འབྲོང་བུ་ཟླ་བ་ཚེ་རིང།
གླེང་བརྗོད།
རང་ཉིད་ལོ་ངོ་བཅུ་བདུན་ལྷག་གི་རིང་ལ་སློབ་གྲྭའི་འཇིག་རྟེན་འགྲིམས་པའི་ཉམས་མྱོང་སྟབས་བདེ་ཁག་ཅིག་ཤ་རུས་གཅིག་པའི་བོད་རིགས་སློབ་གྲོགས་ཚོའི་མིག་ལམ་དུ་དྲངས་ན་རང་ཉིད་ལས་ལོ་གཞོན་པའི་སློབ་ཕྲུག་རྣམས་ལ་ཕན་ཐོགས་ཡོད་པར་སྙམ་སྟེ་འདི་རུ་འགོད་རྒྱུ་ཡིན། སློབ་སྦྱོང་ཞེས་པ་ནི་དོན་དངོས་ཐོག་རང་ཉིད་ཀྱི་བསམ་བློའི་གནས་ཚད་མཐོ་རུ་འདེགས་པའི་ཡོ་བྱེད་ཅིག་ཏུ་འགྱུར་མ་ཐུབ་ན་སློབ་སྦྱོང་བྱས་པའི་དོན་གོ་ཆོད་མེད་པར་བསམ། དེ་ཡང་མི་མང་པོ་ཞིག་གིས་སློབ་གྲྭ་ནི་མི་བཙོ་སྦྱང་བྱེད་སའི་བཟོ་གྲྭ་ལྟ་བུ་ལ་ངོས་འཛིན་བྱེད་བཞིན་པ་ལྟར། གང་ཟག་སུ་ཡང་རུང་བ་ཞིག་སློབ་གྲྭ་འགྲིམས་པའི་རྗེས་ལ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་ཚུལ་མཐའ་དག་ལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཚམས་པའི་ཡར་རྒྱས་ཀྱི་རྣམ་པ་ཞིག་ངེས་པར་དུ་འབྱུང་དགོས་པ་ཡིན། སྤྱིར་བཏང་སློབ་སྦྱོང་བྱེད་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་རང་ཉིད་ལ་རང་ཉིད་ཀྱི་ནུས་པ་དང་དགོས་མཁོ། འབྱུང་འགྱུར་བཅས་ལ་མཚམས་པའི་དམིགས་ཡུལ་ཞིག་དགོས་རྒྱུ་གལ་ཆེན་ཡིན་ལ། དམིགས་ཡུལ་དེ་འགྲུབ་ཆེད་རང་ཉིད་ཀྱི་ནུས་པ་ཡོད་རྒུ་འདོན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། འདི་དང་ཕྱོགས་མཚུངས་སུ་སློབ་སྦྱོང་གི་ཐབས་ལམ་འགའ་ཞིག་ནོར་མེད་དུ་བསྟེན་རྒྱུ་ཡང་གལ་ཆེན་ཡིན་པས། རང་ཉིད་ཀྱི་ཉམས་མྱོང་ངམ་སློབ་སྦྱོང་བྱས་པའི་ཁོར་ཡུག་ནས་རྙེད་པའི་ཐབས་ལམ་ཁ་ཤས་ཤིག་འགོད་པར་འཇུག་གོ
དང་པོ།
སློབ་ཕྲུག་རང་ཉིད་ཀྱི་སེམས་སུ་རང་ཉིད་ནི་མ་ཤེས་པ་ཞིག་སྦྱངས་པར་ཡོང་ཕྱིར། རང་ཐབས་ཤེས་ཡོད་རྒུ་བཏོན་ནས་སྐབས་བབ་ཀྱི་བསླབ་བྱ་དག་ངེས་པར་དུ་ཤེས་སུ་འཇུག་རྒྱུ་ཡིན་སྙམ་པའི་དམ་བཅའ་དང་མ་སྦྱངས་ན་མི་འགྲིག་སྙམ་པའི་བག་ཡོད་ཀྱི་འདུ་ཤེས་ཤིག་འཛིན་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། དེ་བསྟུན་གྱིས་ཉིན་རེའི་སློབ་སྦྱོང་བརྩོན་འགྲུས་ཀྱིས་རྒྱུན་བསྲིངས་དགོས།
གཉིས་པ།
སློབ་སྦྱོང་ཡག་པོ་ཞིག་བྱེད་པར་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་དགོས་ངེས་ཅན་ལྟར། དགེ་སློབ་དབར་གྱི་འདུ་ཤེས་དང་དམ་བཅའ་ཉར་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། སློབ་གྲོགས་ཕན་ཚུན་དབར་དུ་འདུ་ཤེས་ངེས་ཅན་ཞིག་ཉར་དགོས་རྒྱུ་ཡང་གལ་ཆེན་པོ་ཡིན། དེ་ཡང་གནའ་དུས་སུ་དགེ་རྒན་དེ་ཉིད་དུ་འཛིན་པ་སྟེ་དགེ་རྒན་ནི་སློབ་དཔོན་དང་བླ་མ་ལ་བརྩིས་དགོས་པ་ལས་རང་ཉིད་ཀྱི་ཕ་མ་དང་སྤུན་མཆེད། གྲོགས་ཉེ་དུ་སོགས་སུ་འཛིན་མི་ཉན་ལ་དམ་ཚིག་ངེས་པར་དུ་བརྟན་པོ་འཛིན་དགོས། དེ་བཞིན་སློབ་གྲོགས་ནི་རང་ཉིད་ཀྱི་ཆོས་གྲོགས་དང་སྤུན་མཆེད་ཀྱི་ཚད་དུ་འཛིན་དགོས་པའོ། འདི་ལྟར་བྱེད་ཐུབ་ཚེ་རང་བཞིན་གྱིས་སློབ་གྲོགས་ནང་ཁུལ་དང་མི་མཁོ་བའི་དཀའ་ངལ་གྱི་རིགས་འབྱུང་དཀོན་པ་མ་ཟད་། ཡར་རྒྱས་ཀྱི་གནས་ལ་གཅིག་ཕན་གཅིག་གྲོགས་ཀྱིས་འཇུག་ཐུབ་པ་ཡིན།
