—-བཀྲ་ཤིས།
དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ།
དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་ (Central European University) ནི་ཨ་རི་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་གཉིས་ཀྱིས་ངོས་འཛིན་ཡོད་པའི་ལག་འཁྱེར་མི་འདྲ་བ་གཉིས་སྤྲོད་མཁན་གྱི་ཡུ་རོབ་ཁུལ་གྱི་ཆེས་ཐུན་མོང་མ་ཡིན་པའི་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཞིག་ཡིན་ལ། སློབ་ཆེན་འདི་སུའུ་ལེན་མནའ་མཐུན་རྒྱལ་ཁབ་(USSR) ་ཁ་འཐོར་རྗེས། འཛམ་གླིང་ནང་གུ་ཡངས་སྤྱི་ཚོགས་དང་དམངས་གཙོ་ལམ་ལུགས་དར་སྤེལ་གཏོང་ཕྱིར་དམངས་གཙོ་དང་དམར་ཕྱོགས་རིང་ལུགས་ཀྱི་ས་མཚམས་ཏེ། ཡུ་རོབ་ཤར་གྱི་རྒྱལ་ཁབ་ཧང་གི་རེའི་(Hungary) རྒྱལ་ས་བྷོ་ངྷ་ཕེ་སི་(Budapest) གྲོང་ཁྱེར་ནང་1991 ལོར་ཐོག་མར་དབུ་བརྙེས།
ལོ་ངོ་༢༥་འགོར་བའི་དེ་རིང་། འཛམ་གླིང་ནང་གི་ཆབ་སྲིད་ཀྱི་འཕོ་འགྱུར་དང་། ལྷག་པར་ཧང་གི་རེ་རྒྱལ་ཁབ་ནང་གི་གུ་དོག་དམངས་གཙོའི་ཉི་ཤར་(the rise of illiberal democracy) གྱི་རྐྱེན་པས། སློབ་གྲྭ་ཆེན་མོ་འདི་ད་ལྟ་འཚོ་གནས་ཐུབ་མིན་གྱི་ཆེས་གཉན་འཕྲང་གི་དུས་སྐབས་ཤིག་ལ་སླེབས་ཡོད། དེ་ན་སློབ་གྲྭ་ཆེན་མོ་འདི་གཡང་གཟར་གྱི་བྲག་ཁར་འདེད་མཁན་སུ་ཡིན་ནམ་ཞེ་ན།
༼ གཡོན་སློབ་གྲྭའི་སྦྱིན་བདག་དང་གཡས་ཧང་གི་རེ་སྲིད་བློན༽
ཧང་གི་རེ་སྲིད་བློན།
ལོ་མང་པོའི་གོང་ལ་དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོའི་ཐེབས་རྩ་ཨ་མ་འམ་གུ་ཡངས་ཐེབས་རྩ་ཚོགས་པའི་(Open Society Foundation) ངོས་ནས་སློབ་མ་ཞིག་ལ་སློབ་ཡོན་སྤྲད་ནས། ཁོ་རང་འཛམ་གླིང་ནང་སྐད་གྲགས་ཆོད་པའི་་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་(Oxford University) ནང་སློབ་སྦྱོང་བྱེད་དུ་བཅུག སློབ་མ་དེ་ནི་ད་ལྟའི་ཧང་གི་རེ་རྒྱལ་ཁབ་ཀྱི་སྲིད་བློན་ཝེ་ཁི་ཁྲོར་་ཨོར་བྷན་ (Victor Orban) ཡིན།ཁོ་རང་རྒྱལ་ཁབ་ཅིག་གི་སྲིད་བློན (Prime Minister) ་ཆགས་དུས། སོ་སོར་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་མཁན་གྱི་གུ་ཡངས་ཐེབས་རྩ་ཚོགས་པའི་ཤེས་ཡོན་གྱི་བསྟི་གནས་དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་རྩ་མེད་གཏོང་རྩིས་བྱེད་ཀྱི་ཡོད། འདི་ནི་་་་དྲིན་ཅན་ལ་དྲིན་ལོག་དང་། གཡང་ལོག་ལ་རྡོ་ཁ་ཟེར་བའི་དཔེ་ལྟར་མ་རེད་དམ།
