རྒྱུན་དུ་སྐྱིད་ཟུར་ལགས་ལ་ཞོགས་པ་བུ་ལོན་བདའ་མཁན་མང་དྲགས་ནས་གཞཱུང་གི་མཛད་སྒོ་ཁག་གི་རྗེས་ཟིན་གྱི་མེད་སྟབས། ཉིན་ཞིག་མགྲོན་ཆེས་བཀའ་བཀྱོན་གནང་བ་རེད། དེར་སྐྱིད་ཟུར་ལགས་སེམས་ཤིན་ཏུ་སྐྱོ་པོ་བྱུང་སྟེ་མིག་ཆུ་ཐིགས་པ་ཕྲུམ་ཕྲུམ་དུ། ལྷ་དགོངས་དྭངས་པ་ཞུ། ཁོ་བོའི་མིང་ལ་སྐྱིད་པོ་ཟུར་དུ་བསྡད་པ་ལྟར་སྣང་ཡང། དོན་དུ་སྡུག་པོའི་དཀྱིལ་དུ་ཚུད་པ་རང་ཡིན། ཞོགས་ལྟར་སྐྲ་གྲངས་ཆུ་གཉེར་ལྟར་གྱི་བུ་ལོན་བདའ་མཁན་རྣམས་ལ་ཁ་ཡ་བྱེད་དགོས་པས་མཛད་སྒོའི་རྗེས་མ་ཟིན་པ་ལས། གཞུང་ས་དགའ་ལྡན་ཕོ་བྲང་ལ་ཁྱད་གསོད་སྒལ་རལ་ཞུས་པ་རྩ་བ་ནས་མིན་ཞེས་སླར་ཡང་མིག་ཆུ་བཏང། མགྲོན་ཆེས་འོ་ན་ཁྱོད་ཀྱིས་དངོས་པོ་ཇི་ཡོད་ཐོ་ཡིག་རྫུན་སྤངས་བདེན་འཛིན་ཞིག་འཁྱེར་ཤོག་གཞུང་ས་ནས་ཐུགས་ཁུར་གཟིགས་བསྐྱངས་འདྲ་ཡོང་སྲིད་པས་སྐྱབས་མགོན་སྦུག་ལ་སྙན་སེང་ཞུ་ཆོག་གསུངས། དེར་སྐྱིད་ཟུར་ལགས་ནས་བཀའ་དྲིན་བླ་མེད་ཆེ་ཞེས་དངོས་ཐོ་གསལ་བའི་ཀ་ཕྲེང་སྙན་ངག་ཅིག་ཕུལ་བ་གཤམ་གསལ་ལགས་སོ།།
ཀ་བའི་ལོག་ལ་རྟ་མགོ་སྤུས་ལེགས་གཅིག།།
ཁ་ཤའི་པགས་པའི་ཇ་ཁུག་མགོ་འབྲེལ་གཅིག།།
ག་སོང་བློ་སྐྱོག་ཆུང་འདྲིས་སྙིང་སྡུག་གཅིག།།
ང་རའི་དུས་ཀྱི་ཐུག་ཁོག་ལུང་ཆག་གཅིག།།
ཅ་གསབ་བསྐྱངས་པའི་མེ་ཏོག་ཁོག་མ་གཅིག།།
ཆ་མེད་ཡ་མེད་རྟ་སྒྲོ་སྙིང་སོང་གཅིག།།
ཇ་ཁུ་ལྡིར་བྱེད་ཨུ་ལུ་ཁ་དུམ་གཅིག།།
ཉ་ཤ་གཙབ་བྱེད་ཨན་རྡར་གས་ཆག་གཅིག།།
རྟ་མེད་སྒ་མེད་སྲབ་སྨད་ཆད་དུམ་གཅིག།།
ཐ་མག་གང་ཟག་ཐང་ཁུག་རང་འགྲིགས་གཅིག།།
ད་ལྟ་ཟ་བྱེད་ལ་ཕུག་ཆག་པ་གཅིག།།
ན་རྟེན་ཤི་རྟེན་གཡང་ཊམ་དཀར་པོ་གཅིག།།
པ་ཕའི་དུས་ཀྱི་འབོག་ཐོ་རྙིང་སོང་གཅིག།།
ཕ་མའི་དུས་ཀྱི་ཁ་གདན་རལ་པོ་གཅིག།།
བ་མོ་མེད་པའི་འོ་ཟོ་རྐུབ་ལུག་གཅིག།།
མར་འདྲ་བྱུང་ན་བླུག་བྱེད་མར་ཀག་གཅིག།།
རྩ་ཡིས་བརྒྱངས་པའི་འབོལ་གདན་རྙིང་རུལ་གཅིག།།
ཚ་ཁུག་ནང་དུ་ཚ་རྡོག་ཆུང་ངུ་གཅིག།།
ཛ་ཛོར་བླུག་སའི་ཤིང་སྒམ་ཁེབས་མེད་གཅིག།།
ཝ་ནག་ཞ་མོ་མུག་པས་བཟས་པ་གཅིག།།
ཞ་ཐུལ་སྤུ་ཟད་རྒྱབ་ཤ་རལ་པ་གཅིག།།
བཟའ་བཏུང་བྱེད་པའིལྷོ་རོང་སྐྱ་ཕོར་གཅིག།།
འབ་རྒྱུ་མེད་པའི་རྒྱ་ཁྱི་ཐིགས་རལ་གཅིག།།
ཡ་དོ་མེ་དཔའི་རྡོ་གཏུན་གཏིང་ཏིང་གཅིག།།
ར་ཅོའི་ཡུ་བའི་གྲི་ཆུང་ལེགས་ཙམ་གཅིག།།
ལ་ཕུག་བརྡར་སའི་ལབ་རྡར་ཟད་ཏོ་གཅིག།།
ཤ་ཚལ་བྱུང་ན་གཏུབ་བྱེད་ཚལ་ཏའོགཅིག།།
སཁྲིའི་སྟེང་དུ་བཙུགས་ཕྲུག་སྤུ་ཟད་གཅིག།།
ཧ་ཅང་གཅེས་པའིགཡུ་རྩིའི་ཁོག་ལྡིར་གཅིག།།
ཨ་མས་བསྐུར་བའི་བུ་རམ་རྩ་སྒོར་གཅིག།།
དེ་མིན་རིན་ཐང་ཆེ་བ་གང་ཡང་མེད།།
ཅེས་བྲིས་ཏེ་ཕུལ་བར་གོང་ས་སྦུག་ནས་གཟིགས་རྗེས་བཀའ་དྲིན་དགོངས་བཞེས་གནང་ལུགས་བརྗོད་སྲོལ་ཡོད་དོ།།།
གོང་གི་སྙན་ངག་དེ་ཤིན་དུ་སྙན་པོ་འདུག སྐྱིད་ཟུར་ལགས་ཞུ་མཁན་དེ་ངོ་མ་སྙན་ངག་མཁན་མཁན་ལེགས་པོ་ཞིག་རེད་འདུག དེང་སང་གི་སྙན་ངག་མཁན་མང་པོ་ཞིག་དང་མི་འདྲ་བ་ནི། ཁོང་གིས་རང་གི་འཚོ་བ་དངོས་དེ་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་དངོས་ཡོད་དང་ལེགས་པར་སྦྱར་ནས་རང་གི་ཉམས་མྱོང་བྲིས་འདུག དེས་ཁོང་གི་དྲང་གཤིས་ཁོང་ལ་དགའ་བཞེན་ཞིག་ཤུགས་ཀྱིས་ཤར་ཡོང་བཞིན་འདུག
ད་དུང་ཁོང་གི་རྩོམ་གཞན་ཡོད་ན་འདིར་བཀོད་རོགས་གནང་།
རྗེས་མ་ང་ཚོ་ཚང་མས་ཁོང་གིས་ད་ཡོད་ཀྱི་རྩོམ་ཚང་མ་ཞིག་བསྡུ་རུབ་བྱས་ནས་དེབ་གཅིག་བཏོན་ཐུབ་ན་ཅི་མ་རུང་།
ངའི་རེ་བ་ལ་
དེ་དངོས་གནས་ཡག་པོ་འདུག་
ཤར་ཕྱོགས་གངས་རིའི་རྩེ་ནས༏
དཀར་གསལ་ཟླ་བ་ཤར་བྱུང་༏
དཀར་གསལ་ཟླ་བའི་ངོག་ནས༏
དཔལ་ལྡན་བླ་མ་མཇལ་བྱུང་༏
ངས་སྐྱིད་ཟུར་ལགས་ཀྱི་སྙན་ངག་གཞན་ཞིག་བརྙེད་བྱུང་།
ཀ་པ་ལ་ནས་སྤུ་ཞིག་བཀོག
ཁ་ཡི་ཟུར་དུ་བཙུགས་པ་འདྲ།
ག་ནས་བལྟས་ཀྱང་འདྲེ་འདྲ་བ།
ང་ལ་གནོད་པ་མ་སྐྱེལ་ཨང་།
སུ་རེད་སྐྱིད་ཟུར་ཟེར་བ་དེ་སུ་རེད
མི་ཡི་མཐོང་ན་འདྲེ་བ༏
རང་གི་མཐོང་ན་ལྷ་འདྲ་བ༏
ལྷ་དང་འདྲེ་གཉིས་སུས་མཐོང་ན༏
རང་གར་བཞག་ན་མི་ཡིན་ནོ༏
ཨ་རོ་མི་འགྱུར།
སྐྱིད་ཟུར་ཟེར་བ་འདི་སྡེ་པ་གཞུང་གི་དྲུང་འཁོར་དཀྱུས་མ་ཞིག་རེད། ཕལ་ཆེར་རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པའི་སྐབས་ལ་རེད་འདུག ཁོང་འཚོ་བ་ཤིན་དུ་སྐྱོ་པོ་ཡིན་པ་དང་། གཞན་ནས་འབུ་ལོན་མང་པོ་བླངས་ཡོད་སྟབས། ཚེ་གང་འབུ་ལོན་མ་འདེད་མཁན་དང་ཁ་མི་བྲལ་བར་ཞུགས་འདུག