ཡུན་རིང་དཀའ་སྐྱེད་བརྟེན་པའི་གོ་རིམ་ཁྲོད།།
ཐོས་པ་མང་དག་བསགས་པའི་རྒྱ་ཆེན་འབྲས།།
སླར་ཡང་འབྲས་གང་བསྐྱེད་པའི་ས་བོན་དུ།།
ཡིད་ཆེས་རྒྱང་ནས་བྱས་ཡོད་འབྲོང་བུ་ལགས།།
འབྲོང་བུ་ལགས།
ཉིད་ཀྱི་གོང་རྩོམ་དེ་མིག་ཤར་ཞིག་བྱས་ཡིན་པས་ལེགས་སྣང་ཞིག་ཤར་སོང་། ག་ལེར་བསམ་ཚུལ་བརྗེ་ལེན་ཞུ་ཆོག་པ།
འབྲོང་བུ་ལགས།
ཁྱེད་རང་གིས་ཤ་རུས་གཅིག་པའི་བོད་རིགས་སློབ་གྲོགས་ཚོ་དང་རང་ཉིད་ལས་ལོ་གཞོན་པའི་སློབ་ཕྲུག་རྣམས་ལ་ཕན་ཐོགས་ཡོད་པར་སྙམ་ནས་བྲིས་པ་རེད་ལ། དངོས་གནས་བརྩེ་སེམས་དང་གཞན་ཕན་གྱི་ཀུན་སློང་ཡག་པོ་ཞིག་གིས་བྲིས་འདུག་པས་དངོས་གནས་ཕན་གི་རེད། བུ་རྒོད་པོ། བོད་མི་རིགས་ལ་ཕན་པའི་ལས་ག་རེ་ཡིན་ཀྱང་ངསམ་པ་རྣམ་དག་ཡིན་དགོས་པ་འདི་གལ་ཆེན་པོ་རེད། །
དོན་ཚན་བདུན་གྱི་ནང་ནས་དོན་ཚན་གཉིས་པ་དེ་ཅུང་ཉེན་ཁ་ཆེན་པོར་མཐོང་སོང་བས་བསམ་ཚུལ་འདི་ཞུ་འདོད་བྱུང་། དེ་ཡང་གནའ་དུས་སུ་དགེ་རྒན་དེ་ཉིད་དུ་འཛིན་པ་སྟེ་དགེ་རྒན་ནི་སློབ་དཔོན་དང་བླ་མ་ལ་བརྩིས་དགོས་པ་ལས་རང་ཉིད་ཀྱི་ཕ་མ་དང་སྤུན་མཆེད། གྲོགས་ཉེ་དུ་སོགས་སུ་འཛིན་མི་ཉན་ལ་དམ་ཚིག་ངེས་པར་དུ་བརྟན་པོ་འཛིན་དགོས། འདི་ཁ་གསལ་པོ་དེ་འདྲ་ཞིག་མི་འདུག གནའ་དུས་སུ་དགེ་རྒན་དེ་བླ་མ་ལྟ་བུར་བརྩིས་པས་ད་ལྟ་ཡང་དེ་ལྟར་བརྩི་དགོས་ཞེས་པའི་དོན་རེད་དམ། དེ་ཡིན་ན་ང་ལ་མོས་མཐུན་དཀོན་མཆོག་གསུམ་མེད། དགེ་རྒན་ཟེར་བ་དེ་ཚོ་ཅི་ཡང་མ་རེད། དགེ་རྒན་ཕལ་མོ་ཆེས་སློབ་གྲྭའི་ཁོར་ཡུག་ནས་གླ་ཕོག་གི་ཆེད་དུ་དུས་ཚོད་འཁྱོལ་སྤྱད་ཅིག་ཁ་བདེ་བོ་བྱས་ཏེ་བསླབ་ཁུལ་བྱེད་པ་མ་གཏོགས་སློབ་ཕྲུག་གི་མི་ཚེ་ལ་བསམ་བློ་གཏོང་མཁན་དཀོན་པོ་རེད། དགེ་རྒན་ཡག་པོ་ཞིག་ཡིན་ན་དེ་གྲོགས་པོ་ཞིག་ལ་བརྩིས་ན་ལོས་འགྲིགས། དེ་ལས་ལྷག་ཅིག་བརྩི་ཐུབ་ས་མ་རེད། མ་གཞི་དགེ་རྒན་ཁ་ཤས་དགྲ་ལ་བརྩི་དགོས་པ་ཡང་འདུག དགེ་རྒན་ཟེར་བའི་སྐྱག་པ་འདྲ་བོ་འདིས་ཕན་ཐོག་མེད་པ་དང་ནོར་བ་ཞིག་བསླབས་ཏེ་མགོ་སྐོར་བཏང་ཡོང་སྙམ་པའི་དོག་ཟོན་ཞིག་བྱས་ནས་ཁོའི་སློབ་ཁྲིད་ལ་ཉན་ན་རང་གི་ཤེས་རྟོགས་ལ་ཕན་པ་དེ་ལས་ཆེ་བ་ཡོང་དུས་ཀྱང་འདུག དགེ་རྒན་དཀྱུས་མ་ཞིག་དང་སློབ་ཕྲུག་བར་གྱི་འབྲེལ་བ་དེ་སློབ་ཁང་ནང་གི་འབྲེལ་བ་ཙམ་རེད། བླ་སློབ་བར་གྱི་འབྲེལ་བ་ཟེར་བ་དེ་ཚེ་རབས་གཏན་གྱི་འབྲེལ་བ་རེད། དེ་གཉིས་མཉམ་དུ་སྦྱར་ཡོང་ན་ཅི་ཡང་མ་ཤེས་པའི་རྟགས་རེད། ངས་འདི་ནས་ཁྱེད་ལ་ཐལ་མོ་སྙིང་ཁར་སྦྱར་ཏེ་གསོལ་བ་འདེབས་དོན་ཞིག་ནི་ལམ་སྟོན་འདི་འདྲ་མ་གནང་རོགས་ཞེས་ཞུ་གི་ཡོད། བླ་མ་བསྟེན་ཚུལ་ཟེར་བ་དེ་ཁག་པོ་ཞིག་རེད། དཔེར་ན། རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་གཟུང་༎སྐྱོན་ནི་ནམ་ཡང་གཟུང་མི་བྱ༎ཞེས་གསུངས་ཡོད་པ་རེད། དེང་སྐབས་ཀྱི་དགེ་རྒན་ཞིག་ལ་དེ་འདྲ་བྱེད་ག་ལ་རུང་། དགེ་རྒན་གྱི་ཁྲོད་ན་ལྐོག་རྔན་ཟ་མཁན་ཡོད་ལ་ཁྲིམས་འགལ་འཁྲིགས་སྤྱོད་བྱེད་མཁན་ཡང་ཡོད། དེ་ཚོ་ཡང་བླ་མ་ནང་བཞིན་བརྩིས་ན་ག་ལ་ཡོང་། ཁྱོད་ཀྱིས་སྐད་ཆ་ཤོད་སྟངས་འདི་འདྲས་སྤྱི་ཚོགས་ལམ་ལོག་ཏུ་ཁྲིད་ཀྱིན་འདུག་པས་ང་ཚོ་ལ་དགོས་པའི་ལམ་སྟོན་ཞིག་རེད་མི་འདུག་ཅེས་ཞུ་འདོད་བྱུང་།
