ཧི་གཟུགས་ཟིན་བྲིས་སྒོ་རྒྱག་རྒྱུ་ཡིན་པའི་སྐད་དེ་ཐོས་རྗེས། དེ་རིང་ཚོད་ལྟ་ཞིག་བྱེད་སྐབས། “ཁྱོད་ཀྱིས་འདི་ཁ་ཕྱེ་ཚེ། ཁྱེད་ཀྱི་གློག་ཀླད་ལ་ཉེན་ཁ་ཡོད།”ཅེས་གསལ་བའི་ཉེན་བརྡ་ཞིག་མཐོང་མོད། ཨུ་ཚུགས་ཀྱིས་ནང་དུ་འཛུལ་ནས་རྩོམ་རྙིང་ཐར་ཐོར་རྣམས་ཚུར་བཀོག་པ་ཡིན། དེ་ནས་འདིར་བཀོད་པ་ཡིན།
“ཕྱི་རུ་དྲག་ཆར་འཇོ་བས་བཅོམ་སོང་སྙམ།།
ནང་དུ་ཚ་ཟེར་འཕྲོ་བས་འབར་སོང་སྙམ།།
ད་དུང་མ་ཤི་གསོན་པ་ཨེ་མ་མཚར།།
ཨ་མའི་དྲུང་དུ་མཆིད་ཅིག་བསྐྱལ་བར་འགྲོ། ཁ་བྲོ།” འདི་ནི་ཕྲན་གྱི་ཧི་གཟུགས་ཟིན་བྲིས་སུ་བཀོད་པའི་ཀླད་ཀྱི་གཏམ་དེ་ཡིན། གང་ལྟར་འདི་ལྟར་རྩོམ་ཡིག་རྙིང་པ་ཚུར་བཀོག་ནས་རང་གིས་རང་ལ་གུ་ཡངས་ཤིག་ཐོབ་པར་བྱས། དེ་དང་མཉམ་དུ་ཧ་ལམ་ཧི་གཟུགས་ཟིན་བྲིས་དང་ཁ་གྱེས་པ་ཡིན་འདྲ། གཏན་དུ། གཤམ་གསལ་ནི་ཚུར་བཀོག་པའི་རང་རྩོམ་རྣམས་སོ།།
མ་རྨིས་པའི་རྨི་ལམ།
—————
“ཁྱོད་སང་ཉིན་ཤོག ཡིན་གཅིག་མིན་གཅིག་ཤོག ང་ཚོ་ཡང་ཡང་ཐུག་ཐུབ་གི་མི་འདུག ཤོག” གྲོགས་པོས་དེ་ལྟར་ནན་སྐུལ་བྱས།
ཉི་མ་རྗེས་མ་དེར་གནམ་ངོ་ཧ་ཅང་དྭངས། རླངས་འཁོར་ཐོག་ གོ་ལའི་ཕྱོགས་སྟོན་འཁོར་ལོ་ (GPS) བཀལ། ལམ་ཕྲན་ནས་ལམ་ཆེན་སྟེང་དུ་བསྐྱོད། ཧ་ལམ་ཆུ་ཚོད་བཞི་ཙམ་ལ་རླངས་འཁོར་བསྐོར། མཐའ་མ་དེར། ཕྱོགས་སྟོན་འཁོར་ལོ་དེས་ “ཁྱེད་རང་གི་འགྲོ་ཡུལ་དེར་འབྱོར་བྱུང་། ཁྱེད་ཀྱི་འགྲོ་ཡུལ་ནི་ལག་གཡས་པའི་ངོས་ན་འདུག” ཅེས་བཤད་བྱུང་། ང་ཡང་རླངས་འཁོར་བསྐོར་ནས་ཐང་ཆད་ཡོད་པ་དེ་ཅུང་སོས་པའི་ཚོར་བ་ཞིག་དང་བཅས་མར་བབས། ལག་གཡས་ན་ཡོད་པའི་ཁང་པ་དེའི་སྒོ་དྲིལ་དཀྲོལ། གྲོགས་པོ་སྒུག་འདུག
