(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
ཕོ་རོག་དཀར་པོས་བྲིས།
དགའ་སྐྱོ་རེས་སུ་འབྱུང་བའི་སེམས་ཁམས་ཀྱི་གཤིས་སུ།།
འགོག་མེད་ངང་གིས་འཆར་བའི་རྣམ་རྟོག་གི་འགྱུ་བ།།
ང་དང་ཁོ་མོ་མེད་པའི་དོན་དམ་གྱི་དབྱིངས་ནས།།
རང་མྱོང་བརྗོད་དུ་མེད་པའི་ན་ཟུག་ཅིག་འབར་བྱུང་།།
ང་ཡིས་གང་ཚོར་ཁོ་མོའི་སེམས་ཁམས་ཀྱིས་ཚོར་ཞིང་།།
ཁོ་མོས་གང་མྱོང་ང་ཡིས་རྣམ་ཤེས་ཀྱིས་མྱོང་བའི།།
མྱོང་ཚོར་ཐ་མི་དད་པའི་ལུས་སེམས་ཀྱི་འབྲེལ་བས།།
ང་དང་ཁོ་མོའི་བརྩེ་འདང་ལྷན་ཅིག་ཏུ་མདུད་འདུག།
སྐད་ཅིག་ངང་གིས་འགྱུར་བའི་དྲན་སྣང་གི་འཆར་སྒོ།།
ཐོལ་བྱུང་ཚོར་སྣང་གློག་གི་གར་སྟབས་སུ་འདྲེས་དུས།།
ཡོད་ཡོད་འདྲ་བའི་འཁོར་བའི་འདུ་འགོད་ཀྱི་ཀློང་ན།།
རྟག་བརྟན་ཡལ་དུ་མེད་པ་ཁོ་མོ་ཡི་རང་གཤིས།།
སེམས་པ་སེམས་ཀྱིས་ཚོར་བའི་རང་མྱོང་གི་སྐད་ཆ།།
རྨིས་པའི་རྨི་ལམ་ནང་གི་ངུ་དགོད་དུ་འགྲེལ་བའི།།
རྟོགས་སད་ངེས་ཤེས་ཐོར་བུ་མེ་སྟག་བཞིན་མཆེད་དུས།།
ང་དང་ཁོ་མོ་འཁོར་བའི་གཏིང་རིམ་ན་ཟགས་འདུག།
ཟིན་མེད་བྱ་བཞག་ཆུ་ཡི་གཉེར་མ་བཞིན་བྱུང་ཞིང་།།
ལས་བསྐོས་ལས་ལ་ཁོང་ཁྲོའི་ཨམ་གཙིགས་ཤིག་བསྡམས་ཏེ།།
ཁུ་ཚུར་བྲག་ངོས་རྡེག་པའི་བླུན་རྟགས་རེ་བྱས་ནས།།
རེ་ཞིག་སེམས་ངལ་གསོ་བའི་ངང་ཚུལ་འདི་སྐྱོ་བ།།
ལུས་ཀྱིས་གང་ཚོར་སེམས་ཀྱིས་མྱོང་བ་རུ་འགྱུར་ཞིང་།།
སེམས་ཀྱི་མྱོང་བ་ལུས་ཀྱིས་ཚོར་བ་རུ་མེད་པའི།།
མྱོང་ཚོར་ཟད་མཐའ་མེད་པའི་བདག་སེམས་ཀྱི་དྲན་པ།།
སྐད་ཅིག་སྐད་ཅིག་འགྱུར་བའི་ཆོས་ཉིད་ཅིག་མཐོང་བྱུང་།།
ཨུ་ཚུགས་ནན་གྱིས་སྒོམ་པའི་དོན་དམ་གྱི་དབྱིངས་ནས།།
མ་བསྒོམས་ངང་གིས་འཆར་བ་ཁོ་མོ་ཡི་ཞལ་རས།།
སྣང་ལ་རང་བཞིན་མེད་པའི་འཛིན་སྟངས་ཀྱི་ཡུལ་དུ།།
སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བ་འདི་ཨེ་ཧོ།།
རྣོ་བའི་ཟུར་མིག་འཛུམ་པའི་མེ་ཏོག་གི་གདོང་ཅན།།
