསར་བརྗེ་ཆེན་པོ་གསུམ་གྱི་སྲིད་བྱུས་བཙན་གྱིས་ལག་ལེན་དུ་བསྟར་ཏེ་རིག་གནས་གསར་བརྗེ་ཞེས་པའི་རླུང་འཚུབ་བསླངས་པས། མེས་པོ་དམ་པ་དག་གིས་ལོ་ངོ་སྟོང་ཕྲག་ལྷག་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ཆོས་དང་རིག་གཞུང། ཤེས་ཡོན་སློབ་སྦྱོང་གི་བསྟི་གནས་ཕལ་ཆེར་རྩ་མེད་དུ་བཏང་ནས་ལོ་ཡི་འཁོར་མོ་དུ་མའི་རྗེས། བསོད་ནམས་ཟད་མཐར་མ་ཐུག་པར་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་སྒོ་འཕར་ཅུང་ཕྱེ་བ་ནས་བོད་ཀྱི་ཆོས་རིག་ལ་དུང་ཞེན་ཟབ་པའི་སྐྱེས་ཆེན་དམ་པ་མང་པོས་སྐུ་ངལ་ཚད་མེད་གནང་སྟེ་མདོ་དབུས་ཁམས་གསུམ་དུ་དགོན་སྡེ་དང་། སློབ་གྲྭ་སོགས་ཉམས་པ་སླར་གསོ་དང་སྔར་མེད་གསར་འཛུགས་མཛད་སྐབས། ᨊསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་རྒྱལ་བསྟན་འཛིན་སྐྱོང་ཡུལ་སྲོལ་ལྟ་བུའི་མཐའ་རུ་ལྷུང་བའི་རྣམ་པ་གཟིགས་ནས། གཙོ་བོ་དགེ་འདུན་པ་རྣམས་ཀྱིས་བོད་ཀྱི་ཁྱད་ནོར་བཅུ་ཕྲག་རིག་པའི་གཞུང་ལུགས་མི་ཉམས་རྒྱུན་འཛིན་དང་དར་སྤེལ། ཡང་དགོས་རྒྱལ་བསྟན་རིན་པོ་ཆེ་བཤད་སྒྲུབ་ཟུང་འབྲེལ་གྱི་ལས་འགན་ཕྲག་ཏུ་འཁུར་དགོས་པར་དགོངས་ཏེ། གཞན་ཡུལ་མིའི་ལུང་པར་ཕྱི་ལོ་ ༡༩༩༢ ལོར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གསར་འཛུགས་མཛད་དེ། ཆོལ་ཁ་དང་ཆོས་བརྒྱུད་རིས་མེད་ཀྱི་གྲྭ་གཞོན་དགེ་འདུན་པ་མང་པོ་ངང་གིས་འདུས་པ་རྣམས་ཐོག་མར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱིའི་རྨང་གཞི་ལྡན་པའི་ཤེས་ཡོན་ཅན་ཞེ་གཅིག་ཏུ་བསྐྱེད་སྲིང་གནང་རྒྱུ་ཐུགས་ལ་བརྣགས་ཏེ། སྔོན་འགྲོའི་འཛིན་གྲྭ་གཉིས་དང་དངོས་གཞིའི་འཛིན་གྲྭ་ལྔ་བཅས་ལ། ལམ་རིམ་དང༌། གྲུབ་མཐའ། ཆོས་འབྱུང༌། ཡིག་གཟུགས། སུམ་རྟགས། བརྡ་དག སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྒྲ། སྨན། རྩིས། རྒྱལ་རབས་སོགས་ཀྱི་སྐོར་རྩ་འགྲེལ་རྒྱས་བསྡུས་སྣ་ཚོགས་པར་སྦྱང་བརྩོན་རིམ་པར་བགྱིས་མཐར། སློབ་སྦྱོང་ཆ་ཚང་ཐོན་ཟིན་པ་སྐབས་དང་པོའི་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་མི་དགུ་བྱུང་བའི་མཛད་སྒོའི་ཐོག་ལའང་ྋགོང་ས་སྐྱབས་མགོན་ཆེན་པོ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང་བླང་དོར་བཀའ་སློབ་གནང་བ་ལས། ཀིརྟིའི་བྱེས་པ་གྲྭ་ཚང་ཞེས་ཚུགས་བསྡད་པ་ག་ཚོད་ཀྱིས་ཡར་རྒྱས་ཕྱིན་པ་དེའི་ཚོད་ཀྱིས་བོད་སྤྱི་ལ་ཕན་ཡོང་གི་རེད། ད་དུང་ཡིན་ནའང་ཚང་མས་ལྷག་བསམ་བསྐྱེད་ནས་ཧུར་ཐག་འབད་ཐག་བྱེད་རོགས་ཀྱིས། ཞེས་བསྔགས་བརྗོད་དང་ཐུགས་རེ་ཚད་མེད་གནང་བ་ལྟར། རིམ་གྱིས་མཐོ་རིམ་རིག་གནས་རབ་འབྱམས་པ་དོན་དགུ་བསླབས་པ་མཐར་སོན་པའི་ཕྱག་འཁྱེར་བཞེས།