༼ད་ལྟའི་སློབ་གྲྭའི་དབུ་འཛིན་་མའེ་ཁིལ་ཨེ་གི་ན་ཏེཧྥུ་ནི་Michael Ignatieff་ནི དེ་སྔོན་ཧ་བེར་ཌི་གཙུག་ལག་ཆེན་མོའི་ནང་གི་ཆབ་སྲིད་རིག་པའི་སློབ་དཔོན་ཡིན་པ་མ་ཟད། ད་ལྟའི་ཁེ་ན་ཌའི་སྲིད་བློན་་ཇཱ་སི་ཀྲིན་་ཁྲི་སྒྲོའི་གུ་ཡངས་ཆབ་སྲིད་ཚོགས་པའི་(Canadian Liberal Party president) དབུ་འཛིན་ཡང་ཡིན།༽
སློབ་ཆེན་འདི་ནི་གུ་ཡངས་དམངས་གཙོའི་བཟོ་གྲྭ་ལྟ་བུ་ཡིན་པས། ད་ལྟའི་ཧང་གི་རེ་སྲིད་གཞུང་གིས་སློབ་གྲྭ་འདི་ལུང་པའི་ནང་གི་གཞུང་འཛིན་ཁ་གཏད་ཆབ་སྲིད་ཚོགས་པ་ཞིག་ལ་ངོས་འཛིན་བྱས་ནས། སློབ་གྲྭ་འདིས་གཞུང་ལ་ཁ་གཏད་གཅོག་གི་ཡོད་པའི་སྐྱོན་འཛུགས་དང་ཉེས་འདོགས་བྱས་ནས་སློབ་གྲྭ་འདི་གཏན་དུ་སྒོ་རྒྱག་རྩིས་བྱེད་ཀྱི་ཡོད།
སློབ་གྲྭ་ཆེན་མོ་འདི་དང་བོད་པའི་འབྲེལ་བ།
སློབ་གྲྭ་ཆེན་མོ་འདིའི་བདག་པོ་ཇོར་ཇི་སོའོ་རོ་སི་(George Soros) མཆོག་ནི་འཛམ་གླིང་ནང་གི་རྒྱུ་ཕྱུག་ཤོས་ཨང་20 གྲས་སུ་སླེབས་ཀྱི་ཡོད་ལ། ཁོང་ནི་འཛམ་གླིང་ནང་གང་ཟག་སྒེར་ཞིག་གི་ངོས་ནས་དམངས་གཙོ་དང་གུ་ཡངས་སྤྱི་ཚོགས་ཀྱི་ཆེད་དཔལ་འབྱོར་གྱི་འགྲོ་གྲོན་ཆེས་ཆེ་ཤོས་གཏོང་མཁན་དེ་ཡིན།
བོད་པའི་གཞུང་དམངས་གཉིས་ཀྱིས་མ་འཇོན་པ་རེད་མ་གཏོགས། སློབ་གྲྭ་འདི་ངོས་ནས་ལོ་མང་རིང་ལོ་རེར་བོད་པའི་བུ་མོ་གཉིས་རེར་རྒྱལ་ཁབ་གཞན་གྱི་སློབ་ཕྲུག་གཞན་དང་འགྲན་རྩོད་བྱེད་མ་དགོས་པའི་འཛུལ་ཞུགས་ཀྱི་ས་མིག་དམིགས་བསལ་ཕུལ་ཡོད། བོད་པའི་ངོས་ནས་གོ་སྐབས་དེ་ཡག་པོ་དང་དུ་མ་བླངས་བ་དང་སློབ་གྲྭ་ཆེན་མོའི་རོགས་སྐྱོར་ལ་མཐོང་ཆེན་མ་བྱས་པ་ལ་བརྟེན་ནས་2014 ལོ་ནས་བཟུང་། དམིགས་བསལ་ས་མིག་དེ་མེད་པར་བཟོས་ཡོད།
ཡིན་ཡང་། ཨ་རིའི་ཀུན་ཕན་ཐེབས་རྩ་དང་དེའི་ཁྱབ་ཁོངས་ཀྱི་ལ་རྩེ་དཔེ་མཛོད་ཁང་སོགས་ཀྱི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་ཡང་སྐུ་ཞབས་ཇོར་ཇི་སོའོ་རོ་སི་དང་ཁོང་གི་གུ་ཡངས་སྤྱི་ཚོགས་ཐེབས་རྩ་ལ་ཐུག་ཡོད་པས། གུ་ཡངས་ཐེབས་རྩ་་དང་སྒོས་སུ་སློབ་གྲྭ་ཆེན་མོ་འདིའི་གནས་བབ་ཐད་ལ་བོད་པ་ཚོས་ཀྱང་དོ་སྣང་བྱེད་རིན་ཡོད་པ་ཞིག་ཏུ་མཐོང་།