–ས་སྒང་འཇམ་དབྱངས་མཁྱེན་རབ།
གཤིས་རྒྱུད་མདའ་ལྟར་དྲང་ཞིང་བསམ་པ་དུང་བཞིན་དཀར་བའི་སློབ་མ་ཤེལ་དཀར་ལྷ་མོ་ལགས། ཁྱོད་ཀྱིས་ལོ་བརྒྱད་ཀྱི་ཡར་སྔོན་ཞིག་ལ་དྭ་ཕྲུག་གི་དཔང་ཡིག་མང་བོ་ཞིག་ཁྱེར་ནས། ཉམས་ཆུང་ཆུང་དང་སེམས་གཉོམ་གཉོམ་བྱས་ཏེ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ནས་སློབ་གླིང་འདིར་འབྱོར་དུས། མིག་མདངས་ལ་གྲུང་ཤ་དོད་ཅིང་ཁ་ངོ་ལ་གཟི་འོད་འཚེར་བའི་བུ་མོ་ཆུང་ཆུང་ཆུང་ཞིག་ཡིན་པ་ངའི་མིག་ལ་འཆར་འདུག དེ་དུས་ད་ལོའི་མཐར་ཕྱིན་འཛིན་གྲྭ་སྟེ་ཐོན་མིའི་སྨྱུག་ཐོགས་འཛི་གྲྭ་འདི་ལོ་རིམ་གཉིས་པ་རེད། ཁྱོད་འཛིན་གྲྭ་དེར་ཞུགས་ནས་མི་ལོ་བརྒྱད་ཀྱི་རིང་ལ་ང་ཁྱེད་ཅག་གི་བོད་ཡིག་དགེ་རྒན་བྱས་པ་ཡིན།
ལོ་འདི་དག་གི་རིང་ལ་ཁྱེད་ཀྱི་ལྷན་སྐྱེས་ཀྱི་གཤིས་ཀ་འཇམ་པོ་དང་བློ་རིག་གྲུང་བོ། སྨྲ་ལྕེ་མཉེན་མོ་དང་གུས་རྟག་བརྩོན་པ་བཟང་བོས་ངེད་དགེ་སློབ་ཡོངས་ལ་བསུབ་ཏུ་མེད་པའི་བག་ཆགས་ཟབ་མོ་བཞག་ཡོད། འུ་ཚང་གི་ཤེས་རིག་འགྲན་གླེང་དང་རིག་རྩལ་སྤྲོ་ཚོགས་སོགས་མང་བོ་ཞིག་གི་སྐབས་སུ། ཁྱོད་ཀྱིས་མདོ་འཛིན་པ་བྱས་ནས་དགེ་སློབ་ཡོངས་ལ་སྤྲོ་སྣང་བྱིན་པ་དང་སྤོབས་པ་བསྐྱེད་པ་ཐེངས་གཅིག་ཙམ་ག་ལ་ཡིན།
མོ་ལོ་ཉི་ཤུར་སོན་ཞིང་དམའ་འབྲིང་མཐར་ཕྱིན་མ་ཐག་པའི་བུ་མོ་ཁྱོད་ལ་བུད་མེད་ཤེས་འཇོན་གཉིས་ལྡན་ཅན་ཞིག་ལ་འགྱུར་བའི་རེ་བ་དང་ཡིད་ཆེས་ཧ་ཅང་ཡོད། ཁྱེད་ཉིད་སློབ་གླིང་འདིའི་ཕ་སྐད་དོ་དམ་པར་བསྡད་ནས་ལྷག་བསམ་རྣམ་དག་གིས་འབད་འབུང་བླ་མེད་གནང་བས། གྲུབ་འབྲས་ཀྱང་གཟེངས་སུ་ཐོན་མྱོང་། སྐབས་བབ་ཀྱི་སྦྱང་བྱ་ཀུན་ལ་བརྩོན་པ་ལྷུར་ལེན་བྱེད་པར་མ་ཟད། བོད་ཡིག་དང་བོད་སྐད་ཕྱོགས་ལ་སྤྲོ་སེམས་ཁྱད་པར་བ་ཞིག་ཡོད་པ་སློབ་གྲོགས་ཚོ་དང་རྒྱུས་ཡོད་ཀུན་ལ་གསལ་བོ་ཡིན།
སློབ་བུ་ཚོས་བོད་ཡིག་སློབ་ཚན་གྱི་སྦྱང་བྱ་དག་བློ་རྒྱུགས་སྤྲོད་པ་སོགས་ཀྱི་སྐབས་སུ་ཡང་ནམ་རྒྱུན་ཁྱེད་ཉིད་སྔོན་མའི་གྲས་ན་ཡོད། རང་གི་འཛིན་གྲྭའི་ནང་ཁུལ་དང་། ཡང་ན་འཛིན་གྲྭ་གཞན་དག་ཚོ་དང་མཉམ་དུ་རིགས་ལམ་རི་མོ་འགྲན་སྡུར་བྱས་ན་ཡང་། ཁྱེད་ཚང་གི་ཚན་ཆུང་གི་གཙོ་བོ་ཁྱོད་ཡིན་པས། ངེད་དགེ་སློབ་ཚོའི་མིག་ལམ་ནས་ཡལ་དུ་མེད། དུས་རྟག་ཏུ་སློབ་ཁྲིད་ཀྱི་སྐབས་སུའང་གཟབ་ནན་གྱིས་ཉན་པ་དང་དོ་སྣང་བྱས་པ་གཞན་ལས་འཕགས་པས། ངས་ཁྱེད་ལ་བསྟོད་བསྔགས་བྱས་ནས་སློབ་གྲོགས་གཞན་དག་ཚོར་སྐུལ་མ་གཏོང་བྱེད་བྱས་པའང་གསལ་ལེར་དྲན་ཡོང་། སློབ་གླིང་འདི་ནས་འུ་ཅག་མི་ལོ་བརྒྱད་ལ་འགྲོགས་ཤིང་འདྲིས་ན་ཡང་། ཁྱེད་ཀྱིས་བྱ་བ་བཟང་བོ་བསྒྲུབས་པ་ལས་སྒྲིག་འགལ་བྱས་པ་མང་བོ་ཞིག་ངོ་མ་དྲན་རྒྱུ་མི་འདུག
འུ་ཚང་གི་སློབ་གྲྭ་འདི་དྲིན་ཆེན་ཕ་མ་དང་བྲལ་སྔ་བའི་བྱིས་པ་ཤ་སྟག་བསྡུ་ལེན་བྱས་ནས་གསོ་སྐྱོང་བྱེད་སའི་སློབ་གྲྭ་དམིགས་བསལ་བ་ཞིག་ཡིན་པས། གོམས་སྲོལ་དང་ལམ་ལུགས་ཀྱང་ཁྱད་པར་བ་མང་བོ་ཡོད། ནར་མ་སོན་པ་དང་རང་སྐྱ་མི་ཐུབ་པ། ཁེར་ཉལ་བྱེད་མི་ནུས་པའི་བྱིས་པ་ཆུང་ཆུང་རྣམས་སློབ་མ་ཡ་རབས་དག་ལ་དམིགས་བསལ་གྱིས་བཅོལ་ནས་གཅེས་སྐྱོང་བྱེད་པའི་འགྲོ་སྟངས་ཤིག་ཡོད་པ་ལྟར། བུ་མོ་ཆུང་ཆུང་འདི་ཡང་མི་ལོ་ལྔ་ལ་ཉེ་བ་ཞིག་གི་རིང་དེར་དགོང་མོར་ཁྱེད་ཀྱིས་རུམ་པ་དང་། ནངས་མོར་སྐྲ་ཤད་པ། ཁ་ལག་བཀྲུ་བ། གོན་པ་འགེབས་པ་སོགས་བྱས་ནས་གཅེས་སྐྱོང་གང་ལེགས་བྱས།