འབའ་སྲས་དང་། མེ་ཏོག་དཀར་པོ། ཡེ་ཤེས་བཅས་ལགས། ཕེབས་པ་བཟང་བྱུང་། འདི་ནི་རང་ཉིད་ཀྱི་ཉམས་མྱོང་ཡིན་ལ་གཞོན་སྐྱེས་སློབ་གཉེར་བ་དག་ལ་ཕན་པར་བསམ་སྟེ་བྲིས་པ་ཡིན། དགོངས་ཚུལ་གསུངས་བར་ཐུགས་རྗེ་ཆེ།
རང་ཉིད་ལ་བསྟོད་པ་བྱེད་མཁན་ཚོ་ལ་ཐུགས་རྗེ་ཆེ་ཞུས་པ་ཙམ་གྱིས་འགྲིགས་ཀྱིན་མི་འདུག བསམ་འཆར་ངོ་མ་དེ་ངས་ཁྱེད་ལ་ཞུས་ཡོད། འདི་ནས་ང་ལ་ཐུགས་རྗེ་ཆེ་མི་ཞུ་དོན་ཅི་ཡིན། ཚིག་པ་ཟ་སོང་ངམ།
སྤོབས་པ་མཐའ་ཡས་ལགས། དགོངས་ཚུལ་ལྷུག་པོ་གསུངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། གོང་གི་སྐད་ཆ་དེའི་དོན་ནི་ཆུང་ཆུང་ཞིག་རེད་འདུག་ལབ་ན་འགྲིག་པ་རེད་ལ། ཆེན་པོ་ཆེན་པོ་ཞིག་ཁྱེད་ཀྱིས་གསུངས་པ་ལྟར་ལམ་སྟོན་ནོར་བ་ཞིག་རེད་ལབ་ན་ཡང་འགྲིག་པ་རེད། གཙོ་བོ་དེ་སྤྱི་ཚོགས་ཀྱི་རྒྱ་ཆེ་ཆུང་དང་ཁོར་ཡུག་གི་རང་བཞིན་ལ་རག་ལས་པ་རེད། གུས་པ་ང་རང་ལ་མཚོན་ན་ཡང་ལོ་ངོ་བཅུ་བདུན་ལྷག་གི་རིང་ལ་སློབ་གྲྭ་འགྲིམ་མྱོང་མཁན་ཞིག་ཡིན་པའི་ཆ་ནས་དགེ་རྒན་མང་པོ་ཞིག་ལ་བསྟེན་མྱོང་ལ། སློབ་གྲོགས་ཡང་མང་པོ་ཞིག་ལ་ཐུག་མྱོང། དགེ་རྒན་གྱི་བྱ་སྤྱོད་རིགས་གཅིག་ལ་བརྟེན་ནས་དགེ་རྒན་དེ་ཡག་པོ་མིན་པ་ཞིག་ལ་སྒྲུབ་མི་རུང། དགེ་རྒན་སུ་དང་སུ་ལ་ཡང་ཁྱད་ཆོས་དང་ཡོན་ཏན་རེ་ཡོད་པ་རེད། ཁྱད་ཆོས་དང་ཡོན་ཏན་དེ་ལ་བརྟེན་ནས་དགེ་རྒན་ཁོང་དགེ་རྒན་དུ་བཀུར་ཐུབ་ན་རང་ཉིད་ཀྱི་ཡོན་ཏན་ལ་འཕར་བསྐྱེད་ཤིན་ཏུ་ཆེ། རེད་ཡ། ཁྱེད་ཀྱིས་གསུངས་བ་ལྟར་ང་རང་ཡང་བཟང་སྤྱོད་ལོག་ཅིང་ཡོན་ཏན་གྱི་ཆུ་ཚད་མཐོན་པོ་མེད་པའི་དགེ་རྒན་མང་པོ་ཞིག་ཐུག་མྱོང། ཁོང་ཚོས་ལོ་གཅིག་དང་གཉིས་ཀྱི་རིང་ལ་ངའི་དགེ་རྒན་བྱས་པ་རེད། གང་ལྟར་ཀྱང་ལོ་ངོ་དེ་དག་གི་རིང་ལ་ངས་སྦྱངས་བ་མཐའ་དག་ཁོང་ཚོའི་བཀའ་དྲིན་ཡིན་པ་མངོན་གསལ་རེད།
གནད་དོན་གཞན་ཞིག་ནི་སློབ་ཕྲུག་རང་ཉིད་ཀྱི་ཀུན་སློང་ལ་རག་ལས་པ་ཞིག་རེད། སློབ་ཕྲུག་རང་ཉིད་ཀྱིས་དགེ་རྒན་དེ་དགེ་རྒན་དུ་འཛིན་མ་ཐུབ་ཚེ་གཞི་རིམ་སློབ་གྲྭ་ན་སློབ་སྦྱོང་ལ་འཐུས་ཤོར་གྱི་སྐྱོན་ཞིག་ལྷག་བཞིན་འདུག དེ་ཡང་དགེ་རྒན་ལ་བརྩི་བཀུར་དང་ཆེ་མཐོངས་མེད་པ་དང། དེའི་ཁྲིད་བྱའི་གནས་ལ་དོ་སྣང་མེད་པ། དེ་བཞིན་ངོ་ཚ་དང་འཚར་སྣང་སོགས་མེད་པར་འགྱུར་བས། སློབ་ཕྲུག་དེས་སྦྱངས་གཞི་ཞིག་སྦྱངས་ཁག་པོ་རེད། གནད་དོན་གཞན་ཞིག་བརྗེད་འདུག དེ་ནི་དགེ་རྒན་དགྲ་ལྟ་བུར་བལྟ་མི་ཉན་པ་འདི་རེད། དེ་ལྟར་བལྟས་ཚེ། དགེ་རྒན་དེའི་གསུངས་བ་མཐའ་དག་ཡིད་དུ་མི་འོངས་བར་སྣང་ལ། དེའི་མཇུག་འབྲས་ནི་སློབ་ཕྲུག་རང་ཉིད་ཀྱི་གྱོང་རེད།
དགོངས་ཚུལ་གསུངས་བར་ཡང་བསྐྱར་ཐུགས་རྗེ་ཆེ་ཟེར།