ཕྱི་ལོ་ ༢༠༠༡ ལོར་བསྡུས་གྲྭ་དང་། བློ་རྟགས། ཕར་ཕྱིན། དབུ་མ། མཛོད། འདུལ་བ། གསང་སྔགས་སོགས་མདོ་རྒྱུད་དགོངས་འགྲེལ་སྤྱི་དང། ཡང་སྒོས་རྗེ་ཡབ་སྲས། པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་གཞིར་བཟུང་བའི་སློབ་ཚན་དང་། འཛིན་རིམ། རྒྱུགས་སྤྲོད། ལོ་དུས་སོགས་གཏན་འབེབས་མཛད་ནས་གཞུང་ཆེན་ཁག་ལ་སློབ་གཉེར་ཚུགས་ཏེ་བསྡུས་གྲྭ་དང་། བློ་རྟགས་ལོ་གསུམ། ཕར་ཕྱིན་ལོ་དྲུག་གི་ཡུན་དུ་ཐོས་བསམ་སློབ་གཉེར་བྱས་ཏེ་ཕར་ཕྱིན་རབ་འབྱམས་པ་ཞེ་གསུམ་དང། དབུ་མའི་གཞུང་ཆེན་ལོ་གསུམ་རིང་བསླབས་ནས་དབུ་མ་རབ་འབྱམས་པ་ཉེར་དྲུག མཛོད་ལོ་གསུམ་རིང་བསླབས་ནས་མཛོད་རབ་འབྱམས་པ་བཅུ་བཞི། འདུལ་བ་ལོ་གསུམ་རིང་བསླབས་ནས་འདུལ་བ་རབ་འབྱམས་པ་བརྒྱད། ཁྱོན་མི་ལོ་བཅོ་བརྒྱད་ལྷག་ལ་སློབ་གཉེར་མཛད་དེ་སྐབས་དང་པོའི་བཀའ་པོད་ལྔའི་སློབ་ཐོན་པ་མི་འགྲོ་བརྒྱད་བཅས་བསྐྱེད་སྲིང་དང། རྒྱ་གར་ཤར་ཕྱོགས་རྡོ་རྗེ་གླིང་སུ་ཁེའི་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ནས་ཕེབས་པའི་གྲྭ་གཞོན་རྣམས་ལ་དམིགས་བསལ་གཞི་རིམ་འཛིན་གྲྭ་བཙུགས་ཏེ་སློབ་གཉེར་གྱི་བགོ་སྐལ་བཟང་པོའང་སྩལ་བ་ཙམ་དུ་མ་ཟད་ᨊམགོན་པོ་མཆོག་གིས་མཛད་འགན་བཞེས་པའི་བཀའ་དྲིན་ལས་བགྲང་བྱ་ཉེར་ལྔ་ལྷག་རིང་ཆོས་རིག་སྐོར་གྱི་དཔེ་དེབ་སུམ་བརྒྱ་མ་ཟིན་ཙམ་ཞིག་སློབ་གླིང་འདི་ནས་སྔ་ཕྱིར་དཔར་འགྲེམས་བགྱིས་པ་སོགས་བོད་ཀྱི་ཆོས་དང་རིག་གཞུང་གི་མེ་རོ་སླར་གསོས་པ་ལ་ཞབས་འདེགས་རྒྱ་ཆེར་ཞུས།
དེ་མཚུངས་ᨊམགོན་པོ་མཆོག་གིས་གཞིས་ཀྱི་འབྲེལ་ཡོད་སྤྱི་ལ་ཁྱབ་པའི་སྙན་སྒྲོན་བཅུ་གསུམ་གནང་སྟེ། དེ་ཉིད་ལས། དགེ་འདུན་པ་གཞོན་སྐྱེས་ལོ་རེ་བཞིན་འཕེལ་བ་འདི་རྣམས་ལོ་ན་ཆུང་དུས་འདོན་ཆོས་སྤྱོད་རྐྱང་པ་ཞིག་བསླབས་ནས་འགྲིག་པར་མི་མཛད་པར། བོད་ཀྱི་ཡི་གེ་དཀར་ནག་འབྲི་ཀློག་ཤེས་པ་དང་སྙན་སུམ་དག་ཡིག་སོགས་བོད་ཀྱི་རིག་གནས་སྤྱིའི་རྨང་གཞི་ཚུགས་པའི་སྟེང་ནས་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་སློབ་གཉེར་བྱས་ན་ས་ཆོད་གཞན་དང་མི་འདྲ་ཞིང་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རླབས་ཆེན་འགྲུབ། ཅེས་གསུངས་པ་ལ་བརྟེན་ནས། ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་རིག་གནས་སློབ་གཉེར་ཁང་དང། རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ནང་བསྟན་གཞོན་ནུའི་སློབ་གྲྭ་གསར་བཛུགས་ཀྱིས་མཚོན་ཀིརྟིའི་གདན་ས་ཆེན་པོ་བཞིར་ནང་བསྟན་སྔོན་འགྲོའི་སློབ་གྲྭ་རེ་རིམ་གྱིས་བཙུགས་པ་སོགས་འབྲེལ་ཡོད་དགོན་སྡེ་མང་པོས་ཀྱང་སློབ་གྲྭ་གསར་འཛུགས་མཛད་ནས། བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ཀྱི་བསླབ་པའི་རྨང་གཞིའི་ཐོག་རྒྱ་ཡིག་དང། དབྱིན་ཇི། ཚན་རིག རྩིས་རིག ལུས་རྩལ་སོགས་ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་ཤིང། དུས་རབས་ཉེར་གཅིག་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་སྟེ། ཕྱི་རུ་ཞི་དུལ་གྱི་སྤྱོད་པས་མཛེས་ཤིང། ནང་དུ་ཤེས་རིག་གི་ཡོན་ཏན་ཕུན་སུམ་ཚོགས་པའི་རབ་བྱུང་ཕོ་མོ་ཇི་སྙེད་ཅིག་བསྐྱེད་སྲིང་གནང་བའི་མཛད་རྗེས་དེ་དག་བོད་མི་ཕྱི་རབས་པས་བརྗེད་ག་ལ་རུང།
མི་རིགས་ཤིག་གི་རྗེས་རབས་པ་ཤེས་བྱའི་གནས་ལ་བློ་གྲོས་ཀྱི་རྩལ་རྒྱས་ཤིང། དཔྱད་འཚོལ་རྟོག་ཞིབ་ཀྱི་བསམ་པའི་དཔལ་ཡོན་ལྡན་པའི་ཤེས་འཇོན་གཉིས་ལྡན་ཞིག་བསྐྱེད་བསྲིངས་བྱེད་པ་ལ་སློབ་གཉེར་གྱི་བསྟི་གནས་གལ་ཆེ་བར་མ་ཟད། དེར་འཚམས་ཀྱི་འཁྲིད་བྱ་སློབ་དེབ་འཐུས་སྒོ་ཚང་བ་ཞིག་དེ་བས་ཀྱང་འཛོམས་དགོས་པ་ནི་གནད་ཤིན་ཏུ་ཆེ་བའི་གནས་ཤིག་ཡིན་སྟབས། སྔོན་ཆད་བོད་གཞིས་བྱེས་གཉིས་ནས་སློབ་དེབ་གསར་བསྒྲིགས་བྱས་པ་རྣམས་ལེགས་ཆ་དང་དགེ་མཚན་ཇི་སྙེད་ཅིག་ཡོད་པ་ནི་སྨོས་མེད་ཡིན་ནའང་། འོན་ཏེ། དགོན་སྡེའི་དགེ་འདུན་པ་གཞོན་སྐྱེས་རབ་བྱུང་ཕོ་མོ་རྣམས་ཆོས་མཐུན་གྱི་འགྲོ་ལ་ཕན་ཞིང་རྒྱལ་བསྟན་འཛིན་པའི་སྐྱེས་བུ་དམ་པ་ཞིག་བསྐྱེད་སྲིང་བྱེད་པའི་དམིགས་ཡུལ་རྩ་བར་བཞག་སྟེ། དུས་རབས་དང་། སྤྱི་ཚོགས། སློབ་གསོ་བཅས་ཀྱི་ཕན་ཚུན་དགོས་འབྲེལ་གྱི་ངོས་ཐད་ནས་གཞིགས་ན། ཟུར་སྒྲིག་སློབ་དེབ་དེ་དག་དགེ་འདུན་པའི་ཀུན་སྤྱོད་འཁྱེར་སོ་དང་མཐུན་མིན་སོགས་ཅི་རིགས་པའི་སྟོང་ཆ་ཆེ་བར་བརྟེན། ᨊསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་སྐུ་བགྲེས་ཉམས་དང་ལུགས་གཉིས་ཀྱི་མཛད་བྲེལ་ཆེ་བར་ཆ་མ་གནང་བར། བཤད་སྒྲུབ་ཟུང་དུ་སྦྲེལ་ཏེ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་བའི་རང་གཞན་གཏན་བདེའི་ལམ་སྣེར་ཁྲིད་སྟོན་ཐུབ་མཁན་གྱི་ན་གཞོན་རབ་བྱུང་ཕོ་མོ་མང་པོ་ཞིག་བསྐྱེད་སྲིང་གི་ཐུགས་འདུན་ཟབ་མོས། ཀིརྟིའི་གདན་ས་ཆེ་ཁག་བཞིའི་གཙོས་རིས་མེད་དགོན་སྡེའི་གཞོན་རབས་དགེ་འདུན་པ་སྤྱི་ལ་དམིགས་ཏེ་བྱིས་དུས་ནས་བོད་ཡིག་གི་སྐྱེ་གནས་མཆུ་དང་ལྕེ་སོགས་བཀོལ་སྤྱོད་བྱེད་སྟངས་གལ་ཆེ་སྟབས། སྦྱོར་ཀློག་དང། ཡི་གེ་འབྱུང་གནས། འབྱིན་ཐབས། བཀླག་ཐབས་སོགས་སློབ་སྟངས་དང་འབྲེལ་བའི་ཤེས་བྱ་སྣ་ཚོགས། ཡིག་དཀར་ནག་འབྲི་སྟངས། ལྡེའུ། གཏམ་དཔེ། མི་ཚེའི་ནང་མཁོ་གལ་ཆེ་བའི་གྲངས་འདྲེན་སོགས་ན་ཆུང་བྱིས་པའི་སེམས་ཁམས་དང་མཐུན་པའི་སྔོན་འགྲོའི་སློབ་དེབ་བཞི་དང། དབུ་ཅན་དང། ཚུགས་རིང། ཚུགས་ཐུང། ཡིག་ཆུང། རྒྱུགས་བྲིས། ཚུགས་མ་འཁྱུག འཁྱུག་ཡིག འབྲུ་ཚ། ལཉྫ། ཝརྟུ། གཤར་མ་སོགས་སྨྱུ་གུའི་གཅུ་སྟངས་བཅས་ལེགས་པར་གསལ་བའི་ཡིག་གཟུགས་སྦྱང་དེབ་ལྔ། སུམ་རྟགས་དང། བརྡ་དག སྒྲ་སྙན་ངག མངོན་བརྗོད། ཟློས་གར། གཞས་ཚིག། ལེགས་བཤད། སྒྲུང་ཐུང། རྒྱལ་རབས། ལོ་རྒྱུས། ཆོས་འབྱུང་། བཟོ་རིག སྨན་སྩིས། ཚན་རིག ཚད་མ་རིག་པ། ནང་པའི་ལྟ་གྲུབ་སོགས་ཀྱི་སྐོར་བཅས་དངོས་གཞིའི་འཛིན་གྲྭ་དང་པོ་ནས་དགུ་པའི་བར་དངོས་གཞིའི་སློབ་དེབ་དྲུག་ཅུ་མཛད་དེ་སྔོན་འགྲོའི་འཛིན་གྲྭ་བཞི་དང། དངོས་གཞིའི་འཛིན་གྲྭ་དགུ་བཅས་བསླབ་པའི་རིམ་པ་ཆ་ཚང་ལ་མ་ནོར་བའི་སློབ་དེབ་རེ་དགུ་དེང་དུས་ཀྱི་གཞོན་རབས་པའི་ཁམས་དང་མོས་པར་མཚམ་ཞིང་། ཡུལ་དུས་གནས་བབས་དང་མཐུན་པར་གསར་བསྒྲིགས་ཀྱི་ཐུགས་ངལ་རྒྱ་ཆེར་མཛད་པ་ནི་བསྐལ་པར་གནས་པའི་འཕྲིན་ལས་བླ་ན་མེད་པ་ཞིག་ཡིན།
༸མགོན་པོ་མཆོག་གིས་སྐུ་ངལ་འཛེམ་མེད་དུ་བསྐྱར་ཞིབ་ཡང་ཡང་གནང་བའི་གསར་བསྒྲིགས་ཀྱི་སློབ་དེབ་དེ་དག གནའ་དེང་གི་རྒྱ་བོད་མཁས་པའི་ཚད་ཐུབ་གཞུང་ལུགས་རྣམས་ལ་གཞི་བཅོལ་ཞིང། ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་མན་ངག་ཆིག་དྲིལ་དུ་གསལ་བ། གསུང་རབ་དགོངས་འགྲེལ་གྱི་དགོངས་དོན་འབྱེད་པའི་ལྡེ་མིག་ལྟ་བུ། བསླབ་པའི་གོ་རིམ་འོས་ཤིང་འཚམ་པ། བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་ཆོས་དང་རིག་གཞུང་སྲོག་དབུགས་སུ་ཞུགས་པ། བོད་ཀྱི་བརྡ་སྤྲོད་སྤྱིའི་འགྲོས་དང་མཐུན་པ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་དུ་ལྡན། ལྷག་པར་དམའ་རིམ་དུ་བྱིས་བློར་འཚམ་པའི་བརྙན་རིས་ཀྱིས་ཡིད་དབང་འགུགས་པ། ཚིག་གི་སྤྲོས་པ་ཉུང་ཞིང་དོན་རྒྱ་ཆེར་སྟོན་པའི་བྱིས་སྒྲུང་སྣ་ཚོགས་གོ་སླ་བར་བཀོད་དེ་ན་ཆུང་རྣམས་བལྟ་ཀློག་ལ་ཡིད་རབ་ཏུ་སྤྲོ་བ། ཡིག་དཀར་ནག་འབྲི་ཀློག་དང་རྩོམ་རིག་གི་ལས་ལ་འཁྲིད་ཐབས་སོགས་མི་རབས་གསར་བའི་དགེ་འདུན་པའི་སྡེ་གནའ་དེང་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཤ་སྟག་བསྐྱེད་སྲིང་ཐུབ་པ་ནི། དཔལ་ཆོས་ཀྱི་གྲགས་པས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་གསུངས་པ་བཞིན་རྒྱུ་ཕུན་སུམ་ཚོགས་པ་དེ་ཡིས་འབྲས་བུ་ཕུན་སུམ་ཚོགས་པའབྱུང་ངེས་པ་ཆོས་ཉིད་ཡིན་ནོ།།
ᨊམགོན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་ལ་ཉེ་བའི་བགྲེས་བབས་ལྕི་ཞིང། ཆོས་སྲིད་ཀྱི་མཛད་བྲེལ་གཅིག་རྗེས་གཉིས་མཐུད་དུ་ཉིན་མཚན་ཁོར་མོར་ཡུག་ཏུ་ངལ་གསོའི་བར་གསེང་ཤིན་ཏུ་དཀོན་པས། སྐུ་བཅར་བྱེས་པ་གྲྭ་ཚང་གི་ཚོགས་འདུ་ལས་སྣེ་ལྷན་རྒྱས་ནས་སྐུའི་ངལ་གསོ་དང་འཕྲོད་བསྟེན་ཆེད་མཐུན་རྐྱེན་འཛོམས་ཤིང་ཁོར་ཡུག་ལེགས་པོ་ཞིག་ཏུ་གུང་གསེང་ཕྱོགས་ཕེབས་གནང་དགོས་པའི་རེ་འདུན་ཡིག་ངག་གཉིས་ནས་ཡང་ཡང་ནན་གྱིས་ཞུས་མཐར། བོད་ཀྱི་མཐའ་འཚམས་རྒྱ་གར་ནུབ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་རྩི་ཤིང་གི་ལྗང་མདོག་བྲལ་ཞིང་བྲག་དམར་གྱིས་ཕྱོགས་བཞིར་བསྐོར་བའི་ལུང་ཁུག ཟས་རིགས་གནས་མལ་སོགས་ཀྱིས་མཐུན་རྐྱེན་ཞན་པའི་རྨེའུ་ལཱ་དོ་རུ་དུད་ཁྱིམ་ལྔ་ལས་གྲུབ་པའི་གྲོང་གསེབ་ཅིག་ཏུ་ཟླ་ངོ་གཅིག་མ་ཟིན་ཙམ་བཞུགས་སྐབས་ཀྱང། ᨊམགོན་པོ་མཆོག་གིས་བཞུགས་གནས་ཀ་བཞི་ཁང་ཆུང་ཞིག་གི་ནང་སྔར་བཞིན་སྐུ་ལས་བསྐྱོན་ཏེ་སློབ་དེབ་བློ་གསལ་མགུལ་རྒྱན་ལ་བཅོས་བསྒྲིག་ལན་མང་གནང་བའི་སྐུ་ཚེགས་གནང་བར་དངོས་མཇལ་བྱུང་དུས་ཆིབས་ཞབས་པ་ཁོ་བོ་ཅག་ལ་སེམས་ངལ་ཧ་ཅང་ལྕི་ནའང་ཡར་ཞུས་ཀྱི་སྤོབས་པ་སུ་ལའང་མ་བྱུང།
