རྩེཿ མུན་སེལ།
ཡུལ་འཛམ་བུ་གླིང་ལས་མཐོ་སྒང་གི་ཡང་རྩེ།།
མཐའ་གངས་རི་དཀར་པོའི་མུ་འཁྱུད་ཀྱིས་མཛེས་པ།།
ལྷ་ཕྱག་ན་པདྨོའི་གདུལ་ཞིང་དང་ལོ་རྒྱུས།།
དེ་ཐོས་པས་མི་ཀུན་དད་པ་ཡིས་དྲངས་འགྲོ །
ལྗོངས་དེ་རུ་འཚོ་བ་ཆོལ་གསུམ་གྱི་མི་རིགས།།
མགོན་དམ་པའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཡིས།།
བྱམས་སྙིང་རྗེའི་རིན་ཐང་ཉི་ཟླ་ལས་རྩ་ཆེ།།
ལས་རྒྱུ་འབྲས་ལག་ལེན་གསེར་ཕྱེ་བས་ཞིབ་ཕྲ།།
དེ་ལོ་རབས་བརྒྱ་ཕྲག་དུ་མ་ཡི་སྔ་རོལ།།
དུས་དེང་སང་སྙིགས་མ་ལྔ་བདོ་ཡི་མར་གཤམ།།
མི་ལོག་ཞེན་འགའ་ཡི་བྱ་སྤྱོད་རེ་མཐོང་ཚེ།།
སེམས་སྐྱོ་བའི་སྨུག་པར་སངས་མཐའ་ཞིག་ཉུང་གི །
ཡུལ་དེ་ན་གནས་པའི་གཏི་ཐུག་གི་མི་འགས།།
རང་འདུན་པའི་བདེ་བ་ཐན་ཐུན་རེ་འགྲུབ་ཆེད།།
སྒོ་ཕྱུགས་ཟོག་དུ་མའི་ཚེ་སྲོག་དང་བདེ་སྡུག །
སྲོལ་གཡོ་སྒྱུའི་སྨག་གི་བཟི་ཁ་ལ་བསྟིམས་འདུག །
འདུར་རིག་གེ་སྐྱིད་ཀྱི་བདེ་བ་ལ་བྲེལ་ཅིང་།།
མིག་འཛུམ་མེར་སྲོག་གི་ཉག་མ་ལ་རེ་ཡང་།།
ཐབས་ནུས་པ་གཉིས་པོའི་ཁ་སྟབས་དེ་ཞན་པས།།
བརྙས་དུ་མ་འཁུར་བའི་ཉམ་ཐག་གི་དུད་འགྲོ །
སྤང་ཡངས་པོའི་ཐང་ན་ཤམ་ཤམ་དུ་སྐྱེས་པ།།
རྩྭ་གཙང་མར་བསྐྱིལ་བའི་ཕུགས་འདུན་དེ་ཨེ་ཤེས།།
ལམ་བདེ་མོའི་འགྲམ་ན་ལེམ་ལེམ་དུ་བཞུར་བའི།།
ཆབ་བསིལ་མར་འདེད་པའི་རྩིས་འདང་དེ་ཨེ་རིག །
ལྷས་མཐའ་རའི་ཁོངས་ལ་གྲངས་བཤེར་གྱིས་བཅུག་མཐར།།
སྤྱང་སྔོན་མོར་དོགས་པས་ཐོ་ཡོར་དང་རྙི་རྒྱ།།
དགྲ་ཇག་པར་ཚོམ་པས་ཀི་རྒྱངས་དང་ཉེན་བརྡ།།
དེ་བརྩེ་བས་ཨེ་ཡིན་ལྟད་མོ་རུ་ལྟོས་དང་།།
དངུལ་དམར་པོའི་བམ་གྲངས་རྒྱབ་ཁུག་ན་མཐུག་པའི།།
རྒྱ་ཁ་ཆེའི་ཚོང་པ་གྲོང་མཐའ་རུ་སླེབས་དུས།།
ནང་སེམས་ཀྱི་གསང་བ་རུམ་ཁ་རུ་ལུད་དེ།།
ལས་རྒྱུ་འབྲས་བསུབ་པའི་བྱ་བ་ལ་རིངས་སོ།།
ཞེ་ནག་པོའི་ཤན་པ་ལྷས་འགྲམ་ལ་བོས་ཏེ།།
དབང་དཔུང་མེད་ཕྱུགས་ཚོ་ཁེར་གཤར་གྱིས་བརྟགས་རྗེས།།
ལུས་ཤ་ཤེད་རྒྱས་པའི་གཡག་ལུག་གི་ཁྱུ་ཞིག །
བཤས་ར་བར་འདྲེན་པའི་སྐྱེལ་འཁོར་ལ་བཙུད་སོང་།།