ཁྱེད་ཉིད་སྨན་ཁང་དུ་འགྲོ་ཁར་མལ་ཁང་གཅིག་པའི་སློབ་གྲོགས་མཛེས་སྒྲོན་ལ་བུ་མོ་༼སྐལ་བཟང་སྐྱིད༽འདི་བཅོལ་དམ་བྱས་པ་དང་། སྨན་ཁང་དུ་སོང་རྗེས་ཀྱང་ཕྱིར་སློབ་གྲོགས་མཛེས་སྒྲོན་ལ་ཁ་པར་བཏངས་ནས་ངའི་བུ་མོ་དེ་བདག་བཟང་བོ་ཞིག་བྱོས་དང་། ང་སྨན་ཁང་ནས་བུད་དུས་ཁྱེད་གཉིས་ལ་ལེགས་སྐྱེས་བཟང་བོ་རེ་ཉོ་ཡོང་ཟེར་བའི་སྤྱིར་བཏང་གི་སྐད་ཆ་འདི་ལས་སྤྱིར་བཏང་མ་ཡིན་པ་མང་བོ་མང་བོ་ཞིག་རྟོགས་ཐུབ།
ཁྱེད་ཀྱིས་སྨན་ཁང་ནས་ཨ་མྱེ་སོགས་ལ་དགེ་རྒན་འཇམ་དབྱངས་ལགས་ལ་དགེ་རྒན་གཞན་དག་ལས་གོམས་འདྲིས་ཆེ་བ་དང་དུང་བ་ཟབ་པས་ཅི་ཞིག་ཞུ་དགོས་ཀྱང་འཚེར་སྣང་མེད་རབས་དང་། ངས་བཤད་པའི་སྐད་ཆ་མང་བོ་ཞིག་ཚད་མར་བཟུང་ནས་ཡང་ཡང་ལྡབ་ཚུལ་ཐོས་དུས་ངས་ཁྱོད་ལྷག་ཏུ་སྙིང་རྗེ་གི་གཅེས་ཕྲུག་མ།
དེ་རིང་ངས་ཀྱང་འདི་ནས་ཕྱིར་འདང་རེ་རྒྱབ་དུས། འུ་ཅག་དགེ་སློབ་ཚོའི་བྱ་སྤྱོད་མང་བོ་ཞིག་དྲན་ནས་མིག་གོང་ལ་མཆི་མ་འཁྲིགས་ཏེ་རབ་རིབ་ཏུ་གྱུར་ནས། ཁ་པར་གྱི་འཆར་ངོས་མི་མཐོང་བར་ཧད་དེ་ལུས་ནས་མི་སྡོད་ཐབས་མེད་ལྟ་བུ་ཐེངས་འགའ་ལ་བྱུང་།
ད་ལོ་ཁྱེད་ཚང་གི་འཛིན་གྲྭའི་གཞུང་སྒེར་གཉིས་ཀྱི་དཔེ་ཆའི་རྩོམ་སྒྲིག་པར་བསོད་ནམ་རྡོ་རྗེ་དང་སྒྲོལ་མ་མཚོ། ནོར་ལྷ་སྐྱིད་དང་༼ཤེལ་དཀར་ལྷ་མོ༽ཁྱེད་ཉིད་བཅས་བཞག་ནས་ལས་ཀ་ལས་པའི་སྐབས་སུ། ཉིན་ཞིག་ཁྱེད་ཉིད་གློབ་བུར་དུ་ངའི་གམ་དུ་འོང་ནས་སྨན་ཁང་དུ་འགྲོ་དགོས་ཚུལ་བཤད་དུས། ང་རང་ཧ་ལས་པའི་ངང་། ཁྱེད་ལ་ན་རྒྱུ་ཞིག་མེད་པ་འདྲ། ཅི་ཞིག་སྨན་པར་བསྟན་དགོས་ཞེས་དྲི་བ་ཞིག་རང་དབང་མེད་པར་ཤོར་མྱོང་། དེ་དུས་ཁྱེད་ལ་ཡང་ན་ལུགས་སོགས་གསལ་བོ་ཞིག་བཤད་རྒྱུ་མ་ཡོད་ཐལ།