དགེ་རྒན་ལ་ཤེས་ཡོན་དང་ལྷག་བསམ་མེད་པ་ཤེས་སོང་ན་ད་དུང་ཡང་ཁྱོད་ཀྱིས་ལོ་ཤས་རིང་སྦྱངས་བ་མཐའ་དག་དེ་རྒན་གྱི་བཀའ་དྲིན་ཡིན་ཟེར་བ་དེ་དྲང་པོ་མ་རེད། ཁྱོད་ཀྱིས་སློབ་གྲྭར་སློབ་སྦྱོང་བྱ་ཐུབ་པ་དེ་གཙོ་བོ་ཁྱོད་རང་ཉིད་ཀྱི་སྙིང་རུས་དང་ཤེས་རབ་དེའི་བཀའ་དྲིན་རེད། དེ་ནས་མཐུན་རྐྱེན་སྦྱོར་མཁན་དེས་ཁྱོད་དང་དགེ་རྒན་ཐེབས་ཆག་དེ་ཚོ་ཚང་མ་གསོས་ཡོད་པ་རེད། དེའི་བཀའ་དྲིན་ཡང་རེད། དེ་ནས་ཡུལ་ལུང་པའི་འཛིན་སྐྱོང་གཞུང་དང་མ་བྱན་དང་གད་པ་སོགས་སྲི་ཞུ་བ་ཡོད་ཚད་ཀྱི་བཀའ་དྲིན་རེད་མ་གཏོགས་བཀའ་དྲིན་ཡོད་ཚད་དགེ་རྒན་ལ་སྦྱར་ན་དྲང་པོ་མ་རེད། ཁྱོད་ཀྱིས་དགེ་རྒན་ལ་འཛིན་པའི་ལྟ་ཚུལ་འདི་ཡང་དཀར་པོའི་ཆོས་ཡོད་ཚད་བླ་མའི་བཀའ་དྲིན་དུ་ལྟ་བའི་བླ་མ་བསྟེན་ཚུལ་དེའི་ཤུགས་རྐྱེན་ཐེབས་ཚར་འདུག ངས་བལྟས་ན་སློབ་གྲྭ་ཞིག་གི་དགེ་རྒན་དང་མ་བྱན་གཉིས་ལ་བཀའ་དྲིན་ཆེ་ཆུང་གི་ཁྱད་པར་ཞིག་མི་འདུག་དྲན་གྱིན་ཡོད། ལ
མ་གཞི་དགེ་རྒན་བརྩིས་ནས་ག་རེ་བྱེད། སློབ་གྲྭར་ཡོང་བ་དེ་སློབ་སྦྱོང་ལ་དུང་ནས་ཡོང་བ་རེད་མ་གཏོགས་དགེ་རྒན་ལ་དུང་ནས་ཡོང་བ་ནི་མ་རེད། ང་ལ་མཚོན་ན་སློབ་གྲྭ་ནས་ཕྱི་ལོགས་སུ་ཐོན་ནས་རྒྱ་ཆེ་ཞིབ་སྣ་མང་ཅན་གྱི་འཇིག་རྟེན་འདིའི་འཚོ་བ་ལ་ཞུགས་སྐབས་སློབ་གྲྭ་ཟེར་བ་དེ་རིན་ཐང་ཆེན་པོ་ཅི་ཡང་རེད་མི་འདུག་སྙམ་བྱུང་། སློབ་སྦྱོང་ངོ་མ་དེ་སློབ་གྲྭའི་ཕྱི་ལ་ཐོན་པའི་ཉིན་ནས་རག་བྱུང་། དགེ་རྒན་ཟེར་བ་དེ་ཚོ་གསང་སྤྱོད་སྒོ་ཁའི་སྐྱག་གླ་ལེན་མཁན་ཚོ་༼ས་ཁུལ་ཁ་ཤས་ན་གསང་སྤྱོད་ནང་དུ་འགྲོ་དུས་གླ་དངུལ་ལེན་མཁན་ཞིག་བསྡད་ཡོད་པ་དེ་ཚོ་ལ་ཟེར་གྱིན་ཡོད།༽དང་འདྲ་བོ་རེད། གླ་ཆ་ཞིག་གི་ཆེད་དུ་སློབ་ཁང་ནང་དུ་འཛུལ་ཡོང་བ་ཙམ་རེད།
ངས་ཡང་བསྐྱར་ཞིབ་བལྟ་བྱས་པ་ཡིན། ཡག་པོ་བྲིས་འདུག སློབ་མ་ཞིག་གིས་འདི་འདྲའི་བསམ་བློ་གཏོང་ཐུབ་པ་ནི་དངོས་གནས་ཁག་པོ་རེད་ལ། ཡིག་ཐོག་ཏུ་འབྲི་ཐུབ་རྒྱུ་དེ་བས་ཁག་པོརེད། རིག་བཟང་གི་བུ་ ཡིན་ད།།
མཁྱེན་ལྡན་སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་༼༼དགེ་རྒན་ཟེར་བ་དེ་ཚོ་གསང་སྤྱོད་སྒོ་ཁའི་སྐྱག་གླ་ལེན་མཁན་ཚོ་༼ས་ཁུལ་ཁ་ཤས་ན་གསང་སྤྱོད་ནང་དུ་འགྲོ་དུས་གླ་དངུལ་ལེན་མཁན་ཞིག་བསྡད་ཡོད་པ་དེ་ཚོ་ལ་ཟེར་གྱིན་ཡོད།༽དང་འདྲ་བོ་རེད། གླ་ཆ་ཞིག་གི་ཆེད་དུ་སློབ་ཁང་ནང་དུ་འཛུལ་ཡོང་བ་ཙམ་རེད།༽༽ཅེས་གསུངས་དགོས་པའི་དོན་ཅི་ཞིག་ཡིན་ནམ། ཅུང་ཐད་ཆེ་དྲགས་འདུག་པ་འདྲ། དགེ་རྒན་ནི་སློབ་ཕྲུག་ཚོའི་མུན་སེལ་གྱི་སྒྲོན་མེ་ལྟ་བུ་རེད། དམའ་རིམ་འཛིན་གྲྭ་ཁག་གི་དགེ་རྒན་ཕལ་ཆེ་བར་འཛིན་རིམ་བཅུ་གཉིས་དང་དགེ་རྒན་འོས་སྦྱོང་གི་གནས་ཚད་ལས་ཡོད་པ་མ་རེད། འོན་ཀྱང་། ཁོང་ཚོས་བྱིས་པ་དག་ལ་༼ཀ་ཁ ག་ང་།༽ དང་༼A B C D ༽ ༼ ༡ ༢ ༣ ༤ ༽ སོགས་བསླབ་ཏེ་བྱིས་པ་ཚོའི་རིག་པའི་སྒོ་མོ་ཡོངས་སུ་ཕྱེས་བཞིན་ཡོད་པ་རེད། འདི་དགེ་རྒན་གྱི་བཀའ་དྲིན་རེད། ད་མང་པོ་བཤད་རྒྱུ་མིན། ད་བཤད་བཞིན་བཤད་བཞིན་ཚིག་གསུམ་ཁྲིད་མཁན་ཡང་དགེ་རྒན་རེད་བསམ་གྱི་འདུག དངོས་ནས་བཀའ་དྲིན་ཆེན་པོ་རེད།
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱི་བསམ་ཚུལ་ལ་བདེན་པ་གཏན་ནས་མིན་འདུག་ཅེས་ཞུ་མི་སྤོབས་ཀྱང་། བསམ་ཚུལ་དེ་གཡོན་ཐལ་ཆེ་དྲག་འདུག་དྲན། འབྲོང་བུས་དགེ་རྒན་ལ་གུས་བཀུར་བྱ་དགོས་རབས་དང་དགེ་རྒན་དཀའ་དྲིན་ཆེ་ཚུལ་གསུངས་པ་ནི་སྤྱི་ལྡོག་ནས་བཤད་པ་ཡིན་པས་འགལ་བ་མེད་པ་མ་ཚད་དོན་ལའང་གནས་པ་ཞིག་རེད། དེ་མ་གཏོགས་དགེ་རྒན་རེ་རེ་ནས་མཛུབ་མོ་བཙུག་སྟེ་འདི་ལེགས་དང་འདི་མི་ལེགས་ཞེས་སུ་ཞིག་གིས་བརྗོད་ནུས། ཁྱེད་ཀྱིས་བཤད་སྟངས་ལྟར་བྱས་ནའང་འགལ་བ་ཆེ་སྟེ། དགེ་རྒན་ཚང་མ་ལྷག་བསམ་མེད་པར་སྒོར་མོ་ཁོ་ནའི་ཆེད་དུ་ལས་ཀར་ཞུགས་ཚུལ་དང་། སློབ་ཕྲུག་རྣམས་ལ་དགེ་རྒན་བཀའ་དྲིན་མི་ཆེ་ཚུལ་བཤད་པ་ནི་འཇིག་རྟན་ཡོངས་གྲགས་ཀྱི་བགྲོས་དང་ཡང་འགལ་སྟབས། དཀོན་མཆོག་གསུམ་ཞེས་མནའ་སྐྱེལ་བ་ཙམ་ལས་རྒྱུ་མཚན་གང་ཡང་མ་མཐོང་། ཡང་ཁྱེད་ཀྱིས། སློབ་སྦྱོང་ངོ་མ་དེ་སློབ་གྲྭ་ལས་འཐོན་རྗེས་འཐོབ་ཚུལ་བཤད་པ་ནི་ལེགས་པར་བཤད་པ་ཞིག་ཏུ་སྣ
འབྲོང་བུ་ནི་ང་དང་ལོ་ངོ་བཞི་ཙམ་ལ་འགྲོགས་འདྲིས་ཟབ་པའི་སློབ་ཕྲུག་ཞིག་ཡིན། ངས་ཐོག་མར་ཁོ་ངོ་ཤེས་དུས་སུ། ཁོ་ནི་རིག་པ་གསལ་ཞིང་རྣམ་དཔྱོད་རྣོ་བའི་གྲས་མིན་ལ། སློབ་སྦྱོང་གི་རྨང་གཞི་ཡང་དེ་ཙམ་མི་ལེགས། ཡིན་ན་ཡང་ཁོང་ལ་ཡོད་པ་ནི་དགེ་རྒན་གྱི་སློབ་ཁྲིད་སྐབས་གཟབ་ནན་གྱིས་ཉན་ཞིང་། དགེ་རྒན་གྱིས་སྤྲད་པའི་ནང་ལས་ཁག་དུས་ལྟར་འབྲི་མཁན་ཞིག་ཡིན་པ་མ་ཟད། རང་ཉིད་དགེ་རྒན་དང་རྒྱང་དུ་བསྡད་དེ་དགེ་རྒན་ལས་རང་ཉིད་ཡིན་མདོག་སྟོན་མཁན་གྱི་གྲས་ཡང་མིན་པར། དགེ་རྒན་དང་འདྲིས་སླ་ཞིང་དགེ་རྒན་ནི་དགེ་རྒན་དུ་བརྩི་བའི་སློབ་མ་མིག་དཔེར་འོས་པ་ཞིག་ཡིན། དེ་བས་ཁོང་གི་སློབ་སྦྱོང་གི་ཆུ་ཚད་ཉིན་རེ་ནས་ཉིན་རེར། ཟླ་བ་ནས་ཟླ་རེར་བྱས་ནས་མཐོ་རླབས་ཆེན་པོ་བྱུང་བ་འདི་ཡང་དགེ་རྒན་ལ་དགེ་རྒན་དུ་བཟུང་བའི་འདུ་ཤེས་བཟང་པོ་གཅིག་པུ་ཆ་ནས་མིན་ན་ཡང་འདི་དང་འབྲེལ་བ་ཏན་ཏན་ཡོད་པར་འདོད་དོ།།
འབྲོང་བུ་ལགས།
༡ སློབ་གཉེར་བ་ནང་པ་ཞིག་ཡིན་པའི་དབང་དུ་གཏང་ན་ཤེས་རབ་ཀྱི་ལྷ་མཆོག་འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལྟ་བུའི་སྣང་བརྙན་བྲིས་འབུར་གང་རུང་ཉལ་ཁང་གི་སྟེངས་མཐོ་བ་ཞིག་ཏུ་འཇོག་སྟེ། སྔ་དྲོ་ཁ་ལག་ཁྲུས་ཏེ་དེ་དག་གི་བསྒོམ་བཟླས་བརྒྱ་ཙམ་རེ་མ་ཆགས་པ་གནང་ན་ཤེས་ཡོན་ཐད་ལ་ཕན་ཐོགས་ཏན་ཏན་ཡོངས།
༢ སློབ་གྲྭའི་ལོ་རེའི་གུང་སེང་ངམ་བདུན་རེའི་གུང་སེང་ལྟ་བུའི་སྐབས་སྙན་གྲགས་ལྡན་པའི་དེབ་ཁག་བལྟ་ཀློག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་། དེབ་ལྟ་ཀློག་བྱ་རྒྱུའི་གོམས་གཤིས་འཇགས་འཇུག་དགོས། མཁས་པ་ཞིག་གིས་གསུངས་པ་ལྟར་ན་དེབ་བཟང་པོ་ཞིག་ཀློག་ན་མཁས་དབང་ཞིག་དང་བགྲོ་གླེང་བྱས་པ་ཁྱད་པར་མེད་པར་བཤད། དེ་བཞིན་རང་ཉིད་ཀྱི་ཁམས་གཤིས་སྐྱོན་ཆེ་རིགས་གང་ཡོད་པ་དེའི་གཉེན་པོར་འགྲོ་ངེས་པའི་མཁས་དབང་ཁག་གི་གསུང་ཚིག་དུམ་ཁག་དེབ་ཏུ་ཟུར་བྲིས་སམ་བློ་ལ་ངེས་པར་བྱས་ཏེ་དུས་དང་དུས་སུ་བསམ་བློ་གཏོང་ན་སློབ་སྦྱོང་ལ་བསྐུལ་ལྕགས་གཏོང་ངེས།
༣ གལ་ཆེ་ཤོས་ཤིག་ནི་རང་ཉིད་ཅིའི་ཕྱིར་སློབ་གྲྭར་ཡོད་པ་འདི་རེད། རང་ཉིད་ཤེས་ཡོན་ཆེད་སློབ་གྲྭར་ཡོད་པ་མ་བརྗེད་པར་ཡང་ཡང་དྲན་དགོས་ལ། གལ་ཆེ་བ་གཞན་ཞིག་ནི་ཤེས་ཡོན་གལ་ཆེ་ཚུལ་ལོ་རྒྱུས། སྒྲུང། དཔེ། རྒྱུ་མཚན་སོགས་ཀྱིས་སློབ་ཕྲུག་སོ་སོའི་བློ་ཚོད་དང་མཐུན་པར་བློ་ལ་འཇགས་ངེས་ཤིག་བྱ་དགོས་ཏེ། དེ་འདྲའི་ཡོན་ཏན་ཞིག་མཐོང་དུས་ངམ་ངམ་ཤུགས་ཀྱིས་འཇུག་པར་འགྱུར་ལ། དེས་རང་གཞན་སུ་ལའང་དཀའ་ངལ་མེད་པར་ཤེས་ཡོན་གྱི་གཏེར་ཆེན་པོ་ཐོབ་པར་འགྱུར་ངེས་པ་ཡིན།
