དེ་རིང་གི་གསར་འགྱུར་ནང་ཧྭ་་གོ་ཧྥིན་ཤི་ཟིན་པའི་སྐད་ཆ་འདུག ངས་ཁོ་ནི་གནའ་ནས་ཤི་ཚར་བ་རེད་སྙམ་མོད། ད་དུང་ཤི་མེད་པ་འདྲ། “ཁྱེད་ཀྱིས་ལས་དོན་སྒྲུབ་ན། ངའི་བློ་བདེ་” བའི་དཔོན་པོ་ནི་ལོ་ ༨༧ རེད་ཟེར།
མའོ་ཤི་དུས་ཁོ་སྲིད་འཛིན་དུ་སླེབས་པ་ནི་ངའི་མིག་ལམ་ན་ད་དུང་གསལ་པོར་འདུག ༡༩༨༡ ལོར་ཁོའི་དབང་ཆ་ཤོར། དེ་ནས་ཏིན་སླེབས་པ་རེད། ངའི་རྣ་ལམ་ན་རྒྱ་ནག་གི་རྩིས་པ་ཞིག་གིས་ཁོས་ལོ་ལྔ་ལ་མ་གཏོགས་དབང་བཟུང་མི་ཡོང་བར་བཤད་པ་ཟེར་བ་ཞིག་ཐོས་རྒྱུ་འདུག ཁོའི་ཚེ་མཇུག་གི་གནས་ཚུལ་རྣམས་གང་ཡིན་ཞིབ་གསལ་ཤེས་ཀྱི་མེད་པ་རེད་ཟེར། ཨ་ཁ། འཆི་བ་འདི་རྒྱ་ནག་གི་དཔོན་རིགས་ཚོའི་ཐོག་ལ་ཡང་སླེབས་ཀྱི་ཡོད་པ་འདྲ།
དགེ་འདུན་འདི་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་མིག་བཙུམས་མཁན་ཞིག་རེད་བསམ་སོང་། དངོས་སུ་ན་ཁོ་མི་ཤི་ན་དགའ་མཁན་ཞིག་རེད་འདུག ལྟོས་དང་། ཧ་ཧ། ཧྭ་གོ་ཧྥིན་ཤི་འདུག་ཟེར་བ་འདི་འདྲ།
ཧྭ་གོ་ཧྥིན་འདི་ད་བར་གྱི་རྒྱ་དམར་གྱི་མགོ་ཁྲིད་ཚོའི་ནང་དྲང་ཤོས་ཤིག་མིན་འགྲོ་བསམ། སྔོན་མ་མའོ་ཙེ་ཏུང་གི་མདུན་སྙན་ཞུ་རྫུན་མ་མང་པོ་རི་ལྟར་སྤུངས་པའི་སྐབས་ཧྭ་ཡིས་དངོས་ཡོད་གནས་ཚུལ་ཞུས་ཡོད་པ་རེད་བསམ་སོང་། དེ་ལ་བརྟེན་ནས་མའོ་ལའང་ཁོའི་སྐོར་ལ་དོ་སྣང་ཞིག་སླེབས་པ་རེད་བསམ། མཐར་མའོ་ཤི་གསོན་གྱི་བར་ན་འཕག་ཚགས་རྒྱག་བཞིན་པའི་སྐབས་ཀྱང་ཧྭ་ཡིས་ཝང་ཏུང་ཞིང་། ཝང་ཝུན་ཝུན། ཀྲང་ཁྲོན་ཆོ་ཁོ་ཚོ་དང་མཉམ་དུ་མའོ་ཡི་འཚོ་གནས་སྐོར་བྱ་བ་སྒྲུབ་པ་ཙམ་མ་ཟད་གཞན་དེ་ཚོ་ལས་ལྷག་པར་གང་ཡོང་ཅི་ཡོང་བྱས་ཡོད་པ་རེད། ངས་འདིར་དྲང་ཤོས་ཟེར་བ་འདི་ཁོས་མའོ་ལ་ཞབས་ཞུ་ཞུས་པ་གཅིག་པོའི་ཐོག་ནས་ཤོད་ཀྱི་མེད། གང་ཐུབ་ཐུབ་ཀྱིས་དྲང་པོ་བྱེད་རྒྱུ་དེ་ཁོའི་གཤིས་ཀ་ལྟ་བུ་ཞིག་ཡིན་པ་རེད།