ལྷས་ར་བའི་མཐིལ་གྱི་ཤུལ་བཞག་གི་ཁྲོད་ན།།
གྲོགས་ཕ་མར་གྱེས་པ་ལུ་གུ་དང་བེ་འུས།།
དགྲས་སོ་སོར་ཕྲལ་བའི་གདུང་མནར་གྱི་ངང་ནས།།
སེམས་སྨྲེང་བའི་འབའ་དང་ངུར་སྐད་དེ་འུར་འུར།།
ལུས་ཤན་པར་བཙོངས་པའི་ཕྱུགས་ཟོག་གི་ཁྱུ་དེ།།
སྲོག་གཤེད་མར་གཏད་པའི་འཇིགས་སྐྲག་གི་རྐྱེན་གྱིས།།
ལུས་ཉྭ་བཞི་གཉོམ་པོའི་སྒྱིད་ཁ་དེ་ལྕིག་ལྕིག །
ངག་འདར་མའི་ངང་ནས་མགོ་བོ་དེ་ཡོམ་ཡོམ།།
ཡ་ང་བའི་འཇིགས་རུང་བཤས་ར་ལ་བསྐྱལ་ཅིང་།།
སྒྲས་ས་གཞི་སྐྱོམ་པའི་འཕྲུལ་ཁ་ལ་བཞག་སྟེ།།
ལུས་གདོས་བཅོས་ཕུང་པོ་དུམ་བུ་རུ་གཏུབས་པས།།
ནང་རྣམ་ཤེས་གནས་སྡོད་བརྟེན་མེད་དུ་བཏང་སོང་།།
ཨ་ཤི་རེ་དབང་མེད་དུད་འགྲོ་ཚོ་སྙིང་རྗེ།།
འབའ་ཀྱི་ལེར་འགྲོགས་པའི་ཟོག་ཁྱུ་དང་གསོན་བྲལ།།
ཉམ་ཆུང་ངུར་འཚོ་བའི་གོ་སྐབས་ཀྱང་འཕྲོགས་ཟིན།།
སེམས་གཏོད་མེད་བར་དོའི་འཕྲང་རིང་ན་འཁོར་ཡོད།།
བྱམས་སྙིང་རྗེའི་རྩིས་བཏང་ཁྲེལ་མེད་ཀྱི་མི་དག །
གནས་བཀོད་པ་ལེགས་པའི་ཁང་གཙང་གི་ཁྱིམ་ན།།
ཟོག་ཁྱུ་གཅིག་བཙོངས་པའི་ཡུན་ཐུང་གི་ཁེ་བཟང་།།
སྐྱིད་འཚོ་བར་རོལ་བཞིན་དགའ་སྐྱིད་ཀྱིས་ཁེངས་འདུག །
བློ་མཛའ་བརྩེ་དམ་པའི་ཕུ་ནུ་དང་མིང་སྲིང་།།
དགྲས་སོ་སོར་བཏང་བས་མྱ་ངན་དེ་ཅི་འདྲ།།
རང་མཆོག་ཏུ་གཅེས་པ་ཤ་ཁྲག་གི་ཕུང་པོར།།
མཚོན་དབལ་མས་བཏབ་ན་གང་འདྲ་ཞིག་ཚོར་འོང་།།
དམན་རིགས་འདྲའི་ཁྱུ་ན་རྩྭ་ཆུ་ཙམ་བརྟེན་ཏེ།།
འཇམ་ཐིང་ངེར་རྒྱུ་བ་སྟོབས་ཞན་གྱི་དུད་འགྲོ།།
མིས་ས་ལ་བཏབ་ནས་སྐྱེས་པ་ནི་མ་ལགས།།
རྫས་དངོས་པོ་བསྒྲིགས་ཏེ་བཟོས་པ་ཡང་མ་ཡིན།།
ངེད་མི་དག་འཚེ་མེད་ཞི་བདེ་ཡི་ངང་ནས།།
ལུས་གསོན་པོར་གནས་པའི་ཚེ་གང་འདི་གཙིགས་ཆེ།།
ཆུང་དུད་འགྲོ་ཡིན་རུང་བདེ་བ་ལ་ཞེན་པས།།
སྲོག་གཞན་དབང་བསྒྱུར་ལ་རང་མོས་དེ་ཅི་ཡོད།།
གནས་འོག་མའི་ཁྱོན་འདིར་སྐྱེ་འགྲོ་ཡི་ཁྲོད་ན།།
མིའི་རིགས་ལས་ལྷག་པའི་དབང་རྣོན་ཞིག་མེད་སྐད།།
ལས་འཚེ་བ་ཆུང་བའི་ཐབས་མང་དག་བཞག་ནས།།
གཞན་དབང་ཡོད་གཏོང་བ་འུ་ཐུག་གི་བྱ་བ།།