འདོད་པའི་བདེ་སྟེར་སྦྲང་རྩིའི་ལང་ཚོ་རུ་སྨིན་པའི།།
ཚེ་གཅིག་འདུན་མ་སྒྲུབ་པའི་གཏན་གྲོགས་སུ་བསམས་ནས།།
མི་བརྗེད་སེམས་ཀྱི་དབུས་ནས་ཁྱོད་རང་ལ་འབོད་དོ།།
མི་རྟག་མི་རྟག་ཟེར་བའི་མི་ཚེ་ཡི་ནང་དུ།།
རྟག་བརྟན་གཤིས་བཟང་སྙིང་གི་མཛའ་མོ་ཁྱོད་བྱུང་ནས།།
བསྣོལ་སྟབས་ཕྱག་རྒྱས་དམ་ནས་དམ་པོ་རུ་འཁྱུད་དུས།།
མཐར་ཐུག་གོ་འཕང་གཞན་ནས་འཚོལ་དགོས་ཤིག་མི་འདུག།
མ་ཐོབ་འཐོབ་ན་བསམ་པའི་འདོད་བློ་ཡི་ཞེན་པ།།
འགོག་མེད་ཨ་འཐས་ཚུལ་གྱིས་ཁོ་མོ་ལ་ཟུག་སོང་།།
ད་ནི་ཞེན་ཡུལ་བདག་མོས་བདག་འཛིན་གྱི་བཀའ་ཤོག།
ང་དང་ངར་འཛིན་སེམས་ཀྱི་ཞེན་ཡུལ་ནས་བསྒུགས་ཡོད།།
རྟོག་བཏགས་ཤ་ཚུགས་འདི་ཡི་ཕ་རོལ་ནས་བལྟས་ན།།
བློས་བཏགས་ཁོ་མོས་སྣ་ཚོགས་གཅེར་བྲོ་ཞིག་འཁྲབ་བཞིན།།
ང་དང་ང་འདྲའི་འདི་སྣང་ཁོ་ན་ཡིས་མྱོས་པའི།།
སེམས་ཅན་ཐམས་ཅད་འཁོར་བའི་ཆང་ཁང་ན་བཟི་འདུག།
བཟི་བའི་དྲན་སྣང་འདི་ཡང་བཟི་བོ་རུ་གྱུར་དུས།།
འཁོར་བྱ་འཁོར་མཁན་འཁོར་ཡུལ་ཅིག་ཅར་དུ་བཟི་ཞིང་།།
འཁོར་བས་འཁོར་བ་བཟི་བའི་འཇིག་རྟེན་གྱི་ཁམས་ན།།
བཟི་ནས་བཟི་ན་འདོད་པའི་བཟི་བོ་ང་བཟི་བྱུང་།།
ཞིབ་ཏུ་བསམ་ན་ཐམས་ཅད་བཟི་བོ་རུ་གྱུར་འདུག།
ནན་ཏན་དཔྱད་ན་ཡོད་ཚད་བཟི་བྱེད་དུ་གྲུབ་འདུག།
བཟི་དང་མ་བཟི་མཚམས་ཀྱི་དྲན་སྣང་དུ་འཁོར་བ།།
བཟི་བྱེད་ཁོ་མོའི་ལང་ཚོའི་འཁྲི་ཤིང་གིས་འཁྱུད་འདུག།
ང་དང་ཁོ་མོ་བཟི་བའི་མིག་ལམ་དུ་སྣང་བ།།
ཁྱོད་དང་ཁོང་ཚོ་བཟི་བའི་ལྟད་མོ་ཞིག་མཐོང་ཞིང་།།
གནམ་ས་ཉི་ཟླ་བཟི་བའི་འཇིག་རྟེན་གྱི་འཇིག་རྟེན།།
འཇིག་རྟེན་བཟི་བོ་བཟི་བོའི་འཇིག་རྟེན་དུ་རྟོགས་བྱུང་།།
མིག་ཟུང་ནན་གྱིས་བཙུམས་ཀྱང་ཁྱོད་རང་ནི་མཐོང་ཞིང་།།
སེམས་པ་བཙན་གྱིས་བཀག་ཀྱང་ཁྱོད་ཕྱོགས་ལ་ཤོར་བའི།།
བཟློག་མེད་བཟློག་དཀའི་གཤིས་ཀྱི་བག་ཆགས་ཀྱིས་དེད་ན།།
ང་དང་ཁྱོད་རང་མི་བཟིའི་རང་དབང་ཞིག་མི་འདུག།
སྣང་ཚུལ་རྫུན་མ་གནས་ཚུལ་ངོ་མ་ཡིས་བཟི་ཞིང་།།