གལ་སྲིད་སུ་གང་ཞིག་ནས་རིག་གནས་གསར་བརྗེ་སྐབས་ཀྱི་ཁོའི་སྐོར་ལ་ཉམས་ཞིབ་བྱེད་ཀྱི་ཡིན་ན། རིག་གནས་གསར་བརྗེ་སྐབས་ཀྱི་ཚ་ཚ་འུར་འུར་གྱི་ལས་འགུལ་དང་། ལས་འགུལ་དེ་དང་འབྲེལ་བའི་མིའི་སྤྱི་ཚོགས་ཀྱི་སེམས་ཁམས་རྨང་གཞིར་བྱས་ནས་ཉམས་ཞིབ་བྱེད་པར་འཚལ། ང་ཚོའི་ད་ལྟའི་སྤྱི་ཚོགས་ཀྱི་མི་ཞིག་དང་བསྡུར་ནས་ཁོ་ལ་ཉམས་ཞིབ་བྱེད་ཐབས་ཡོད་མ་རེད། འདི་ཕྱི་རྒྱལ་ལ་མཚོན་ན་བྱིས་པ་ཞིག་གིས་ཀྱང་ཤེས་པའི་སྐད་ཆ་ཞིག་ཡིན་ཡང་། ང་ཚོའི་སྤྱི་ཚོགས་ནང་མཁས་དབང་དང་ཉམས་ཞིབ་པའི་མིང་འཛིན་མཁན་མང་པོ་ཞིག་གིས་གང་བྱུང་མང་བྱུང་བྲིས་ཡོང་གི་ཡོད་པས་དྲན་སྐུལ་ཙམ་བྱས་པ་ཡིན།
ངས་འདིར་ཏག་ཏག་མའོ་ཡིས་ཧྭ་ལ་སྲིད་དབང་རྩིས་སྤྲོད་པའི་སྔ་ནུབ་ཀྱི་ཨ་མདོའི་ལོ་གསར་ཞིག་དང་། དེ་དུས་ཕ་རྒན་གྱིས་མའོ་ཡིས་ཧྭ་ལ་གོང་གི་ཁྱོད་ཀྱིས་བྱ་བ་བསྒྲུབ་ན་ངའི་སེམས་བདེ་ཞེས་པའི་སྐད་ཆ་དེ་ཤོད་བཞིན་པའི་འདྲ་པར་ཞིག་ལོ་གསར་གྱི་མཛེས་རྒྱན་དུ་ཉོས་ཡོང་བ་དང་། ངེད་གཅེན་གཅུང་ཚོར་མའོ་ཡི་རེ་བཅོལ་དེ་རྒྱ་ཡིག་ནས་བོད་སྐད་དུ་ལོ་ཙྰ་བྱས་པ་དེ་དྲན་སོང་། དེ་ནས་ད་ལྟ་བར་དུ་རྒྱ་ནག་ལ་འགྱུར་བ་ཅི་ཙམ་ཞིག་སོང་ཡོད་རྒྱུ་རེད། དེ་དུས་ཕལ་ཆེར་རྒྱ་ནག་པ་ཚོར་ཨོ་ལིམ་ཕིས་ཁུའི་ནང་དུ་འཛུལ་མི་གཅིག་ཀྱང་ཡོད་རྒྱུ་མ་རེད། ཡིན་ན་ཡང་ད་ལྟ། དེ་ནས་ད་ལྟ་བར་དུ་རང་རེ་གངས་ཅན་པ་ཚང་ལ་འགྱུར་ལྡོག་ཅི་ཙམ་ཞིག་བྱུང་ཡོད་ན། དེང་སྐབས་ད་དུང་རྒྱ་ནག་ཏུ་ཧྭ་དང་འདྲ་བར་མའོ་ཡི་སེམས་བདེ་བའི་བྱ་བ་སྒྲུབ་མཁན་གྲངས་ཀ་མེད་པ་ཞིག་བྱུང་དང་འབྱུང་བཞིན་མི་འདུག་གམ། འོ་ན། ཏྰ་ལའི་བླ་མར་ཁྱོད་ཀྱིས་བྱ་བ་བསྒྲུབ་ན་ངའི་སེམས་བདེ་གསུང་སའི་རེ་བ་ཅན་སུ་དང་སུ་ཡོད། འདི་ནི་ང་ལ་མཚོན་ན་འཇིགས་སུ་རུང་བའི་དྲི་བ་ཞིག་རེད་ལ། དངངས་འཚབ་སྐྱེ་ཡོང་བའི་དྲི་བ་ཞིག་ཀྱང་རེད།