མིས་དབང་ཤུགས་བཀོལ་ནས་ཅི་ཙམ་ཞིག་བརྙས་ཀྱང་།།
དམན་དུད་འགྲོ་རུབ་སྟེ་མི་རྒོལ་བ་བདེན་རུང་།།
ལས་ཆུད་མི་ཟ་བ་རྣམ་སྨིན་གྱི་འབྲས་བུས།།
རིགས་མཆོག་དམན་བཟང་ངན་ཆེ་ཆུང་ལ་མི་ལྟ།།
བོད་གངས་རིའི་ལྗོངས་དེ་ཆོས་ལྡན་གྱི་ཞིང་ཞེས།།
མཚན་སྙན་མོའི་དབྱངས་ཀྱིས་གླིང་ཀུན་ལ་ཁྱབ་ཡོད།།
ལས་འདི་འདྲའི་རིགས་ལ་ཚོད་འཛིན་ཞིག་མེད་ཚེ།།
མགོན་མེས་པོ་གོང་མའི་ཞབས་འདྲེན་དུ་འགྱུར་ངེས།།
སྤྲང་གོ་ས་དམན་ཡང་ལྷག་བསམ་གྱི་དབང་གིས།།
དོན་མཐུན་པའི་གཏམ་འགའ་དབང་མེད་དུ་ཤོར་ཐལ།།
ངེད་བོད་རིགས་སྤུན་འགའི་སེམས་ངོ་རུ་གཟན་ཡང་།།
དེ་ལག་ལེན་བགྱིས་ན་སྐྱེས་བཟང་གི་མཆོག་ཡིན།།
སྐྱབས་དམ་པ་རྣམ་གསུམ་བདེན་དག་གི་བྱིན་རླབས།།
བུ་བདག་གི་ཟོལ་མེད་རྣམ་དཀར་གྱི་བསམ་པ།།
ཆོས་རྟེན་འབྲེལ་བསླུ་མེད་བདེན་པ་ཡི་སྟོབས་བཅས།།
དོན་དེ་བཞིན་འགྲུབ་པའི་དགེ་ལེགས་ཀྱིས་བཀྲ་ཤིས།།
ཅེས་པའང་རྩེཿམུན་སེལ་དུ་འབོད་པས་དེང་སང་བོད་ཀྱི་ས་ཁུལ་དག་ན་མི་འགའ་རེས་སྒོ་ཕྱུགས་མང་པོ་ཞིག་བཤས་རར་འཚོང་གིན་ཡོད་པའི་གནས་ཚུལ་འགའ་རྣ་བར་སོན་པས་རྐྱེན་བྱས་ཏེ། ཕན་པའི་བློས་ཀུན་ནས་བསླངས་ཤིང་ཕྱི་ལོ་༢༠༡༦ ཕྱི་ཟླ་༩ ཕྱི་ཚེས་༢༨ ཉིན་ལྕགས་པོ་རིའི་བོད་སྨན་མཐོ་རིམ་སློབ་གླིང་གི་རང་ཤག་ཏུ་མགྱོགས་པོར་བྲིས་པ་དགེའོ།།
http://tibettimes.net/%e0%bd%82%e0%be%b3%e0%bd%b2%e0%bd%84%e0%bc%8b%e0%bd%9a%e0%bc%8b%e0%bd%9a%e0%bd%ba%e0%bc%8b%e0%bd%96%e0%bd%a2%e0%be%9f%e0%bd%93%e0%bc%8b%e0%bd%a2%e0%be%a1%e0%bd%bc%e0%bc%8b%e0%bd%a2%e0%be%97%e0%bd%ba-3/
ཆོས་བ་འདི་ཚོ་ལ་ཡིད་ཆེད་སོང་།
ཆོས་བ་དང་ཆོས་དཔོན་ཚོ་ཁྱོད་ཚོ་ལ་ནུས་བ་ཡོད་དང་མེད། ཡོད་ན་མི་རིགས་འདི་ཕར་ཞོག་ཨ་མ་འདི་དང་ཆུང་མ་འདི་ད་དུང་བུ་ཕྲུག་ཆུང་ཆུང་འདི་གཉིས་ལ་རོགས་པ་ཞིག་བྱེད་རོགས། ཧ་ཧ་ཧ་རོགས་པ་ལབ་ན་ཆོས་བ་ཚོས་སྒོར་མོ་བསམ་གི་རེད། ཁོ་ཚོ་ལ་དགོས་བ་དེ་ལ་རོགས་པ་བྱེད་པས་ནུས་བ་ཆོས་བ་ཚོ་ལ་ཡོད་དམ།