བཟི་སྣང་ཚོར་བ་འཁྲུལ་སྣང་སྒྱུ་རྩལ་གྱིས་བཟི་དུས།།
ང་དང་ཁོ་མོ་དབྱེར་མེད་རོལ་གཅིག་ཏུ་བཟི་ནས།།
འཁོར་བའི་སྙིང་བོ་བཟི་བའི་གནས་ལུགས་ཤིག་བཤད་ཡོད།།
ཐམས་ཅད་ཐམས་ཅད་བཟི་བ་ཁོ་ན་ལས་བྱུང་ཞིང་།།
ཡོད་ཚད་ཡོད་ཚད་བཟི་བའི་ངོ་བོ་རུ་འཐིམས་པའི།།
སྣང་ཚུལ་ཚད་མའི་གནས་ལུགས་མཐར་ཐུག་ཏུ་སླེབས་ན།།
ཡོད་ཚད་ཐམས་ཅད་མ་རིག་བཟི་སྣང་གི་ཆོ་འཕྲུལ།།
ཆུ་ལ་ཆུ་བཞག་ལྟ་བུའི་བཟི་སྣང་གི་ངང་ནས།།
འཇིག་རྟེན་འཚོ་རྩིས་བྱེད་ལ་ཨ་ཐང་ཞིག་ཆད་ཀྱང་།།
མི་བསླུ་བཟི་སྣང་ཚོར་འགྱུ་སེམས་ཁོང་ནས་འབར་དུས།།
ད་དུང་ཁོ་མོའི་ཆེད་དུ་སྡོད་དགོས་ཤིག་བསམ་བྱུང་།།
བརྡ་དོན་ངེས་པ་མེད་པའི་སྟངས་སྟབས་ཀྱི་ངང་ནས།།
མ་བཟི་བཟི་བར་རློམ་པའི་རྟོག་བཏགས་ཀྱི་གྲོགས་པོར།།
གཉུག་མའི་གཤིས་སུ་བཟི་བའི་དོན་དམ་གྱི་སྐད་ཆས།།
བསམ་བྱུང་གོམས་པའི་བློ་ཁ་དོན་ཐོག་ཏུ་ཁྲིད་ཡོད།།
ཕྱོགས་འཛིན་དུག་གི་ལོ་མ་མེ་ནང་དུ་བསྲེགས་ནས།།
རིས་མེད་ཀུན་ལ་སྙོམས་པའི་ལྷག་བསམ་ཞིག་བསྐྱེད་དེ།།
འབད་པ་བརྒྱ་ཡིས་བསྐྲུན་པའི་རེ་དོགས་ཀྱི་དམིགས་འདུན།།
ད་ལྟ་ཉིད་དུ་འགྲུབ་པའི་རེ་སྨོན་ཞིག་བཅངས་འདུག།
ཤ་རུས་གཏིང་ནས་སུན་པའི་བསམ་གཞིགས་ཀྱི་ངོགས་སུ།།
ང་དང་ཁོ་མོའི་འདས་དོན་གློག་བརྙན་ཞིག་འཆར་འོང་།།
ད་ནི་ཅི་ལ་བསམས་ཀྱང་མི་ཚེ་ཡི་ལྷག་འཕྲོ།།
སྙིང་སྡུག་མཛའ་མོ་ཁྱོད་ཀྱི་ལག་མཐིལ་དུ་འཇོག་འདོད།།
རེ་བཞག་རི་བོ་གནམ་ལ་འདེགས་ཚུལ་ལ་བལྟས་ན།།
ཡིད་ཆེས་ངོ་མའི་བྲང་གཞུང་གླན་ན་ཡང་ཆོག་འདུག།
མ་གསང་གསང་བའི་ཁོ་མོའི་རྒྱབ་ལྗོངས་ཀྱི་ཕྱོགས་སུ།།
མདའ་མདུང་མཚོན་ཆ་འཛིན་པའི་ཇག་རྐུན་གྱིས་བསྐོར་འདུག།
རྩེ་གཅིག་དད་པའི་སེམས་པ་མཆོད་མེ་རུ་སྦར་ནས།།
རྣམ་དག་བརྩེ་བའི་ལྷ་དང་ལྷ་མོ་ཡི་དྲུང་དུ།།
འུ་ཐུག་ཞུ་འབོད་ལྟ་བུའི་རེ་འདུན་ཞིག་སྐྱོར་བཞིན།།
བརྩེ་དུང་ཕོ་ཉ་འགུག་པའི་གྲོགས་དན་ཞིག་བཅོལ་ཡོད།།
ཕྱི་རོལ་ཡུལ་གྱི་སྣང་བ་རང་སེམས་ཀྱི་འཁྲུལ་སྣང་།།
རང་སེམས་འཁྲུལ་བའི་སྣང་བར་སེམས་ཉིད་འདི་ཆགས་ནས།།
རང་སེམས་རང་གིས་མི་ནོན་འཁྲུལ་སྣང་གིས་བཟི་བས།།
ང་དང་ཁོ་མོའི་ཐ་སྙད་ཚད་གྲུབ་ཅིག་བཞག་འདུག།
སེམས་ཀྱི་དྲན་སྣང་སྐད་ཅིག་རེ་རེ་ཡི་ངོས་སུ།།
འཆར་ནུབ་རེས་སུ་འཁོར་བའི་དགའ་སྐྱོ་ཡི་གཡོ་རླབས།།
ང་ཡི་ཤ་ཚུགས་འདི་ཡི་ཁོང་གསེང་ནས་འཕྱུར་དུས།།
དབང་མེད་ཁ་ནས་ཤོར་བ་ཨག་སྐད་ཀྱི་ཅ་ཅོ།།
རང་སེམས་ཁོང་ནས་རྐུ་བའི་ཁོ་མོ་ཡི་ཕྱོགས་སུ།།
བརྩེ་དུང་སྲད་བུར་བརྒྱུས་པའི་དུང་སེམས་ཀྱི་ཚིག་འགའ།།
མེ་ཏོག་ཚོམ་བུའི་ཚུལ་གྱིས་ཕུལ་བ་འདིར་ལྟོས་དང་།།
བརྩེ་དུང་མིན་པའི་གདངས་དབྱངས་གཞན་པ་ཞིག་ཐོས་སྲིད།།
ཡིད་འོང་རྨ་བྱ་ལྟ་བུའི་ཁོ་མོ་ཡི་ཕྱོགས་སུ།།
བརྩེ་དུང་མིག་ཆུའི་ཐིགས་པ་ཐར་ཐོར་ངང་ལྷུང་བ།།
ཞེ་འདང་གཏིང་ནས་ཟབ་པའི་མངོན་སྟངས་སུ་འགྲེལ་དུས།།
འགྱོད་སེམས་བན་བུན་སྣང་བ་འཁོར་དགོས་ཤིག་མི་འདུག།
དྲན་ངོགས་ཁོ་མོའི་ཞལ་རས་སྨྱུག་རྩེ་ནས་བཞུར་བའི།།
བརྩེ་དུང་ཡི་གེར་ཤར་བའི་སྙིང་ཁོང་གི་གཏམ་རྒྱུད།།
བཤད་ཀྱིན་བཤད་ཀྱིན་ང་ནི་ང་རང་ཡང་མ་རེད།།
བྲིས་ཀྱིན་བྲིས་ཀྱིན་རྫོགས་པའི་སྣང་བ་ཞིག་མི་སྐྱེ།།
མ་སྨིན་སྨིན་པའི་ཚུལ་འཆོས་བླ་མ་ལ་དད་པའི།།
ཞེ་སེམས་གཏིང་ནས་མཐུན་པའི་ཁོ་མོ་དང་མཉམ་དུ།།
བསམ་འདུན་དམ་བཅའི་རི་མོ་སེམས་ནང་ནས་མཐོང་བའི།།
བརྩེ་དུང་འཕྲིན་པའི་བཟི་གཏམ་ཐོལ་བྱུང་དུ་གྱེར་རོ།།
ལོ་དང་ཟླ་བའི་འཁོར་འགྲོས་རེ་རེ་ཡི་ཁུག་པར།།
ང་དང་ཁོ་མོ་དགའ་སྐྱོའི་ཚོར་བ་རུ་བཞུར་ནས།།
མི་ཚེའི་འཚོ་གནས་འདི་ལ་རོ་མྱོང་ཞིག་བྱས་པའི།།
ལེའུ་དང་པོའི་ཟིན་བྲིས་ངོ་མ་འདི་རྫོགས་སོ།། །།
༢༠༡༡ ༩ ༡༣
ཨཨཨ་་སྙན་ངག་ཡག་པོ་བྲིས་འདུག་ཡ་་་་སྙན་ངག་འདིས་སེམས་ཁམས་ཀྱང་སྐྱིད་པོ་ཞིག་བཟོ་གི་འདུག་་་་
ངོ་མ་ཡག་པོ་བྲིས་ཤག སྙན་པོ་འདུག་ལོ། ཐུགས་རྗེ་གནང་།
ཆུ་ཐིགས་སྔོན་མོ་དང་རང་དབང་ལྷ་མོ་གཉིས་ཕེབས་ནས་ངོ་བསྟོད་བྱས་པར་ཐུགས་རྗེ་ཆེ།