“ཕྱག་ཕེབས་གནང་བྱུང་། ཕྱག་ཕེབས་གནང་བྱུང་།” གྲོགས་པོས་ཨ་མདོའི་སྐད་དུ་མེད་པའི་དབུས་པའི་ལུགས་འདིས་ང་ལ་སྣེ་ལེན་བྱས་བྱུང་།
“ཝའོ” ཡང་ན་ཨ་མདོའི་སྒྲ་གདངས་ལྟར་བྱས་ན། “བའོ”ཞེས་པའི་ཚིག་འདི་ངའི་ཁ་ནས་ཤོར། (ཨ་རི་བ་ཚོས་བཤད་ལོབས་སུ་སོང་བའི་ཡ་མཚན་པའི་སྒྲ་ Wow! ཞེས་པའི་སྐད་དོད།) སྒོ་ནས་ནང་དུ་འཛུལ་མ་ཐག སྡོད་ཁང་རེད་འདུག སོབ་ཧྥ་རིང་མོ་སྤུས་གཙང་གཉིས་དང་། དེ་ནས་མཆོད་ཁང་གི་སྲོལ་དུ་བཅོས་པའི་ཤིང་གི་དྲ་མིག་ཅན་ཅིག དེའི་ནང་བཤམས་པའི་སྣོད་ཆས་སྤུས་གཙང་ནས་སྐུ་གསུང་ཐུགས་རྟེན་སོགས། དཔང་དུ་མཐོ་བའི་ཁང་པའི་སྟེང་གཅལ་དུ་རླུང་འཁོར་མཛེས་པའི་རྒྱན་ཅན། འདི་ནི་བོད་མི་ཞིག་གིས་ཨ་རི་བའི་ཁྱིམ་ལྟར་ཉར་བའི་བཀོད་པ་ཆ་ཚང་བ་ཞིག་རེད་འདུག་ལ། དེས་ཧ་ལམ་ངའི་ཡིད་དབང་ཡོངས་སུ་བཀུག་པ་རེད། ད་དུང་། ཐབ་ཚང་གི་གཡས་ཟུར་ནས་སྐས་འཛེགས་བརྒྱུད་དེ་ཡར་ཐོག་ཁང་དུ་འགྲོ ཐོག་ཁང་ན་ཉལ་ཁང་གསུམ་དང་། ཁྲུས་ཁང་དང་གསང་སྤྱོད་ཆ་གཉིས། དེའི་ཁར་བཟའ་མི་གཉིས་ལ་རླངས་འཁོར་གསར་རྙིང་གཉིས། འཇིག་རྟེན་འཁོར་བའི་ཕྱོགས་ནས་བཤད་ན། འགྲོ་རྟ་ཐོག་དང་འདུག་སྟན་ཐོག་ཟེར་བ་བཞིན། ཧ་ལམ་ཆ་མི་ཚང་བ་ཞིག་མི་འདུག
ངས་ཡང་བསྐྱར་གྲོགས་པའི་ཁྱིམ་གཞིས་ཀྱི་སྐོར་ལ་བསམ་བློ་ཞིག་བཏང་ “ཝའོ” ཞེས་ཁ་ནས་ཤོར། གྲོགས་པོ་ཡང་ང་དང་མཚུངས་པར་མི་ལོ་ ༢༠ གོང་ཕ་ཡུལ་ནས་རྒྱ་གར་དུ་བྲོས། དེར་ལོ་བཅུ་ཙམ་བཞུགས་རྗེས་ད་ཨ་རིར་འབྱོར་ཏེ་ལོ་བཅུ་ཙམ་ཞིག་འགྲོ་གིན་ཡོད།