ཡིན་ན་ཡང་། ཁྱེད་ཉིད་སྨན་པར་བསྟན་དགོས་ན་ཡག་པོ་ཞིག་སྟོན་དང་། ཁྱེད་རང་ཉིད་ཀྱི་སྒེར་དེབ་ལ་ང་ཚོས་དག་བཅོས་བྱེད་པ་སོགས་ལ་རེམ་ནས་ཨེ་འགྲུབ་བལྟ་ཞེས་སེམས་གསོ་ཞིག་བྱས་པ་དང་། ང་ལ་བཅོལ་བའི་ཁོ་མོའི་ཁ་པར་དེ་ཕྱིར་ཁོ་མོར་སྤྲད་ནས་མངགས་པ་ཡིན།
ཉིན་འགའི་རྗེས་སུ། ཁྱེད་ཚང་གིས་མོ་དང་ལུང་བསྟན་ཞུས་ནས་ཁྱོད་སྟོན་སའི་ཞིང་ཆེན་སྨན་ཁང་དང་བོ་དེར་འུ་ཅག་གི་སློབ་གཙོ་བཀའ་དྲིན་ཅན་ཐུབ་བསྟན་ཉི་མ་ལགས། ཁྱེད་བལྟ་རུ་ཕེབས་ནས་སྨན་ཡོན་ལ་དམངས་སྒོར་ཁྲི་གཉིས་སྤྲད་དེ། ཁྱེད་དང་ཁྱེད་ཀྱི་ཨ་ཅེ་གཉིས་ལ༼ཨ་ཅེ་ཟེར་བ་དེ་ནི་ཁོ་མོའི་ཨ་མ་ཡིན་མོད། མོ་རང་ཆུང་དུས་ཤིག་ནས་ཨ་ཡེ་དང་ཨ་མྱེ་གཉིས་ཀྱི་ཟུར་དུ་བསྐྱུར་དེ་གནས་ཡུལ་གཞན་ཞིག་ལ་བུད་སོང་བས་སྟབས་ཀྱིས་ཨ་ཅེ་ཟེར་བ་ལས་ཨ་མ་ཞེས་མ་བོས།༽ སློབ་གྲྭས་གཙོ་བོ་ཤེས་ཡོན་སྤྲད་ནས་གཉོར་སྐྱོང་བྱེད་པ་ལས། སྨན་བཅོས་སོགས་མང་བོ་ཞིག་ཤེས་ནི་མ་རེད་དེ། བཤའ་བཅོས་བྱེད་རྒྱུ་དེ་ལས་སླ་བོ་ཞིག་ཡིན་ནི་མ་རེད། ཁྱེད་ཚོས་བསམ་བློ་གཏོང་ཡག་བྱོས་དང་། སྨན་ཡོན་སོགས་ཀྱི་ཐད་ནས་སློབ་གྲྭས་རམ་འདེགས་གང་ལེགས་བྱེས་ངེས་ཟེར་དུས། སློབ་མ་ཁྱེད་ལ་སེམས་འགུལ་ཐེབས་ནས་སློབ་གཙོའི་ལུས་ལ་འཁྱུད་དེ་མིག་ཆུ་བཏོན་པར་ཐོས།
༢༠༡༦/༨/༡༤ ཉིན་ཁྱེད་ཚང་གི་འཛིན་གྲྭས་མཐར་ཕྱིན་སྤྲོ་ཚོགས་ཆེན་མོ་ཟབ་རྒྱས་ངང་ཚོགས་པ་དང་། ཁྱེད་ཚོར་སློབ་ཆུང་དང་སློབ་འབྲིང་གི་མཐར་ཕྱིན་དཔང་ཡིག་མཉམ་དུ་སྤྲད་པ་མ་ཟད། སློབ་བུ་ཚོགས་པ་དང་ཕ་སྐད་གཙང་མའི་དོ་དམ་པ་སོགས་ལ་ཡང་གཟི་བརྗིད་དཔང་ཡིག་གནང་ནས་གཟེངས་བསྟོད་བྱས་པ་རེད། དེ་དུས་སློབ་གྲོགས་དབང་སྐྱིད་ཀྱིས་ཁྱེད་ཀྱི་ཚབ་བྱས་ནས་ཕ་སྐད་གཙང་མའི་དོ་དམ་པའི་དབང་ཡིག་བླངས་ཡོད། ཉིན་དེར་ཁྱེད་ཀྱི་འཛིན་གྲྭའི་སློབ་གྲོགས་མང་བོ་ཞིག་གིས་ཁྱོད་དྲན་ནས་གླེང་གིན་ཡོད་པ་བདག་གིས་དངོས་སུ་ཐོས། ཡིན་ན་ཡང་དེ་དུས་ཁྱེད་ཉིད་བཤའ་བཅོས་བྱེད་ལ་ཉེ་འདུག