དེ་འདྲའི་མི་ལོ་དུ་མའི་རིང་ལུགས་གཉིས་ཀྱི་མཛད་བྲེལ་ཆེ་བའི་བར་གསེང་ནས་སློབ་དེབ་བློ་གསལ་མགུལ་རྒྱན་མཛད་པའི་ཐུགས་འདུན་ནི་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས་འགྲེམས་སྤེལ་བྱས་པའི་<<སློབ་དེབ་བློ་གསལ་མགུལ་རྒྱན་གྱི་ངོ་སྤྲོད་>>དེབ་ཆུང་དེའི་རྒྱབ་ཕྱོགས་སུ་མཛེས་རིས་གསེར་གྱི་སྟེགས་བུ་སྟེང་དུ་རིན་ཆེན་རྒྱན་གྱིས་སྤྲས་པའི་གླེགས་བམ་པོ་ཏི་གསུམ་ལ་འོད་ཟེར་སྣ་ཚོགས་འཕྲོ་བའི་སྣང་བརྙན་གསལ་བ་ཇི་བཞིན། བརྗོད་བྱ་དང་རྗོད་བྱེད་ཕུན་སུམ་ཚོགས་པ་སྔོན་འགྲོ་ནས་དངོས་གཞིའི་བར་སློབ་དེབ་གླེགས་བམ་རེ་དགུ་དེ་ཉིད་རིམ་གྱིས་བསླབས་ནས། དགོས་པ་ན་གཞོན་དགེ་འདུན་པ་རབ་བྱུང་ཕོ་མོ་རྣམས་བོད་ཀྱི་རིག་གཞུང་སྤྱིའི་རྨང་གཞི་བརྟན་པོ་ཚུགས་ཏེ་བཀའ་སྡེ་སྣོད་གསུམ་གྱིས་བསྡུས་པའི་རྒྱ་བོད་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་ལྡེ་མིག་ཏུ་འགྱུར་ཞིང། ཉིང་དགོས་བསྟན་འགྲོའི་དོན་རླབས་པོ་ཆེ་བསྒྲུབ་པའི་སྐྱེས་བུ་དམ་པ་མང་པོ་བསྐྱེད་སྲིང་བྱེད་རྒྱུ་དེ་ཡིན་ལ། ༸་པོ་མཆོག་གི་ཐུགས་འདུན་ཇི་བཞིན་འགྲུབ་པ་ལ་དགེ་འདུན་པ་རབ་བྱུང་ཕོ་མོ་ན་གཞོན་རྣམས་ཀྱིས་གཙོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དུང་བ་ཟབ་པའི་གཟུར་གནས་བློ་ལྡན་ཀུན་གྱིས་ལེགས་པར་བསྒྲིགས་པའི་སློབ་དེབ་དེ་དག་ཐོས་བསམ་སློབ་གཉེར་རྣལ་མ་ཞིག་བྱེད་རྒྱུ་ཤིན་ཏུ་ནས་ཀྱང་འབྲེལ་ཆེ་སྟབས། དགོས་སོགས་ཆོས་བཞི་དང་ལྡན་པའི་སློབ་ཚན་ཉིས་སྟོང་བརྒྱ་དང་དགུ་བཅུས་གྲུབ་པའི་ངོ་མཚར་ཞིང་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་ཚོམས་ཆེན་པོ་དེ་ནི་སློབ་གྲྭ་ཁག་གི་གཞི་རིམ་འཛིན་གྲྭའི་སྐད་ཡིག་སློབ་དེབ་ལྟ་བུ་ཙམ་མ་ཡིན་པ། འདི་ཕྱི་ཀུན་གྱི་ཕན་པ་དང་བདེ་བའི་རྩ་ལག་ཏུ་གྱུར་ཅིང་ནང་པ་སངས་རྒྱས་པའི་ལྟ་གྲུབ་སྙིང་པོར་སྦྲུམ་ཞིང་འཆོས་སྐྱོབ་ཀྱི་ཡོན་ཏན་མངའ་བས་མི་ཕྱེད་དང་བས་ཀུན་ནས་བསླངས་ཏེ་སློབ་དེབ་བློ་གསལ་མགུལ་རྒྱན་ལས་འཕྲོས་པའི་གཏམ་གླེང་ཉུང་ངུ་ཞིག་སྔོན་ཆད་སྨྲས་་པ་དེ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༩ ལ་སྟག་ལུང་སྤྲུལ་མིང་པ་བློ་བཟང་ཤེས་རབ་རྒྱ་མཚོས་སྤེལ་བ་དགེ་ལེགས་འཕེལ།
ཀིརྟི་རིན་པོ་ཆེ་མཆོག་གི་ཐུགས་ཡངས་དཀྱེལ་ཆེའི་་མཛད་པ་ལ་རྗེས་སུ་ཡིད་རངས་དང་བཅས་རིན་པོ་ཆེ་མཆོག་སྐུ་ཚེ་རིང་བར་ཤོག
ཡག་པོ་བྲིས་འདུག །ཡིན་ན་ཡང་སྤྱི་བཤད་དེ་ཅུང་མང་སོང་འདུག །ཀིརྟི་ཚང་སྐུ་ཚེ་རིང་བར་ཤོག །