ལོ་བཅུའི་ནང་ཚུད་ལ། ཐོག་མའི་ལོ་ཤས་ནི་དཀའ་སྡུག་གི་ལོ་ཟླ་དག་ཡིན། ཡུལ་གྱི་འགྲོ་ལུགས་འགྲོ་སྲོལ་མི་ཤེས་པའི་དཀའ་ངལ། ལས་ཀ་མེད་པའི་དཀའ་ངལ། མཐུན་རྐྱེན་མེད་པའི་དཀའ་ངལ། རླངས་འཁོར་མེད་པར་ཇ་ཚྭ་ཞིག་ཀྱང་ཐོབ་དཀའ་བའི་དཀའ་ངལ། དེ་ནས་ཚུལ་མཐུན་དུ་གནས་སྡོད་ཆོག་པ་དང་ལས་ཀ་བྱེད་ཆོག་པའི་ཡིག་ཆ་མེད་པའི་དཀའ་ངལ་སྟེ། དཀའ་ངལ་འདི་དག་ནི་ཧ་ལམ་ཨ་རིའི་ནང་གི་བོད་མི་ཁྲི་ལ་ཉེ་བ་ལ་གཅིག་མཚུངས་སུ་བྱུང་ཡོད། གྲོགས་པོས་དཀའ་ངལ་དེ་དག་འདི་ལྟར་བསངས་ནས། ད་ནི་མི་ལ་ངོམས་སོ་སྟོན་རྒྱུ། རང་ལ་སྐྱིད་པོ་ཡོང་རྒྱུ། ཕ་ཡུལ་གྱི་སྤུན་ལ་རོགས་པ་བྱེད་རྒྱུ། འདི་འདྲའི་མི་ཚེ་སྐྱིད་པོ་ཞིག་ནི་ང་ཚོ་ཆུང་དུས་རྨི་ལམ་དུའང་མ་རྨིས་པའི་རྨི་ལམ་ཞིག་ལོས་ཡིན།
གྲོགས་པོ་དང་ངེད་གཉིས་ཀྱིས་འཚམས་འདྲི་བྱེད་པ་སོགས་སྐབས་སུ་བབ་པའི་གླེང་མོལ་ནང་ཞུགས། རིམ་གྱིས་རྒྱ་ཟས་ལེའུ་བཅོ་བརྒྱད་ལ་འགྲན་པའི་ཟས་རིགས་རྣམས་བཤམས། ང་ཚོས་མུ་མཐུད་ནས་སྔོན་གྱི་ལོ་རྒྱུས་ནང་གི་ཕན་ཚུན་གྱི་འཇོན་རབས་དང་མ་འཇོན་རབས། འབྲས་དང་ལྡ་ལི་མ་ཞིམ་པ་ནས་ཞིམ་པའི་བར་གྱི་ལོ་རྒྱུས་སོགས་བཤད། དགོང་མོའི་ཟས་ཀྱི་རིམ་པ་རྣམས་གྲུབ། ཆུ་ཚོད་ཀྱང་དགུ་པ་ཙམ་ཞིག་ཡིན། ང་ཚོས་ཆང་འཐུང་མགོ་བརྩམས། གཏམ་གྱི་ལེའུའང་གསར་པ་ཞིག་ལ་འཇུས།
“ང་ཕ་ཡུལ་ནས་ཡོང་དུས། འདི་ལྟར་འཚོ་བ་བསྐྱལ་དགོས་བསམས་ནས་བཙན་བྱོལ་ལ་ཡོང་བ་རྩ་ནས་མིན།”གྲོགས་པོས་དེ་ལྟར་གཏམ་མགོ་བཙུགས། འདི་ནི་བོད་མི་ཚོས་ “ནུབ་ཕྱོགས་བདེ་བ་ཅན་”ཞེས་མཚང་མིང་གིས་འབོད་པའི་ཡུལ་དེ་ཡིན་པ་མ་ཟད། ཨ་རི་བ་ཁོང་ཚོས་ཀྱང་ “ཨ་རི་བའི་རྨི་ལམ་”ཞེས་ཡང་ཡང་དུ་བརྗོད་པའི་ཁང་ཁྱིམ་ཅན་གྱི་འཚོ་བ་ཞིག་རེད། ཁོང་འདི་ལ་ཞེན་པ་ལོག་དགོས་པ་ཅི་ཡིན་ནམ།
“ད་ནི་བོད་ལ་ལས་ཀ་བྱེད་ཐུབ་གི་མི་འདུག སེམས་པ་ཁྱོན་ནས་སྐྱིད་པོ་མི་འདུག”གྲོགས་པོས་དེ་ལྟར་བཤད། ངོ་མ་བཤད་ན། སྐད་ཆ་འདི་ནི་གྲོགས་པོ་འདི་གཅིག་པུའི་བསམ་བློ་ཞིག་མིན། ང་ལ་གྲོགས་པོ་གཞན་ཞིག་ཡོད་པ་དེས་ཀྱང་། “ངས་ཉོས་པའི་ཁང་ཁྱིམ་ནི་བཙོན་རྭ་ཞིག་ཡིན། ང་ནི་དྭང་དུ་བླངས་ནས་རང་ཉིད་བཙོན་ཁང་འདིར་འཇུག་པའི་བཙོན་པ་དང་འཇུག་མཁན་གཉིས་ཀ་ཡིན།”ཞེས་ང་ལ་ཡང་ཡང་བཤད་མྱོང་། འདི་ལྟར་གྲོགས་པོ་ཚོའི་སེམས་པ་སྟོང་སངས་སེ་འདུག གྲོགས་པོའི་ཉིན་རེའི་ལས་རིམ་གྱི་ཁོངས་སུ་ལས་ཀའི་དུས་ཡུན་ཆུ་ཚོད་བརྒྱད་པོ་དེ་རྫོགས་རྗེས་སྔ་ཕྱིར་ཆུ་ཚོད་གསུམ་ནས་ལྔ་རེའི་བར་དྲ་རྒྱ་བསྔོགས་ནས་བོད་ཀྱི་གནས་ཚུལ་འཚོལ་ལ། སྐབས་རེ་རྩོམ་ཐུང་རེ་བྲིས་ནས་བོད་འདི་སྐྱོབ་པའི་འབད་པ་རེ་བྱེད། རྒྱུ་མཚན་དེ་ལྟར་ན། ཁོ་ནི་ད་ལྟའི་བོད་ཀྱི་གནས་ཚུལ་ལ་མཁས་པའི་མཁས་པ་ཆུང་ཆུང་ཞིག་ཀྱང་རེད་འདུག ཁོས་མདོ་དབུས་ཁམས་གསུམ་གྱི་གནས་ཚུལ་མང་པོ་ཞིག་ཤེས་ཤིང་། ཤེས་ཐེངས་རེ་རེ་ལ་ཁོང་ལ་སྙིང་རླུང་འཕར་གི་འདུག ཡིན་ན་ཡང་ཁོས་བྱེད་ཐུབ་པ་དེ་དག་ནི་གོ་ལའི་ཕྱེད་གཞན་པ་འདི་ནས་ལྷག་སྟབས། བོད་མི་ལ་ཕན་པ་དང་གནོད་པ་ཧ་ལམ་ཡོང་དཀའ་བ་ཞིག་རེད། དེ་བས་ཁོང་སླར་ཡང་སེམས་ཁམས་སྟོང་པ་ཆགས།
ང་གཉིས་ཀྱིས་ཆང་འཐུང་ཞོར་དང་གྲོས་བསྡུར་བྱེད་ཞོར་མཚན་གྱི་ཆུ་ཚོད་བཞི་པ་ཡོལ་འགྲོ་གི་འདུག བོད་མི་རིགས་འདི་མུ་མཐུད་ནས་བོད་མི་རིགས་ཞེས་མི་རིགས་ཀྱི་ངོ་བོར་གནས་ཐུབ་རྒྱུ་ལ་ཅི་ཞིག་བྱེད་དགོས་མིན་ནས་བཟུང་སྟེ། མ་འོངས་པ་ལོ་བཅུ་གྲངས་ཀྱི་རྗེས་སུ་ཨ་མི་རི་ཀ་བའི་མི་སེར་གྱི་ངོ་བོའི་ཐོག་ནས་བོད་ནང་ལ་ཕྱིན་ཏེ་ལས་ཀ་འདི་དང་དེ་བྱེད་འདོད་པ་སོགས་རྨི་ལམ་གྱི་ཞིང་ཁམས་ཤ་སྟག་སྙེག མ་རྨིས་པའི་རྨི་ལམ་འདི་དག་གིས་ང་ཚོའི་སེམས་ཀྱི་སྟོང་ཆ་ཞིག་སྐོང་བཞིན་འདུག རིམ་གྱིས་ངེད་གཉིས་ཀ་ཆང་དང་བཟི་གཉིས་ཀས་མཉམ་ནོན་བྱས་འདུག རྨི་ལམ་གྱི་ཞིང་ཁམས་ཞིག་བརྒྱུད་དེ་སོང་། རྨི་ལམ། རྨི་ལམ། རྨི་ལམ།
མགོ་བརྡབས། རྐུབ་བརྡབས།
————–
རྒྱ་གར་བོད་པའི་གཞིས་ཆགས་པ་ཚོའི་ཁྲོད་གཏམ་དཔེ་ཞིག་འདུག གཏམ་དཔེ་དེ་ནི། ཡར་ལངས་ན་མགོ་བརྡབས། མར་བསྡད་ན་རྐུབ་བརྡབས།། ཞེས་པ་དེ་རེད། གཏམ་དཔེ་འདི་ཁ་སང་ངེད་ཀྱི་སེམས་སུ་ཤར། དེའི་ཤར་རྐྱེན་ནི། ང་འགྲུལ་བསྐྱོད་བྱས་པ་ཡིན། རླངས་འཁོར་བསྐོར་ནས་སོང་། ཨ་རིའི་པེན་སི་ཝེ་ནི་ཡ་ཞེས་པའི་མངའ་སྡེ་དེའི་ནང་རེད། གྲོང་ཚོ་དེ་དག་ནི་ཨ་རིའི་འབྲོག་པ་ཟེར་རམ་ཡང་ན་ ཨ་རི་བ་ཁོང་ཚོའི་ཁ་སྐད་ལྟར། མི་དཀར་སྐེ་དམར་ཚོ་སྡོད་ས་རེད། ནགས་རི་དང་ས་ཞིང་དེ་ཚོ་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་རེད། མེལ་ལེ་ནས་མེལ་ལེ་མང་པོའི་བར་དེ་ལྟར་རེད། མཚམས་ཤིག་ལ། ངེད་སྣུམ་ལྡུགས་ས་ཞིག་ནས་བཀག ཨ་རིའི་འབྲོག་སྐད་རྒྱག་མཁན་གྱི་ཚོང་པ་ཞིག་འདུག ངས་ཇ་ཞིག་ཉོས། དེ་ནས་གཡས་གཡོན་ལ་བརྟགས། ཨ་རིའི་རྒྱལ་དར་ཚོམ་བུ་ཞིག་འདུག རྒྱལ་དར་དེ་ཚོའི་འདེགས་ཤིང་ནི་འགྱིག་གིས་བཟོས་ཤིང་། མཐའ་ལ་འགྱིག་གི་མཐའ་ལྕགས་ལེབ་མོ་ཞིག་ཡོད་པ་དེ་རླངས་འཁོར་གྱི་སྒེའུ་ཁུང་ཡར་ཐོད་དུ་བཅུག་ནས་སྒེའུ་ཁུང་བརྒྱབ་ན་ཁྲིགས་སེ་འགྲོ་བ་ཞིག་བཟོས་འདུག དུས་ཚོད་འདི་ཨ་རིའི་རྒྱལ་ཁབ་ཀྱི་ཉི་མོ་སླེབས་མ་ཐག་པ་ཡིན་བརྟེན། མི་མང་པོས་རྒྱལ་དར་དེ་རླངས་འཁོར་སྟེང་བཏགས་ནས་འགྲོ་རྒྱུ་དགའ། ངས་ཀྱང་དེ་ལྟར་བྱེད་འདོད་ཅིག་སྐྱེས། རྒྱལ་དར་ནི་སྤུས་ལེགས་ཤ་སྟག་འདུག གོང་ཚད་ཀྱང་ང་ལ་རན་ཐག་ཆོད་འདུག