༤ ཤེས་ཡོན་གཅིག་པུ་མིན་པར་དེ་ལག་ལེན་བསྟར་བ་ལ་ལྷག་བསམ་མམ། གཞན་ཕན་གྱི་བསམ་པ་འདི་མེད་ན་མི་འགྲིག་སྟེ། འཛམ་གླིང་ནང་འཇིགས་སྣང་ཆེས་ཆེ་བའི་བྱ་སྤྱོད་སྤེལ་བ་བོ་འདི་དག་ཀྱང་ཤེས་ཡོན་གཅིག་པོའི་སྟེང་ནས་བསམ་ན་ཤེས་ཚད་མཐོན་པོར་སོན་པ་མང་ཚུལ་དེང་དུས་ང་ཚོས་ཤེས་བཞིན་པ་འདི་ཡིན་སྟབས་བསམ་བཟང་དང་འབྲེལ་བའི་ཤེས་ཡོན་གལ་ཆེ་ཚུལ་སྐོར་ལ་དགེ་རྒན་ནས་སློབ་སྟོན་ཞུ་དགོས།
འབྲོང་བུ་ལགས། ཁྱེད་ཀྱིས་སྐས་འཛེགས་བདུན་པོའི་ཤུགས་བསྟན་དུ་འདིར་ངས་བསམ་ཚུལ་རོབ་ཚོད་ཙམ་བཀོད་པ་ཡིན།
འབའ་སྲས་ལགས། ཡང་བསྐྱར་ཕེབས་པས་དགའ་བྱུང་། དགོངས་ཚུལ་གསུངས་བར་ཐུགས་རྗེ་ཆེ།
མེ་ཏོག་དཀར་པོ་ལགས། ཁྱེད་ཀྱིས་གསུངས་བའི་དོན་ཚན་བཞི་བོ་འདི་དག་དངོས་ནས་ཡིད་ལ་འབབ་པ་ཞིག་འདུག མིག་རྒྱ་བསྐྱེད་བྱུང་ལ། བློ་རྒྱ་ཡང་བསྐྱེད་བྱུང། ལམ་སྟོན་གནང་བར་ཐུགས་རྗེ་ཆེ། གུས་པས་གང་འཇོན་གྱིས་འབད་པ་བྱས་ཆོག
མེ་ཏོག་དཀར་པོས་གསུངས་པར་རྒྱབ་དགའ་བསུ་ཡོད།
སྤོབས་པ་མཐའ་ཡས་ནི་སྤོབས་པ་མཐའ་ཡས་པའི་སྐྱོན་འདུག་སྙམས།
དགེ་རྒན་ལ་གསང་སྤྱོད་ཀྱི་སྒོ་ཁར་གླ་ལེན་པ་པོའི་འདུ་ཤེས་ལས་མེད་པ་ནི་ཆེས་ཐལ་ཆ་ཆེ་བའི་གཏམ་རང་རེད། ཁྱེད་ཀྱིས་བརྗོད་བབས་འདི་ལ་ལྟས་ན་ཁྱེད་རང་ཕལ་ཆེར་དགེ་རྒན་ལས་ང་མཁས་ང་འཇོན་སྙམས་པའི་སྤོབས་པས་དྲེགས་ཏེ་སློབ་གྲྭར་དགེ་རྒན་ལ་བརྩི་བསྐུར་མེད་ཅིང་སློབ་གྲྭའི་སྒྲིགས་ལམ་མ་བསྲུང་ནས་སློབ་གྲྭ་ནས་ཕྱིར་འབུད་བྱས་པའི་མི་བོ་ཞིག་ཡིན་པར་ཚོད་དཔག་བྱེད་ཐུབ།
དེ་མིན་ང་ཚོ་ཧི་མ་ལ་ཡཱའི་མི་བརྒྱུད་པའི་གནའ་སྲོལ་བཟང་པོ་ཞིག་ནི་ཕ་མ་དང་དགེ་རྒན་ལ་གུས་བརྩི་ཞུ་དགོསཚུལ་མགོ་བླ་དཔོན་ནས་བར་ཕ་མ་དང་མཐའ་མ་ཁྱེད་རང་གིས་གསུངས་པ་ལྟར་གསང་སྤྱོད་ཀྱི་སྒོ་ཁར་གླ་ལེན་པ་ཡན་ཆད་ཀྱིས་མ་ནི་འདོན་པ་ལྟར་བཤད་སྲོལ་ཡོད་པ་ས་གྲགས་གནམ་གྲགས་རེད།
དགེ་རྒན་བྱེ་བྲག་གམ་གང་ཡང་རུང་བ་གཅིག་ལ་སློབ་མར་བརྩེ་བ་མེད་པ་དང་སྤྱོད་ལམ་ཡག་པོ་མེད་པའི་རྐྱེན་གྱིས་དགེ་རྒན་མཐའ་དག་ལ་ཁ་བརྡུང་གཏོང་བ་ནི་རིག་པ་སྨྲ་བ་པ་ཞིག་ཡིན་ན་སྤྱི་དང་བྱེ་བྲག་གི་དབྱེ་བ་མ་ཕྱེས་པར་རྒྱུག་པ་ལེབ་བརྡུང་བྱེད་མཁན་ཞིག་ཏུ་མཐོང། གལ་ཏེ་དགེ་རྒན་བྱེ་བྲག་པ་གཅིག་གིས་ཀུན་སྤྱོད་ཀྱིས་དགེ་རྒན་མཐའ་དག་ལ་ཁ་བརྡུང་གཏོང་དགོས་ན།
དེ་ཡིན་ན་ངོས་ནས་ཁྱེད་ལ་ཁྱབ་འགྲིག་ཅིག་འཕེན་པར་འདོད། འཛམ་གླིང་གི་མི་ལ་ཁྱེད་ཀྱིས་དགེ་རྒན་ལ་ཁ་བརྡུང་བཏངས་པ་ལྟར་མི་ལའང་དེ་ལྟ་བུའི་ཁ་བརྡུང་ཆོག་པར་ཐལ། འཛམ་གླིང་གི་མི་བྱེ་བྲག་པ་ཞིག་གི་བྱ་སྤྱོད་ཧ་ཅང་གིས་ཐལ་བ་དེ་ལྟར་ཡོད་པའི་ཕྱིར། དཔེར་ན།
བྷིན་ལ་དྷིན་བཞིན་ནོ།
གྲོགས་དམ་པ་འབྲོང་བུ་ལགས་ཀྱི་རྩོམ་འདི་བྐླགས་པ་ཡིན།
ད་དོགས་འདྲི་བྱེད་གི་ཡིན།
དང་པོ།
“སྐབས་བབ་ཀྱི་བསླབ་བྱ་དག་”གང་དང་གང་རེད།
གཉིས།
“དགེ་སློབ་དབར་གྱི་དམ་བཅའ་”ཟེར་ན་ག་རེ་རེད།
གསུམ།
“ཡང་དག་པའི་བཏང་སྙོམས་ཀྱི་བསམ་བློའི་འཁྱེར་ཕྱོགས་”ཟེར་བ་འདི་ལ་ཞིབ་འགྲེལ་ཞིག་བྱེད་རོགས།
བཞི།