་་་་་་་་་་་་་ སྔོན་འགྲོའི་སློབ་དེབ་བཞི་དང། དབུ་ཅན་དང། ཚུགས་རིང། ཚུགས་ཐུང། ཡིག་ཆུང། རྒྱུགས་བྲིས། ཚུགས་མ་འཁྱུག འཁྱུག་ཡིག འབྲུ་ཚ། ལཉྫ། ཝརྟུ། གཤར་མ་སོགས་སྨྱུ་གུའི་གཅུ་སྟངས་བཅས་ལེགས་པར་གསལ་བའི་ཡིག་གཟུགས་སྦྱང་དེབ་ལྔ། ་་་་་་་་་་་་ དེ་ཚོ་མང་དྲགས་པ་རེད། འདི་དག་ནི། སྔར་གྲྭ་པ་ལས་མེད་ཚོའི་ལས་ཀ་ཙམ་ལས། དིང་སང་སྙིང་པོ་ཅང་ཡོད་མ་རེད་དོ།།
་་་་་་་་་ སུམ་རྟགས་དང། བརྡ་དག སྒྲ་སྙན་ངག མངོན་བརྗོད། ཟློས་གར། གཞས་ཚིག། ལེགས་བཤད། སྒྲུང་ཐུང། རྒྱལ་རབས། ལོ་རྒྱུས། ཆོས་འབྱུང་། བཟོ་རིག སྨན་སྩིས། ཚན་རིག ཚད་མ་རིག་པ། ནང་པའི་ལྟ་གྲུབ་སོགས་ཀྱི་སྐོར་བཅས་དངོས་གཞིའི་འཛིན་གྲྭ་དང་པོ་ནས་དགུ་པའི་བར་དངོས་གཞིའི་སློབ་དེབ་དྲུག་ཅུ་མཛད་དེ་སྔོན་འགྲོའི་འཛིན་གྲྭ་བཞི་་་་་་་་་་
འདི་དག་ནི། ཤིནད་ཏུ་མཁོ་ཡང་། དིང་སང་གི་ཕྲུ་གྭའི་བློ་དང་འཚམས་པ་ཟེར་བ་དེ་ནེ་ཡིད་ཆས་མ་སོང་ལགས།།
་་་་་་་་་་་་་ དགོས་སོགས་ཆོས་བཞི་དང་ལྡན་པའི་སློབ་ཚན་ཉིས་སྟོང་བརྒྱ་དང་དགུ་བཅུས་གྲུབ་པའི་ངོ་མཚར་ཞིང་རྨད་དུ་བྱུང་བའི་ལེགས་བཤད་་་་་་་་་་་་་ ཟེར་བ་འདིའི་དོན་ཤེས་ཐུབ་མ་སོང་ཡང་། དགེ་ལེགས་འཕེལ།།
གཉིད་མི་ཡོང་ཐལ།
ཚིག་གི་སྡེབ་སྦྱོར་མ་ཤེས་ན།།
དོན་གྱི་སྙིང་བོ་མི་གོ་ཐལ།།
སྙན་པའི་འགྱུར་ཁུགས་མེད་སོང་ཚེ།།
རྣ་བའི་དབང་བོ་ཅི་ལྟར་གསོ།།
ལག་ལེན་དོན་གྱིས་མ་བྱས་ཚེ།།
ཁ་ཡི་བཤད་པ་ཝུ་བ་ཙམ།།
རྟ་ལ་ལྕགས་གིས་མ་བྲབ་ན།།
བདེ་མོ་ཐང་ལ་ཅི་ལྟར་ཐོན།།
རྒྱུ་འབྲས་དྲང་པོར་མ་བསྲུངས་ན།།
ཕྱི་མའི་ཡུལ་ན་ཅི་ཞིག་བྱེད།།
ནང་གི་སེམས་པ་མ་དཀར་ན།།
ཕྱི་ཡི་རྣམ་པ་སྐྱི་པགས་ཙམ།།
བརྩེ་བ་སྙིང་ནས་མ་སྐྱེས་ན།།
འཛུམ་མདངས་བཅོས་མ་ཆོ་འཕྲུལ་ཉིད།།
འཇའ་མཚོན་མིག་ལ་མཛེས་ན་ཡང་།།
དཔེར་ན་འཛིན་རྒྱུ་མེད་པ་བཞིན།།
མི་ལ་དགོས་པ་སེམས་པ་རེད།།
སེམས་མེད་གྲམ་པའི་གོར་མོ་རྡོ།།
ཤིང་ལ་དགོས་པ་འབྲས་བུ་རེད།།
དེ་མེད་ཆུ་ཤིང་སྐམ་པོ་ཙམ།།
ཆང་སྐྱེས།
ཉོག་སོང་ཟིག་་་མང་སོང་ཟིག་ཨ་རོ། སྐྱབས་མགོན་ཀིརྟི་རིན་པོ་ཆེ་ལ་སྙིང་ནས་གུས་བ་ཡོད་ཐུགས་རྗེ་ཆེ་ཞུ། སློབ་དེབ་འདི་དག་ལ་མཚོན་ན་ཧ་ཅང་ཧ་ཅང་གི་དགོས་མཁོ་རེད་ཡིན་ན་ཡང་བརྗོད་བྱ་དང་ནང་དོན་གྱི་ཆ་ནས་བཤད་ན་སྔར་ཡོད་ཀྱི་སློབ་དེབ་སོགས་དང་ཧ་ལམ་འདྲ་བོ་རེད་ཡིན་ན་ཞིབ་ཚགས་དང་འཐུས་སྒོ་སོགས་ཀྱི་ཆ་ནས་སྔར་མེད་པ་ཞིག་རེད། གང་ལྟར་སྐུ་ཚེགས་དཀའ་ལས་སོགས་ལ་བསམ་ན་ངོ་མ་རླབས་ཆེན་རེད། ཡང་གཅིག་བཤད་ན་སློབ་དེབ་འདི་འདྲ་མང་པོ་ཞིག་ཐོག་མར་རྩམ་གནང་མཛད་བའི་དམིགས་ཡུལ་དང་ཡང་ན་སློབ་གྲྭ་ག་གེ་མོ་ཞིག་ལ་ཆེད་དམིགས་ཀྱིས་ཡོད་དམ་མེད། གལ་སྲིད་ཆེད་དམིགས་ཀྱི་སློབ་གྲྭ་མེད་ན་འདི་ནི་ཕལ་ཆེར་སྒྲུབ་མི་ཐུབ་བའི་ལས་འགན་ཆེན་པོ་ཞིག་རེད་སྙམ། དེ་ཡང་དགོན་སྡེའི་སློབ་གྲྭ་ཞིག་ཡིན་དགོས་དུས་བཙན་བྱོལ་ལ་མཚོན་ན་དགོན་སྡེ་ཁག་གི་སློབ་གྲྭ་སོ་་སོ་ལ་སློབ་དེབ་སྔར་ནས་ཡོད་ཡོད་པ་རེད། བོད་ནང་ལ་མཚོན་ན་དེ་ནི་ཡོང་ཡ་མེད་པ་ཞིག་རེད། བཙན་བྱོལ་གྱི་དགོན་སྡེའི་སློབ་གྲྭ་དག་གི་ནང་ན་བོད་པ་ཧ་ལམ་མེད་ཟེར་ན་ཆོག་དེར་བརྟེན་བོད་ཡིག་ལ་དེ་ཙམ་དོན་སྣང་མེད་པ་ཇེ་གསལ་ནས་ཇེ་གསལ་རེད། བོད་ནང་གི་དགོན་སྡེའི་སློབ་གྲྭ་དག་རྒྱ་ནག་རང་གིས་གཏན་ལ་འཕབ་བའི་སློབ་དེབ་མ་གཏོགས་ཕྱི་ལོག་གི་སློབ་དེབ་ཞིག་ཡོང་ས་མེད། ལྷག་པར་དུ་རྒྱ་གར་ནས་ཡོང་ན་དེ་ནི་འབར་རྫས་ཤིག་གི་སྣང་བ་མ་གཏོགས་མེད། འོ་དེ་ཙམ་རེད། ཤེར་རབ་རྒྱ་མཚོ་ལགས་ཁྱོད་ཀྱི་རྩོམ་ཡིག་འདི་ཉོག་སོང་ཟིག་ཡ།
མཁས་པ་ཡིན་ན། ཨ་མདོ་ཡིན་པས་ཁྱབ་ན། ཨ་མདོ་ཡིན་ན། བོད་སྐད་ཡག་པོ་མི་ཤེས་པས་ཁྱབ་བོ།།
དེས་ན། ཀིརྟི་རིན་པོ་ཆེ། ཆོས་ཅན། བོད་སྐད་ཡག་པོ་མི་ཤེས་ཏེ། ཨ་མདོ་བ་ཡིན་པས་ཕྱིར། ཟེར་ན། ལན་ཅི་ཞིག་ཡོད་དམ། ལགས། ཧ་ཧ། སྐུ་རྩེད་ཡིན་གདའ།། །།དྲ་གྲོགས་ཚོ།། །།
ཀིརྟི་རིན་པོ་ཆེའི་མཛད་པ་འདི་ཧ་ཅང་རླབས་ཆེན་རེད། སྐུ་ཚེ་བརྟན། སློབ་དེབ་ལ་དངོས་སུ་མཇལ་རྒྱུའི་སྐལ་བ་མ་བྱུང་བས་གདེང་འཇོག་བྱེད་ཐབས་བྲལ། རེད་དེ་འདི་ལྟ་བུའི་བྱ་བ་ཞིག་རྩོམ་ཐུབ་པའང་རྗེས་སུ་ཡི་རངས་བའི་གནས་རེད། རིན་པོ་ཆེ་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།
ཀརྡོ་རབ་འབྱམས་པ་་་་ལུག་རྟགས་མ་སྟོན་ལུག་རབ་འབྱམས་པ་མིན་པ་་མཁས་བ་བོད་མི་ཤེས་མཁན་ག་ཚོད་དགོས་དགོས་རེད། མཁས་བ་ཡིན་ན་ཨ་མདོ་བ་ཡིན་དགོས་ལབ་མཁན་མི་འདུག་གྲོགས་པོ། རྡོ་རབ་འབྱམས་པ་རང་ཡིན།
#11 རྒྱ་ཞིང་མྱི་དཀར། ་ལགས།
ཨ་མདོ་མཁས་པ་མེད་པ་མ་རེད། ཁམས་པ་མཁས་པ་མེད་པ་མ་རེད། དུས་གཙང་ཡང་དེ་བཞིན་རེད་དོ། བོད་ཀྱི་མཁས་པ་ཡིན་ན་ཨ་མདོ་ཡིན་པས་ཀྱབ་ཟེར་མཁན་དེ། ཨ་མདོའི་དགེ་བཤེས་གཅིག་གིས་༸གོང་ས་མཆོག་ལ་ཞུས་པ་དེའི་སྐོར་ལ་མི་ཤེས་སམ།
རྒྱ་ཤིང་མིག་དཀར་ལགས། ལགས། ?
བོད་སྐད་བོད་ཡིག་གི་ཐོག་ལ་ཆ་ཚང་ཁུངས་ལྡན་འབྲི་ཐུབ་མཁན་བོད་རིགས་མཁས་པ་གཅིག་ཀྱང་བྱུང་ཡོད་མ་རེད་དོ།།
དགེ་རྒན་ལགས་། དཔེ་ཆ་རེ་དགུའི མིང་ཡོད་ན་སྐུར་རོགས་གནང