ཚེས་ ༡༥ ཉིན་སློབ་མ་ཚོར་དབྱར་གནང་བྱིན་པ་རེད། ཚེས་ ༡༦ ཉིན་གྱི་ཞོགས་པར་ངའང་སོས་དལ་དལ་བྱས་ནས་ཉལ་བསྡད་ཡོད་མོད། གློ་བུར་དུ་སློབ་གཙོ་ལགས་ཀྱིས་ཁ་པར་ཞིག་ཐོན་ནས། འཚུབ་ཆ་དང་བཅས་ཁྱེད་མགྱོག་པོར་ཡར་བཞེངས་དང་ངེད་གཉིས་ཟི་ལིང་དུ་འགྲོས་དགོས་བྱུང་སོང་ཟེར། དེ་དུས་ངས་ཅི་ཡིན་མི་ཤེས་མོད་། སེམས་ལ་དངངས་སྐྲག་ཅིག་སྐྱེས་ནས་སློབ་གཙོ་ལགས་ལ་དོན་དག་ཅི་ཡིན་ཞུས་པ་ན།
སློབ་གཙོས་སྐད་གདངས་ཅུང་ཇེ་དམའ་རུ་སོང་ནས་འུ་ཚང་གི་ཤེལ་དཀར་ལྷ་མོ་མ་འཚམས་ཟེར་དུས། ངས་ཨེ་བདེན་མི་བདེན་སྙམ་བཞིན་སྐྲག་སྣང་དང་བཅས་སྐད་ཅིག་དེ་ཉིད་ལ་ཡར་ལངས་ཞོར་དུ་སློབ་གཙོ་ལགས་ལ་ནན་འདྲི་ཞིག་བྱས་དུས་བདེན་པ་རེད། དེ་ཡང་ལོས་ཡིན་མ་གཏོགས་དེ་འདྲའི་ཀུ་རེ་བྱེད་ཚུལ་ཞིག་ག་ལ་ཡོད།
དེ་ནས་སློབ་གཙོ་ངེད་གཉིས་མགྱོགས་མྱུར་ངང་ལམ་ལ་ཆས་ནས་རྒྱུག་པ་ཡིན། དུས་ཚོད་བཅུ་ཡས་མས་ཤིག་གི་སྟེང་ལ་བུ་མོས་ཨ་ཅེ་ཟེར་བཞིན་པའི་ཨ་མས་ཁ་པར་ཞིག་འོང་ནས། ད་རུང་དབུགས་ཅུང་ཙམ་ཡོད་འདུག་ཟེར། དེ་དུས་སློབ་གཙོ་ངེད་གཉིས་ཀྱིས་སློབ་བུ་དེ་གསོན་པར་རེ་བ་བཅངས་ནས་མཆོག་གསུམ་ལ་གསོལ་བ་འདེབས་བཞིན་སོང་བ་ཡིན། དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་ཙམ་གྱི་སྟེང་དུ་ཚེ་ལས་འདས་ཏེ། སྨན་པ་ཚོས་དུས་ཚོད་གསུམ་གྱི་སྟེང་དུ་བེམ་པོ་སྦྱིན་རྒྱུ་ཡིན་པས་བདག་བྱེད་པར་གྲ་སྒྲིག་བྱོས་ཟེར་གྱིན་འདུག་ཟེར་ནས་ཡང་བསྐྱར་ཁ་པར་ཐོན་བྱུང་།