དེ་ནས་ངས་ལག་པ་བསྲིངས། གཤམ་དུ་ཡིག་ཆུང་གིས། “རྒྱ་ནག་ཏུ་བཟོས།”ཞེས་བྲིས་འདུག ངས་ཉོ་འདོད་ཀྱི་བློ་ཁ་བསྒྱུར། འོན་ཀྱང་བསམ་བློ་ཞིག་འཁོར། ཨ་རིའི་དཔལ་འབྱོར་ཉམས་ཟེར་བའི་སྡུག་སྐད་དེ་ཚོ་ཡོང་ས་འདི་དག་ཡིན་པ་རེད་དྲན། རྒྱལ་དར་ས་ཡ་མང་པོ་ཞིག་ཨ་རི་རང་ནས་བཟོས་པ་ཡིན་ན་མི་ག་ཚོད་ལ་ལས་ཀ་ཡོང་གི་རེད། ཚོད་དཔག་ལས་འགོངས་པའི་དཔལ་འབྱོར་གྱི་ཡོང་ཁུངས་ཤིག་རྒྱ་ལག་ཏུ་ཤོར་འདུག་དྲན། དེ་ནས་ཡང་བསམ་བློ་ཞིག་འཁོར། འདི་དག་བཙོང་མཁན་གྱི་ཚོང་པ་དེ་ཚོའི་ལས་ཀ་ཤོར་ན་ཡང་དཀའ་བ་ལ་དྲན། ངས་དཔལ་འབྱོར་མི་ཤེས། འོན་ཀྱང་། གོང་གི་གཏམ་དཔེ་དེ་ཚོ་ཨ་རིའི་དཔལ་འབྱོར་ཐོག་བབས་འདུག་ཅེས་དྲན་སོང་།
ཕོའམ་མོ།
————
ཉི་ མ་གཅིག ང་སྨན་ཁང་དུ་སོང་། ང་ན་བ་མ་རེད། ཆུང་མ་བསྙུང་བ་རེད། ཆུང་མ་ནང་དུ་འཛུལ། ང་སྒུག་ཁང་ལ་འཛུལ། ཡུན་རིང་སྒུག མཚམས་ཤིག་ལ། ནད་ཞབས་མ་ཞིག་སྒུག་ཁང་དུ་སླེབས། སྒུག་ཁང་དུ་ཡོད་པའི་མི་ཚོགས་ལ་མིག་སྐོར་ཞིག་བྱས།
“སྐུ་ཞབས་སྒྲོལ་མ་ལགས། (Mr. Dolma)”ཞེས་་བོས། ལན་རྒྱག་མཁན་མི་འདུག
“སྐུ་ཞབས་སྒྲོལ་མ་ལགས་འདུག་གས། སྒྲོལ་མ་ལགས་འདུག་གས།” གཟེངས་མཐོན་པོས་བོས།
ངས་ངའི་ཆུང་མའི་མིང་ཚེ་རིང་སྒྲོལ་མ་ཞེས་པའི་མཇུག་གི་མིང་སྒྲོལ་མ་ཞེས་པ་ནས་བོས་པ་ཚོར། “དགོངས་དག ངས་ཡག་པོ་ཞིག་གོ་མ་བྱུང་།” ཞེས་ཞུས། ང་ནད་ཞབས་མའི་རྗེས་དེད་ནས་ཕྱིན།
ཡང་ཉིན་མ་གཅིག ང་སོ་སྨན་ཁང་དུ་ཕྱིན། དེ་ཡང་ངའི་སོ་ན་བ་མ་རེད། བུ་མོའི་སོ་ན་བ་རེད། ངས་ལས་ཁུངས་སུ་བུ་མོའི་མིང་ཐོ་བཀོད། བུ་མོ་ནང་དུ་སོང་། ང་ཕྱི་ལོགས་སུ་སྒུག མཚམས་གཅིག་ནས་ནད་ཞབས་མ་ཞིག་སླེབས།