ངས་འཛམ་གླིང་འཁྲུག་ཆེན་གསུམ་པ་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད ། དེ་ལྟར་བྱུང་བ་ཡིན་ན་འཛམ་གླིང་ནང་སྟོབས་ཆེན་དང་སྟོབས་ཆུང་བར་ལ་སྙོམས་སྒྲིག་ཐེངས་གཅིག་བྱེད་ཐུབ་པ་ཡོང་རྒྱུ་རེད། རྒྱ་ནག་གཅིག་པོ་འགོ་རྟིང་སློག་པ་ཙམ་མ་ཡིན་པར་དྲང་བདེན་མ་ཡིན་པའི་འཛམ་བུ་གླིང་འདི་འགོ་རྟིང་སློག་དགོས། སྟོབས་ཆེན་རྒྱལ་ཁབ་ཚོས་ཚོང་དང་དམག་ཤུགས་ལ་བརྟེན་ནས་རང་རང་གི་ཁེ་ཕན་རྩོད་ལེན་བྱེད་ཀྱི་ཡོད་པ་དང་། མི་རིགས་ཉམས་ཆུང་ཚོའི་ཐོབ་ཐང་དང་བདེ་སྡུག་རྩིས་མེད་རྡོག་རོལ་གཏོང་གི་ཡོད།
དཔེར་ན་ཨོ་རྩལ་རྒྱ་ནག་ལ་ཚོགས་རྒྱུའི་ཐོབ་ཐོང་མེད་ཀྱང་། དེ་འགོག་པའི་ནུས་པ་ཡོད་མཁན་གྱི་རྒྱལ་ཁབ་ཚོས་ཚོང་ཁེ་ལ་བསམ་ནས་རྒྱ་ནག་ལ་ཕོག་ཐུག་གཏོང་མ་ཕོད་པར། རྒྱ་ནག་ལ་གོ་སྐབས་ཆེན་པོ་དེ་ཕུལ་བའི་མ་ཚད་མཛད་སྒོ་དང་བཅས་པར་མཉམ་ཞུགས་ཀྱང་གནང་བ་རེད། ངས་གཙོ་བོ་ཨ་རི་དང་ར་ཤི་ཡའི་འབྲེལ་བ་སྡུག་དུ་འགྲོ་བཞིན་པ་འདི་འཁྲུག་ཆེན་གསུམ་པའི་སློང་རྐྱེན་ཆགས་ཏེ། མཐར་རྒྱ་ནག་ཀྱང་དམག་འཁྲུག་དེའི་ནང་ཚུད་ནས་གཏོར་ཤིག་ཆེན་པོ་ཐེབས་པ་ཡིན་ན་བོད་ལའང་ནུས་འདོན་རྒྱུའི་གོ་སྐབས་ཤིག་ཤར་གྱི་རེད་བསམ།
ཨ་རིས་བོད་ཀྱི་ཆེད་རྒྱ་ནག་ལ་ཕོག་ཐུག་གཏོང་མི་སྲིད་ཀྱང་། ཨ་རི་རང་གི་ཁེ་ཕན་ལ་ཐུག་ན་ དམག་བརྒྱག་རྒྱུར་ཡང་དོག་པ་བྱེད་མི་དགོས། གལ་སྲིད་ཨ་རི་དང་ར་ཤི་ཡ་ཐུག་པ་ཡིན་ན་རྒྱ་ནག་ཀྱང་རྙོག་དྲ་དེའི་ནང་ཚུད་རྒྱུའི་རྒྱུ་མཚན་མང་པོ་ཡོད་པ་རེད། དེའི་ཕྱིར་ངས་ཉིན་མ་རྟག་པར་ཨ་རི་དང་ར་ཤི་ཡའི་འབྲེལ་བ་ཚབས་ཆེན་ཏུ་འགྱུར་བཞིན་པ་སྡུག་ནས་སྡུག་ཏུ་འགྲོ་རྒྱུའི་རེ་བ་ཆེན་པོས་ལྟ་བཞིན་ཡོད།