ཡིན་ནའི་ཁོང་རིག་པ་ཤིན་དུ་གསལ་པོ་དང་སྙན་ངག་ལེགས་པོ་ཤེས་ཙང་། རང་གི་བདེ་སྡུག་དང་། སྤྱི་ཚོགས་ཀྱི་གནས་སྟངས་རྣམས་སྙན་ངག་གོ་བདེ་པོ་ཞིག་གི་ནང་གསལ་པོར་བྲིས་ཐུབ་མཁན་ཞིག་རེད་འདུག ལྷ་ས་བ་ལོ་ན་རྒན་པའི་ནང་ཁོང་གི་སྐོར་ལ་མང་པོ་གསུངས་རྒྱུ་འདུག དཔེར་ན་ཁྱིམ་བདག་ཞིག་གིས་བེའུ་ནད་པ་ཞིག་ལ་ཐུག་པ་བསྟེར་བ་མཐོང་སྐབས།
གསོན་དུས་འོ་མའི་བྱམས་སྐྱོང་མེད་པར།
ཤི་དུས་ཐུག་པའི་འཁུ་བས་ག་ལ་ཕན།
བེའུ་མི་སྡོད་བེའུ་ནི་མགྱོགས་པོ་འགྲོ་
བེའུ་མགྱོགས་པོ་ཁོག་མའི་ནང་དུ་འགྲོ།
བསམ་ཤེས་ཡ་བསམ་ཤེས། འབུ་ལོན་ཟེར་བ་དེ་ཅི་ཞིག་རེད། “གཞན་ནས་འབུ་ལོན་མང་པོ་བླངས་ཡོད་སྟབས། ཚེ་གང་འབུ་ལོན་མ་འདེད་མཁན་དང་”
ད་དུང་”འབུ་ལོན་མ་འདེད་མཁན་དང”་་་་་བུ་ལོན་འདེད་མཁན་རེད་དམ་མ་འདེད་མཁན་རེད། ཨ་རོ་ད་བེ་རི་འཇིགས་མེད་ཀྱིས་འབྲི་འབྲི་མ་བྱེད་ཀོ སྐུ་མཁྱེན།
བསམ་གཏན། དགོངས་པ་དག་པ་གནང་རོགས། ཡིག་ནོར་ཁ་ཤས་ཤོར་འདུག
དང་པོ་དེ། འབུ་ལོན་མིན། བུ་ལོན་ཡིན།
གཉིས་པ་དེ། ཚེ་གང་བུ་ལོན་འདེད་མཁན་དང་ཁ་བྲལ་མྱོང་མེད་ཟེར་བ་ཡིན།
ཁྱེད་ཀྱིས་དག་བཅོས་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
འ་ལ་ལ། དེ་འདྲའི་ཀ་རྩོམ་སྙན་པོ་ཞིག འཚོ་བ་རྗེན་པར་སྟོན་པ། ལྷ་སའི་ཡུལ་སྐད་ཡིན་པ་གང་ཞིག་ལ་སྤྱི་ཡོང་ནས་གོ་ཐུབ་པ། ཅ་དངོས་ཀྱི་མིང་དེ་ཚོ། ད་དུང་སྐབས་དེར་ཅ་དངོས་གང་འདྲ་ཞིག་བེད་སྤྱོད་གཏོང་བཞིན་ཡོད་པ། སྤྱི་ཚོགས་རྙིང་པའི་གཞུང་ཞབས་པའི་ནང་ན་ཡང་སྐྱོ་བོ་ཡོད་པ། ད་དུང་སྐྱོ་བོ་ཡིན་ན་བོད་སྡེ་བ་གཞུང་ནས་གནང་སྦྱིན་ཡོད་པ། རྩོམ་ཡིག་འདི་ལ་ཁ་བརྡ་དྲ་ཁང་ནང་ནས་བྱ་དགའ་ཨང་དང་པོ་དེ་འབབ་ཀི
གོང་གི་ཀ་རྩོམ་འདི་ངས་བཞས་གདང་ཁ་ཤས་ལ་ཚོད་བལྟ་བྱས་པ་ཡིན། དེ་ཡང་རོལ་ཆ་དང་མཉམ་དུ། འདི་གནའ་རབས་བོད་པའི་བསྐངས་གསོའི་དབྱངས་རྟ་བྱས་ནས་བཏང་ན་ཡག་པོ་ཡོང་པར་མ་ཟད། དེང་སང་ཨ་རིའི་ཁུལ་ལ་དར་སོ་ཆེ་བའི་རེབ་བྱས་ནས་བཏང་ཡང་སྙན་པོ་ཡོང་པ་འདུག དེར་མ་ཟད་རྒྱ་ནག་གི་ཁྰེ་ཕན་གྱི་རྟ་བཏང་ན་ཡང་ཡག་པོ་ཡོང་བ་འདུག ངོ་ནས་སྙན་པོ་འདུག