གོང་གི་”གཞན་མཐའ་དག་འབྲེལ་མེད་དུ་སྒོམ་སྟངས་”དེ་དང་འོག་གི་”དོགས་འདྲི་”གཉིས་ལ་འབྲེལ་བ་ཡོད་དམ།
དོགས་འདྲི་འདི་ཚོའི་སྒང་ལ་ཁྱེད་ཀྱི་བསམ་ཚུལ་ཅིག་ཤོད་དང་།
ངས་ཉན་གི་ཡིན།
ངས་དགེ་རྒན་དགེ་རྒན་གྱི་ཚད་དུ་བརྩི་མི་དགོས་ཞེས་ནམ་ཡང་བཤད་མེད། ངའི་སེམས་ལ་མ་འཕྲོད་པ་ངོ་མ་དེ་ཟླ་བ་ཚེ་རིང་ལགས་ཀྱིས་དགེ་རྒན་དེ་བླ་མ་ལྟ་བུར་བརྩི་དགོས་ཚུལ་དང་དེ་ཡང་དམ་ཚིག་ཟེར་བའི་གསང་སྔགས་ཀྱི་ཚིག་འདི་འདྲ་བ་བེད་སྤྱད་ཡོང་དུས་ཧ་ཅང་ཐལ་ཆེ་བ་དང་གཡོན་ཐལ་ཆེ་བའི་ལམ་དུ་གྱར་འདུག་བསམ་ནས་ངས་བསམ་ཚུལ་བཤད་ཀྱིན་ཡོད། ང་ཚོས་དགེ་རྒན་ལྷ་ལྟ་བུར་བཀུར་བ་དེ་ང་ཚོའི་སྐྱོན་ཆེན་པོ་ཞིག་རེད་མ་གཏོགས་ངོམ་འོས་པའི་ཡོན་ཏན་ཞིག་ཅི་ཡང་མ་རེད། འདི་ཡང་ང་ཚོས་མི་ལོ་ལྔ་བཅུ་འཐུས་ཤོར་དུ་སོང་བའི་རྒྱུ་རྐྱེན་གཅིག་རེད། ངས་བསམ་ན་གསང་སྤྱོད་སྒོ་ཁའི་སྐྱག་གླ་ལེན་མཁན་དང་དགེ་རྒན་གཉིས་ལ་གུས་བརྩི་ཞུ་དགོས་མིན་གྱི་ཁྱད་པར་ཞིག་མཐོང་གིན་མི་འདུག གསང་སྤྱོད་སྒོ་ཁའི་སྐྱག་གླ་ལེན་པ་དེ་ཡང་ལས་རིགས་ཤིག་རེད། འཇིག་རྟེན་འདིའི་ལས་རིགས་ཤིག་ཡིན་ཕྱིན་ལས་ཀ་དེ་གལ་ཆེན་ཞིག་ལོས་ཡིན། ངས་དགེ་རྒན་གླ་ཆའི་ཆེད་དུ་སློབ་ཁང་དུ་འཛུལ་ཡོད་པ་རེད་ཟེར་དོན་དེ་འདི་ཡིན། ཁྱོད་ཚོས་དང་བླངས་བྱས་ནས་ཡོང་མཁན་གྱི་དགེ་རྒན་ག་ཚོད་མཐོང་མྱོང་། ཆོས་དགེ་དེ་ཚོ་ལ་ལྟོས་དང་། དེ་ཚོ་གྲྭ་བ་ཡིན་ཟེར་གྱིན་ཡོད་པ་རེད། གླ་ཆ་སྒོར་མོ་སྟོང་ཕྲག་མང་པོ་ལེན་གྱིན་ཡོད་པ་རེད། དེ་ཚོ་ལ་བཟའ་ཚང་ནི་མེད། ལྷག་བསམ་གྱིས་ཡོང་བ་ཡིན་ན་གླ་ཆ་དེ་འདྲ་མང་པོ་བླངས་ནས་ག་རེ་བྱེད། གླ་ཆའི་སྟེང་ནས་གཅོག་འཕྲི་ཞིག་ཀྱང་བྱེད་ཀྱིན་མི་འདུག་ག དགེ་རྒན་འདི་ཚོ་ལ་དོག་གཟབ་གྱིས། འདི་ཚོས་ལམ་ལོག་ཏུ་ཁྲིད་འགྲོ་གི་རེད།
འབའ་སྲས་ལགས་ཀྱིས་འབྲོང་བུ་འདི་དགེ་རྒན་གྱི་རྗེས་འབྲངས་པ་ཡག་པོ་ཞིག་ཡིན་ཟེར་བ་དེ་མ་བཤད་ན་ཡང་ངས་སྔོན་ནས་ཤེས་ཡོད། ངས་ཁོང་ངོ་མི་ཤེས་ན་ཡང་ཁོང་གི་སྐད་ཆ་བཤད་སྟངས་འདི་ལས་དགེ་རྒན་གྱི་སྒྲ་སྡུད་འཁོར་ལོ་ཙམ་ཞིག་ཡིན་པ་ཁོའི་བཤད་སྟངས་ལས་ཤེས་ཐུབ་པ་ཞིག་རེད།
རིག་འབྱུང་བུ། ཕེབས་པ་བཟང་། ད་ངས་ཁྱེད་ལ་གསལ་བཤད་ཐུང་ངུ་ཞིག་བྱེད། འདི་ནི་གཞི་རིམ་དང་འབྲིང་རིམ་སློབ་གྲྭ་འགྲིམས་སྐབས་ཡང་བྲིས་བསྐྱར་བྲིས་བྱས་པ་ཞིག་ཡིན་པས། དེའི་གནས་བབ་ལ་བསྟུན་ནས་དོགས་འདྲི་དག་ལ་ལན་ཐུང་ངུ་རེ་རྒྱག་རྒྱུ་ཡིན།
༡༽ ༼སྐབས་བབ་ཀྱི་བསླབ་བྱ་དག༽ ཅེས་པ་འདི་སྦྱངས་བྱ་ལ་གོ་དགོས། དེ་བས་གཞི་རིམ་སློབ་གྲྭ་བ་ཞིག་ལ་མཚོན་ནས་བཤད་ན་བོད་ཡིག་དང། དབྱིན་ཡིག ཨང་རྩིས། ཚན་རིག སྤྱི་ཚོགས་རིག་གནས་བཅས་རེད་ལ། ཚན་རིག་གི་སྡེ་ཚན་འགྲིམས་པའི་སློབ་ཕྲུག་ང་ལྟ་བུ་ཞིག་ལ་མཚོན་ན་བོད་ཡིག་དང། དབྱིན་ཡིག ཨང་རྩིས། དངོས་ཁམས་རིག་པ། རྫས་འགྱུར་རིག་པ་བཅས་ཡིན།
༢༽ ༼དགེ་སློབ་དབར་གྱི་དམ་བཅའ༽ ཞེས་བ་འདི་དགེ་རྒན་ཞིག་ཡིན་ན་སློབ་ཕྲུག་ལ་ཡི་གེ་ཡག་པོ་ཞིག་ཁྲིད་དགོས་ཞེས་དགོངས་བའི་དམ་བཅའ་དང། སློབ་ཕྲུག་ཅིག་ཡིན་ན་ཡི་གེ་ཡག་པོ་ཞིག་སྦྱངས་དགོས་བསམ་པའི་དམ་བཅའ་འདི་ལ་གོ་ན་འགྲིག ད་དུང་གཏིང་འབྲེལ་བྱ་རྒྱུ་ཡོད་པ་འདྲ།