གང་ལྟར་རྒྱལ་ཁབ་སྟོབས་ཆེན་ཚོ་ནང་ཁུལ་ལ་དམག་འཁྲུག་ཆེན་པོ་ཞིག་མ་བྱུང་བ་ཡིན་ན་འཛམ་གླིང་གསར་བ་ཞིག་ཏུ་འགྱུར་རྒྱའི་ཤུགས་རྐྱེན་མེད། བོད་མིས་ཨ་རྒྱ་གཉིས་སམ་ཡང་ན་འཛམ་གླིང་ཐོག་རྩོད་རྙོག་ཆེན་པོ་ཞིག་སློང་ཐུབ་མི་སྲིད་སྙམ། བསམ་ཚུལ་གང་འདྲ་ཡོད། ང་མཆན་བུའི་ནང་ལ་མ་གཏོགས་འཛུལ་མི་ཤེས་པས་འདིར་བྲིས་པ་ཡིན།
(དེ་རིང་གི་གསར་འགྱུར་ལ་ཧྥ་གོ་ཧྥིན་ཤི་ཟིན་པའི་སྐད་ཆ་འདུག ཁོ་གནའ་ནས་ཤི་ཚར་བ་རེད་སྙམ་མོད། ད་དུང་ཤི་མེད་པ་འདྲ།) ཚིག་དུམ་འདི་འགལ་བ་རེད་འདུག ད་དུང་ཤི་མེད་ན་དེ་རིང་གི་གསར་འགྱུར་ལས་ཤི་ཟིན་པའི་སྐད་ཆ་ཇི་ལྟར་ཡོད། ཁྱེད་ཀྱིས་གང་ཞིག་ཤོད་བཞིན་པ་ངས་གོ་བྱུང་ཡིན་ན་ཡང་ཚིག་རང་ངོས་འགལ་བ་ཐོན་འདུག་པ་ཁྱེད་ཀྱིས་སོམས་དང་།
སྟག་སྨྱོན། ཨ་མེ་རི་ཁ་དེང་སང་ཉམས་རྒུད་དུ་འགྲོ་བཞིན་པའི་སྒང་རེད། གནས་སྐབས་རིང་ཡུལ་གཞན་ལ་དམག་རྒྱག་ཐུབ་རྒྱུ་མ་རེད། རྒྱ་ནག་ཀྱང་རང་ཉིད་ལ་ཇུས་གཏོགས་བྱེད་མཁན་མ་བྱུང་ན་ཁ་རོག་གེར་སྡོད་པ་ལས་འཛམ་གླིང་གི་སྲིད་དོན་ལ་དམག་འཁྲུགས་ལྟ་བུའི་ཇུས་གཏོགས་ཆེན་པོ་ད་དུང་བྱེད་ཐུབ་རྒྱུ་མ་རེད། དམག་འཁྲུགས་ཆེན་པོ་བྱུང་ན་གང་ལྟར་ཡང་འགྱུར་བ་ཞིག་ད་འགྲོ་རྒྱུ་རེད་དེ་དེས་བོད་ལ་ཕན་ཐོགས་འབྱུང་རྒྱུའི་གདེངས་སྤོབས་ཁྱོད་ལ་ཡང་ཕལ་ཆེར་ཡོད་རྒྱུ་མ་རེད། འཛམ་གླིང་དམག་ཆེན་གཉིས་པ་ས་འདར་གནམ་འདར་ཞིག་བརྒྱབ་ཀྱང་བོད་ཁ་རོག་གེར་ལུས་པ་མ་རེད་དམ།
གལ་སྲིད་འཛམ་གླིང་དམག་ཆེན་གསུམ་པ་ལངས་པ་ཡིན་ན། དེར་རྒྱལ་ཁ་ཐོབ་མཁན་གཅིག་ཀྱང་ཡོད་སྲིད་རྒྱུ་མ་རེད་་་ཅེས་པའི་སྡོམ་ཚིག་དེ་ཡིད་ལ་འཁོར་སོང་། གང་ལྟར། དམག་ཆེན་དེ་འདྲ་ཞིག་ལངས་པ་ཡིན་ན། ང་ཚོ་སུ་ཡང་ཐར་རྒྱུ་མ་རེད་བསམ། ཤྰན་ཏི་་་་་ཤྰན་ཏི་་་་་་་་
དགྲ་བོ་ཐར་ནས་རང་ཉིད་མི་ཐར་བ་ལས། རང་དང་དགྲ་བོ་གཉིས་ཀ་མ་ཐར་ན་འགྱོད་པ་མེད། འོན་ཀྱང་དེ་འདྲའི་དམག་འཁྲུག་ཅིག་མགྱོགས་པོ་ཡོང་མདོག་ཁ་བོ་མི་འདུག་པས་སེམས་པ་སྡུག་མོ་འདུག།
གཞན་བོད་པའམ་ནང་བའི་འདྲེ་ཞིག་ལའང་འདི་འདྲ་སེམས་པ་ཡག་པོ་ཡོད་པ་ངོ་མཚར་རེད། རྗེས་སུ་ཡི་རངས་ཡོད།
དམག་འཁྲུག་ཅིག་ལ་རྒྱལ་ཕམ་གྱི་དབྱེ་བ་མེད་པར་ཕྱོགས་གཉིས་ཀ་ཕམ་གྱི་ཡོད་པ་རེད་ཟེར་བའི་ལེགས་བཤད་དེ་བདེན་པ་རེད། ཡང་དམག་འཁྲུག་མེད་ན་ཞི་བདེ་མེད་ཟེར་བའི་ལེགས་བཤད་དེ་ཡང་བདེན་པར་མཐོང་། དེས་ན་ཐོབ་མཁན་ཞིག་ཀྱང་ཡོད་འོས་ཏེ། དེ་ནི་མི་རབས་རྗེས་མ་ཚོ་ཡིན་ལས་ཆེ། ཁ་སང་དེ་རིང་ནུབ་གླིང་པ་ཚོས་རོལ་བཞིན་པའི་དམངས་གཙོ་དང་ཞི་བདེ་ཟེར་བ་འདི་དག་ཀྱང་དམག་འཁྲུག་གཉིས་པའི་མཇུག་འབྲས་མ་ཡིན་ནམ། སྟག་མྱོན་གྱི་རེ་བ་དེ་ཚོའང་ཁྱོན་ནས་འབྲས་བུ་མེད་པ་ཞིག་རེད་ཟེར་ནས་བཤད་མི་ཐུབ། མཚམས་རེར་ང་ཚོས་མི་རབས་རྗེས་མ་ཚོའི་ཆེད་རང་ཉིད་བློས་གཏོང་འོས་སུ་མཐོང་།
ཕྱག་གཉིས། དུས་བབ་ནང་དུ་ཅིག་འདུག ཀློག་ནས་བསམ་ཚུལ་ཅིག་བཤད་རོགས། “རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པ་དེ་རྩོད་ཀྱི་ཡོད་ཟེར” མདོ་དོན་བོད་གཞུང་གིས་རྒྱ་ནག་ག་རེ་རྩོད་ཀྱི་ཡོད་པ་རེད། ཁྲིམས་ཡིག་ཐོག་ཙམ་མ་ཡིན་པར་ལག་ལེན་བསྟར་དགོས་ཟེར་བ་རེད་དམ།
དྲ་གྲོགས་ཚང་མས་དུས་བབ་དྲ་རྒྱའི་ནང་”རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པ་དེ་རྩོད་གྱི་ཡོད”ཟེར་བ་ཀློགནས་བསམ་ཚུལ་འདོན་རོགས། རྒྱ་ནག་གི་རྩ་ཁྲིམས་ནང་དབུ་མའི་ལམ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་སོགས་ཡོད་ཡོད་པ་རེད་དམ།