དེ་དུས་སློབ་གཙོ་ལགས་ཀྱིས་ཨ་མྱེ་དང་ཁྱེད་གཉིས་ལ་རོགས་བྱེད་མཁན་ཉེ་རིང་འདྲ་གཞན་སུ་ཡོད་ཅེས་དྲིས་དུས། ཁྱེད་གཉིས་སྒུག་པ་ལས་གཞན་གཅིག་ཀྱང་མེད་ཟེར། འོ་ན། ཁྱེད་གཉིས་ཀྱིས་བེམ་པོ་ལ་ལག་མ་རེག་པར་སྡོད་དང་དགེ་རྒན་འཇམ་དབྱངས་ངེད་གཉིས་མྱུར་དུ་ཐོན་འཇོག་ཟེར་ནས། རླངས་འཁོར་གྱི་འགྲོས་ཇེ་མགྱོགས་བཏང་། ཞོར་དུ་ཁོས་གྲོགས་པོ་འགའ་ལ་ཁ་པར་བཏང་ནས་སྤུར་འདྲུད་བྱེད་ཀྱི་རླངས་འཁོར་ཅིག་བཙལ་ནས་མགོ་ལོག་ཁུལ་ཐོག་བར་དུ་སྒོར་སུམ་སྟོང་ལྔ་བརྒྱ་སྤྲད་ནས་གླས་ཏེ་ཞིང་ཆེན་སྨན་ཁང་དུ་སོང་ནས་ཨ་མྱེ་ལ་ཐུག་དུས།
ཨ་མྱེས་མིག་ཆུ་འདོན་བཞིན་ཁྱེད་རྣམ་པས་ངའི་བུ་མོའི་ཁ་ནང་ལ་གསེར་བླུག་ནས་གཉོར་སྐྱོང་བྱས་ཏེ་ནར་སོན་དུ་བཅུག་མོད། ལས་ངན་ངས་ཁྱེད་རྣམ་པར་བུ་མོའི་རོ་མ་གཏོགས་སྤྲོད་རྒྱུ་མ་ཡོད་བསམ་ན། རྒན་པོ་ངས་སྲོན་མི་ཐུབ་ཀི་ཟེར་ནས་ངེད་གཉིས་ལ་མགོ་དུད་དེ་ཤུགས་ཆེན་པོས་ངུས། སློབ་གཙོས་ཨ་མྱེ་ལ་སེམས་ཤུགས་བསྐྱེད་དགོས་ལུགས་སོགས་ཀྱི་ཁ་ཏ་བྱས་པ་དང་། བུ་མོ་འདི་ཁྱེད་ཚང་གི་བུ་མོ་ཡིན་པ་ནང་བཞིན་ངེད་ཅག་གི་ཡང་ལས་དབང་གི་བུ་ཕྲུག་ངོ་མ་ཞིག་ལ་བརྩི་བཞིན་ཡོད་ཟེར་ནས་སེམས་གཏམ་བརྗོད།
སློབ་གཙོ་ངེད་གཉིས་བེམ་པོའི་གམ་དུ་སོང་ནས་སྨན་པ་ཚོར་བོས་ཏེ། སློབ་གཙོས་དྭ་ཕྲུག་སློབ་གྲྭ་ཞིག་གི་སློབ་གཙོ་ཡིན། བུ་མོའི་བདག་པོ་ང་ཡིན་ཟེར་ན་མི་འགྲིག་པ་ཡོད་ནི་མ་རེད། ངེད་ཅག་གིས་ཤེས་ཡོན་བསླབས་ནས་མི་ལོ་བརྒྱད་དགུ་ཞིག་རེད། ད་ལོ་དམའ་འབྲིང་མཐར་ཕྱིན་མ་ཐག་པ་ཡིན། ཁ་སང་ང་ཚོས་ཁྱེད་ཚོར་མི་བྱས་ནས་སྤྲད་པ་རེད། དེ་རིང་ཁྱེད་ཚོས་ང་ཅག་ལ་རོ་བྱས་ནས་སྤྲད་པ་བསམ་ན་ངོ་མ་བཟོད་དཀའ་བ་ཞིག་རེད། ངས་འདི་ལྟར་བཤད་དོན་ཁྱེད་སྨན་ཁང་ལ་གྱོད་རྒྱག་འདོད་པ་མིན། རྒྱུ་མཚན་ང་བོད་པ་ཞིག་ཡིན། ཆོས་སེམས་པ་ཞིག་ཡིན། ཁྱེད་ཅག་གིས་ཀྱང་བསམ་བཞིན་དུ་བསད་པ་མིན་པར་ང་ལ་ཡིད་ཆེས་གཙང་མ་ཡོད།