༣༽ ༼ཡང་དག་པའི་བཏང་སྙོམས་ཀྱི་བསམ་བློའི་འཁྱེར་ཕྱོགས༽ ཞེས་པ་འདི་རང་ཉིད་ལ་རང་ཉིད་ཀྱིས་བཏང་འཛིན་ཡག་པོ་ཞིག་བྱེད་ཐུབ་པའི་བསམ་བློ་ལ་གོ་བ་ཡིན། དཔེར་ན། ང་རྒྱལ་གྱིས་བསླངས་བའི་འགྲན་རྩོད་ཆེ་དྲགས་སོང་ན་སློབ་གྲོགས་ནང་ཁུལ་དུ་མི་མཁོ་བའི་འགལ་རྐྱེན་སྣ་ཚོགས་འབྱུང་བ་དང། རང་ཉིད་ཀྱིས་རང་ཉིད་དམན་སར་འཇོག་རྒྱུ་མང་དྲགས་སོང་ན་མདུན་བསྐྱོད་ལ་གཞོལ་མི་ཐུབ་པ་ཡིན།
༤༽ གོང་གི་”གཞན་མཐའ་དག་འབྲེལ་མེད་དུ་སྒོམ་སྟངས་”དེ་དང་འོག་གི་”དོགས་འདྲི་”གཉིས་ལ་འབྲེལ་བ་མེད། འདི་གཉིས་ནི་གནས་སྟངས་མི་འདྲ་བ་གཉིས་ལ་བརྟེན་ནས་འགྲེལ་དགོས་པ་རེད། དང་པོ་དེ་ནི་རང་ཉིད་ཀྱིས་སྦྱངས་ཚན་གཅིག་སྦྱངས་བཞིན་པའི་སྐབས་སུ་སྦྱངས་ཚན་གཞན་དང་འབྲེལ་མེད་དུ་བསམ་སྟེ་བློ་རྩེ་གཅིག་སྒྲིམ་བྱེད་དགོས་པར་བཤད་པ་ཡིན། ཕལ་ཆེར་ཁྱེད་ཀྱི་དྲན་ཡུལ་ན་ཡང་ཡོད་ཀྱི་རེད། ང་ཚོའི་འཛིན་གྲོགས་ཁ་ཤས་ཀྱིས་ཀྱང་སློབ་ཚན་གཅིག་སྦྱངས་སྐབས་བློ་རྩེ་གཅིག་སྒྲིམ་བྱེད་མ་ཐུབ་པར་སློབ་ཚན་འདྲ་མི་འདྲར་བསམ་བློ་བཏང་བ་ལ་བརྟེན་ནས་ཆུ་ཚོད་གཅིག་གི་རིང་ལ་ཡང་ཤོག་ངོས་གཅིག་ཀྱང་རང་སྦྱོང་བྱེད་མ་ཐུབ་པར་ལྷག་བསྡད་ཡོད་པ་འདྲ་བོ་རེད། དེ་བས་གནས་སྐབས་དེ་ལ་སློབ་ཚན་གཞན་དག་འབྲེལ་མེད་དུ་སྒོམ་དགོས་པ་ཡིན། གཉིས་པ་དོགས་འདྲི་འདི་ངེས་པར་དུ་ཡོད་དགོས་པ་ཡིན། སྐབས་བབ་ཀྱི་བཤད་སྟངས་འདི་དག་གནས་སྟངས་བྱེ་བྲག་པ་ཞིག་ལ་བརྟེན་ནས་གོ་བ་ལེན་རོགས། ངས་སློབ་ཚན་ཞིག་སྦྱོངས་སྐབས་དོགས་འདྲི་དགོས་པ་མ་རེད་ཟེར་བཞིན་མེད། འདི་ངས་རང་ཉིད་ཀྱི་ཉམས་མྱོང་ལ་གཞིར་བཞག་པ་ཡིན། བྱ་ཐབས་འདིས་བསྐྱེད་པའི་འབྲས་བུ་དངོས་ནས་གཡུར་དུ་ཟ་བ་ཞིག་རེད། དེ་བས་གོང་གི་འདི་གཉིས་འགལ་ཟླར་འགྲོ་བཞིན་མེད། གནས་སྟངས་གཞིགས་པ་ཡིན།
འདི་དག་ད་དུང་མཐོ་རིམ་སློབ་གྲྭར་བསྐྱོད་སྐབས་ཀྱང་བེད་སྤྱོད་བྱ་ཆོག་པ་ཞིག་ཡིན་པར་འདོད།
ད་དེ་ཙམ་ཡིན། རྗེས་ནས་མཇལ།
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། ཡང་བསྐྱར་ཕེབས་པར་དགའ་བསུ་ཞུ།
རྒྱ་ཆེ་ས་ནས་བཤད་ན་ཐོག་མ་ཉིད་ནས་ངས་ཁྱེད་ཀྱི་དགོངས་ཚུལ་དེ་ག་རང་བདེན་པ་ཡིན་པའི་ཁས་ལེན་བྱས་ཚར་ཡོད། འོན་ཀྱང་དེ་ལ་གསལ་བཤད་བྱེད་ཐུབ་མ་སོང་བས་དགོངས་འགལ་མེད་པར་མཁྱེན།
ངས་ཀྱང་དགེ་རྒན་བླ་མ་ལྟ་བུར་འཛིན་དགོས་ཞེས་བཤད་བཞིན་མེད། སློབ་གྲྭ་ན་དགེ་རྒན་བླ་མ་ལྟ་བུ་ཞིག་ཡོད་ཀྱི་མ་རེད་ལ། སློབ་ཕྲུག་ཀྱང་ལུག་ངག་ཡིད་གསུམ་འབུལ་ཐུབ་མཁན་ཞིག་ཡོད་ཁག་པོ་རེད། ངས་ཟེར་ཡ་དེ་ནི། དགེ་རྒན་དེ་དགེ་རྒན་གྱི་ས་ལ་འཇོག་ཐུབ་ན་ཡག་པོ་འདུག་ཅེས་པ་འདི་ཡིན། དགེ་རྒན་འདི་དགེ་རྒན་གྱི་ས་ལ་འཇོག་མ་ཐུབ་པར་གྲོགས་དང་གཉེན་ཉེ་དུ་ལྟ་བུ་ཞིག་བརྩིས་བ་ལ་བརྟེན་ནས་དགེ་སློབ་དབར་དུ་འཁྲིག་སྤྱོད་སོགས་ཀྱི་གནད་དོན་བྱུང་བཞིན་ཡོད་ལ། དགེ་སློབ་ཁ་ཤས་ཀྱིས་དུ་ཆང་སོགས་མཉམ་དུ་སྤྱོད་བཞིན་ཡོད། འདི་ནི་དགེ་སློབ་སྤྱིའི་མིག་ནང་དུ་ཁྱོན་ནས་མི་ཡག་པ་ཞིག་ཡིན་པ་མ་ཟད། སློབ་ཕྲུག་རང་ཉིད་ཀྱི་བྱ་སྤྱོད་གཉིས་ཀྱང་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།
ད་ཐེངས་དེ་ཙམ་ཡིན། ཐུགས་རྗེ་ཆེ།