“སྐུ་ཞབས་མཚོ་མོ།(Mr. Tsomo) ཁྱེད་ཀྱི་བུ་མོའི་སོའི་བརྟག་དཔྱད་བྱས་ཚར་སོང་།” ཞེས་བརྗོད། མོའི་སྐད་ཆ་ཚར་མ་ཐག་ཏུ་ང་ཡར་ལངས། སྐུ་ཞབས་མཚོ་མོ་ཡར་བཞེངས། མོའི་རྗེས་ལ་ཕྱིན། གཡས་གཡོན་ན་བོད་སྐད་ཤེས་མཁན་གཅིག་ཀྱང་མི་འདུག བློ་བདེ་བ་ལ་ཨ། ཕྱི་རྒྱལ་གྱི་མིང་རྗེས་མ་(last name)ཞེས་པའི་ལམ་སྲོལ་གྱི་རྙོག་དྲ་འདི་ངའི་མགོ་ལ་བབས།
དེ་རིང་ང་དྲ་རྒྱ་ཞིག་ ལ་འཛུལ་ཐབས་བྱས། དེ་ནི་བོད་ནང་གི་དྲ་རྒྱ་ཞིག་རེད། ང་ནི་རྗེས་ནས་འཐོམས་སངས་པ་མ་གཏོགས། ང་དེར་སླེབས་དུས་བྱེས་འབྱོར་བོད་མི་ནི་འཚང་ཁ་ཤིགས་ཤིགས་བྱེད། ངས་ངོ་ཤེས་པ་རེ་ཟུང་འདུག ངོ་མི་ཤེས་པ་ཡང་རེ་ཟུང་འདུག འགེངས་ཤོག་ཅིག་མིག་ལམ་དུ་ཤར་ཡོང་། རུས་མིང་ཞེས་པའི་ཟུར་དུ་སྟོང་ཆ་ཞིག་འདུག ངས་བསམ་བློ་ཞིག་བཏང་། ང་ལ་ཆོས་མིང་ཞིག་ཡོད། ཕ་མས་བསྩལ་བའི་མིང་ཞིག་ཡོད། གྲོགས་པོ་ཚོས་བཏགས་པའི་མཚང་མིང་ཞིག་ཡོད། ཅི་འབྲི་མ་ཤེས། དེ་ནས། ངའི་རང་གི་ཆོས་མིང་། བསྟན་འཛིན་སྒྲ་དབྱངས་ ཞེས་པ་དེ་བྲིས་པ་ཡིན། དེ་ངའི་རུས་པའི་མིང་རེད་སོང་། ད་ཅི་དྲག
ཨ་མ་དང་བུ་མོ་
——–
ཨ་མ་ཞིག་གིས་བུ་མོ་ལ་ཁ་ཏ་བྱེད་གི་འདུག ཨ་མ་རྐུབ་སྟེགས་ཤིག་སྟེང་བསྡད་འདུག སྐྲ་ལོ་སླས་མ་སྐྱ་གཉིས་ཅན་ཞིག་བྲང་གཡས་གཡོན་ནས་མར་བསྣར་འདུག དེའི་སྣེ་མོ་གཉིས་རས་དམར་པོས་བསྡམས་འདུག ཁ་མུར་མུར་བྱེད། སོ་མེད་པ་འདྲ། གཉེར་མས་ཁེངས་པའི་གདོང་དང་ལག་པ་དག་ལ་འགུལ་སྐྱོད་ཉུང་། མཚམས་རེར་ལག་པ་གཡས་པ་དལ་མོར་ཡར་བཀྱགས་ཏེ་ཐོད་དང་མིག་ལ་རེག ཤིང་སྡོམ་སྐམ་པོ་ཞིག་དང་མཚུངས། ཧ་ཅང་སྐམ་རིད་རེད། མིག་གཉིས་ན་འོད་ཅིག་འཚེར། གྲུང་རིག་རིག་གིས་གཡས་བསྐོར་གཡོན་བསྐོར་བྱེད། ཞོགས་པའི་ཉི་འོད་འགོག་པ་ཡིན་ནམ། ཡང་བསྐྱར་ལག་པ་སྐམ་པོ་དེ་ཐོད་ལ་འཁྱེར། ཡང་ཁ་མུར་མུར་བྱེད། སྐད་མགོ་ཧ་ཅང་དམའ།