འོན་ཀྱང་། རྗེས་ཕྱོགས་མི་རིགས་སུ་ཡིན་རུང་། ཕོ་མོ་དང་རྒན་གཞོན་གང་ཞིག་ཡིན་ཡང་ཆོག གསོན་པའི་རེ་བ་ཡོད་ཚད་ཁྱེད་ཚོར་བཅོལ་ནས་ཐོན་ན། སྨན་བཅོས་བྱེད་སྐབས་གཟབ་གཟབ་བྱེད་པར་རེ་བ་སྙིང་ནས་ཞུ་བ་ཡིན་སོགས་ཟེར་དུས་སྨན་པ་འགའ་ལའང་སེམས་འགུལ་ཐེབས་ནས་ཐལ་མོ་སྦྱོར་བཞིན་མིག་ཆུ་བཏོན།
དེ་ནས་སློབ་གཙོ་ངེད་གཉིས་ཀྱིས་སློབ་མ་འདིའི་བེམ་རོ་དེ་གསོན་པོའི་ལུས་པོ་བཞིན་གཙང་སྦྲ་དང་བདག་ལེགས་པོ་བྱས་པ་དང་། མཚན་འགྲོ་བྱས་ནས་ཡར་མགོ་ལོག་ཏུ་འོང་ཏེ་བླ་མ་ཆོས་དབྱིངས་རིན་པོ་ཆེའི་མདུན་དུ་བཅར་ནས་ཁོང་གིས་མཚན་བརྗོད་པ་དང་། འཕོ་བ་འདེབས་པ། ཆོས་ངོ་སྤྲད་པ་སོགས་གཤིན་ཆོག་ཆ་ཚང་ཞིག་གསུངས། དེ་ནས་སློབ་གཙོ་ལགས་ཀྱིས་ཨ་མྱེས་ལག་ལ་དམངས་སྒོར་ཁྲི་འགའ་བཞག་ནས། ང་ཚོ་ཚང་མས་བུ་མོ་ལ་དགེ་བ་ཡག་པོ་ཞིག་བྱེད་ཨེ་ཐུབ་ལ་བལྟ་བ་ལས་སེམས་སྡུག་བྱས་པས་ནས་ཕན་པ་མེད་ལུགས་སོགས་སེམས་གཏམ་འགའ་བཤད་ནས་ལམ་འཇུག་བྱས།
འདི་ནི་དྲྭ་གྲོགས་ཚོར་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་དགེ་མིང་ཙམ་འཛིན་པ་ས་སྒང་འཇམ་དབྱངས་མཁྱེན་རབ་ཏུ་འབོད་པས་སློབ་བུ་འདི་ལ་མ་ཎི་དང་བསྔོ་སྨོན་རེ་སློང་ཕྱིར་དུ། ༢༠༡༦/༨/༡༧ ཉིན་སློབ་གླིང་དེ་གའི་རང་ཤག་ནས་སྐྱོ་བའི་མིག་ཆུ་འཐོར་བཞིན་རང་བཞིན་བརྗོད་པའི་ལམ་ནས་སྦྱར་བའོ།། ཨོཾ་མ་ཎི་པདྨེ་ཧཱོུཾ། ཨོཾ་མ་ཎི་པདྨེ་ཧཱོུཾ། ཨོཾ་མ་ཎི་པདྨེ་ཧཱོུཾ།
རྩོམ་འདི་བཀླགས་ནས་མིག་ཆ་ཐེངས་འགར་ལྷུང་། །
འགྱོད་པའི་ཆུ་བོས་སེམས་པ་མན་ནས་སོང་། །
རེ་བ་ཅན་ཞིག་འདི་ལྟར་བཞུད་པ་ལ། །
དགེ་སློབ་དག་དང་གདུང་སེམས་མཉམ་སྐྱེད་ཞུ། །
མན མནན ལ་བཅོས་སོ།།
ཡི་གར་འཆི་མ་འཁྲིགས་སོང་། སློབ་གཙོ། སློབ་དགེ། སློབ་མ་གསུམ་ཆར་གྱིས་ཡིད་སེམས་གཏིང་རིམ་ནས་བསྒུལ་སོང་།
བཀའ་དྲིན་ཆེ། སློབ་གཙོ་ལགས། བཀའ་དྲིན་ཆེ་སློབ་དགེ་ལགས། ཁྱེད་ཅག་གི་རྣམ་པར་དཀར་པའི་ལྷག་བསམ་གྱི་ཉི་མ་རྟག་ཏུ་ཤར་ན། ཡིད་འོང་མཛེས་སྡུག་གི་མེ་ཏོག་སྣ་ཚོགས་དུས་ནས་དུས་སུ་བཞད་ངེས། བཀའ་དྲིན་ཆེ།
གཏགས་ནོར། “མཆི་མ” རུ་བཅོ་བར་བྱ།
སྙན་ངག་གམ་སྣང་ཚུལ་འདི་བདག་གིས་སྐད་འཕྲིན་ནས་ཐེངས་ཤིག་བཀླགས་མྱོང་པར་མ་ཟད། སེམས་ཚོར་དང་དགའ་སྐྱོ་འདྲེས་མའི་མིག་མཐའ་མཆི་མས་བརླན། གང་ཡིན་ཟེར་ན་ འུ་ཚོའི་སྤྱི་ཚོགས་ནང་ལ་འདི་དང་འདི་འདྲ་བའི་སློབ་གཙོ་དང་དགེ་རྒན་རེ་ཟུང་གིས་ང་ཚོའི་མ་འོངས་པའི་སོན་རྩ་དག་ཕ་མས་ཕྲུ་གུ་སྐྱོང་བ་བཞིན་རང་ཉིད་བློས་བཏང་ནས་ཡོད་ཚད་སྤྱི་ཚོགས་ཤིག་ལ་ཁ་སྣོན་བྱས་པས་སྣང་ཚུལ་འདི་ མ་འོངས་བོད་ཀྱི་སོན་རྩ་དག་ལ་རེ་བ་དང་གསོན་ཤུགས་ཕར་མ་ཞིག་སྤྲད་པས་ཡེད་ཆེས་བརྟན་པོར་རྙེད། འོན་ཀྱང་། སློབ་མ་དེས་མ་འོངས་པའི་མི་རིགས་ཤིག་ལ་བརྩེ་བ་ག་འདྲ་ཞིག་བཅང་ཡོད་མེད་དེ་ཡང་གསལ་བོ་མཚོན་ཐུབ་འདུག་ གང་ལྟར། ཡིད་སྐྱོ་བ་ཞིག་ལ་ ཨ་ཧ་བོ་ཤི་རེ་གོ་
སློབ་གཙོ་དང་སློབ་དགེ་རྣམ་པས་རང་རིགས་ན་གཞོན་རྣམས་རང་གི་བུ་ཕྲུག་ངོ་མ་ཇི་བཞིན་གསོ་སྐྱོང་གནང་བར་བཀའ་དྲིན་ཆེ་ཞུ།
ཞོར་དུ་བརྗོད་འདོད་པ་ཞིག་ལ་སློབ་གྲྭའི་མིང་ལ་དྭ་ཕྲུག་སློབ་གྲྭ་མ་ཟེར་རོགས། ཡིན་རྒྱུ་དྭ་ཕྲུག་ཚོའི་ཆེད་དུ་བཙུགས་པའི་སློབ་གྲྭ་རེད་མོད། སློབ་མ་སེམས་ཁམས་ལ་དོ་ཕོག་མི་འགྲོ་བའི་ཆེད་མགོ་ལོག་རྟ་བྲག་སྐྱེས་ཚལ་སློབ་གྲྭ་ལྟ་བུ་གང་འོས་འདོགས་རོགས་ཞུ།