དེའི་མདུན་དུ་ཡོད་པ་ནི་བུ་མོ་དར་མ་ཞིག་རེད། པུས་མོ་གཉིས་ས་ལ་བཙུགས་ནས་ཨ་མ་ལ་ཁ་སྤྲོད་ཀྱིས་བལྟས་འདུག སྐྲ་ལོ་ནག་པོ་ནག་རྐྱང་རེད། གདོང་དང་ལག་ཤ་འཇམ་ལ་དཀར་མདངས་ཆེ། སྐུ་ལུས་ཙ་རིའི་སྨྱུག་མ་རེད། བྲང་འབུར་གཉིས་པོས་མོའི་ཕྱུ་པ་དེ་ཕྱིར་དེད་འདུག མོའི་མཁུར་ཚོས་ཀུ་ཤུ་མདོག་ཅན་དེའི་ངོགས་ལ་ཆུ་ཡི་ཐིགས་པ་འགའ་རེ་འབབ་ཀྱིན་འདུག མཚམས་རེར་ཆུ་ཐིགས་དེ་དག་རིམ་གྱིས་བྲང་ངོས་སུ་ཟགས་བཞིན་འདུག མཚམས་རེར་མགོ་གཡུགས་ནས་ཨ་མའི་རྐང་པ་ལ་གཏུགས་ཙམ་གཏུགས་ཙམ་བྱེད། མཚམས་རེར་མོའི་འཇམ་ཤ་ཆེ་བའི་ལག་ཟུང་གིས་ཨ་མའི་སྐམ་རིད་ཀྱི་ལག་པ་ནས་འཇུ་ཙམ་འཇུ་ཙམ་བྱེད།
“ཨ་མ་དྲིན་ཆེན། ཁྱོད་ད་དུང་ཤི་གི་མ་རེད། ང་ལོ་གཉིས་ཀྱིས་ཚུར་འཁོར་ཡོང་།” བུ་མོས་ཨ་མའི་མདུན་ནས་མགོ་སྒུར་བཞིན་རེ་སྐུལ་བྱེད་བཞིན་འདུག ཨ་མ་ཡང་རེ་སྐུལ་འདི་ལ་བསུན།
“ཨ་མའི་ལོ་ལོ། ལོ་གཉིས་ལ་སྒུག་ལོང་ཨེ་ཡོད། ཕ་དམ་པ་མེད་པ་ནས་བཟུང་ངས་ཉི་མ་རེ་རེ་ཡང་མི་ཆོད། ད་ངའི་ལོ་དང་གཟུགས་པོ་ལ་ལྟོས། ལ་རྩེའི་ཉི་མ་རེད། ནམ་ནུབ་ཆ་མེད་རེད། ང་མེད་སོང་ན་ཁྱོད་གང་དུ་འགྲོ་འདོད་ན་ཡང་རྒྱུགས།” ཨ་མས་ཚེ་སྲོག་དེ་བུ་མོ་འགོག་པའི་ཐབས་སུ་བསྟེན།
“ད་ཐེངས་ང་མ་སོང་ན། ངའི་མི་ཚེ་འདི་ལ་ཞིང་བ་དང་ཞིང་ལས་བྱེད་རྒྱུ་ལས་གཞན་ང་ལ་ལས་ཀ་ཡོང་གི་མ་རེད། ང་ཡང་ཨ་མ་ཁྱོད་ལྟར་རྒས་འགྲོ་གི་རེད།” བུ་མོས་རང་གི་མདུན་ལམ་ཤེད་ནས་གྲོང་གསེབ་ཀྱི་འཚོ་བ་ལ་རོལ་མི་འདོད་པའི་རྣམ་འགྱུར་བསྟན། ཨ་མའི་ལག་པ་ནས་བསྡམས།
“ཁྱོད་ས་ཐག་རིང་ལ་སོང་ནས་ལམ་འགྲོ་ཨེ་ཡོང་སུས་ཤེས། ས་ཞིང་དྲིན་ཆེན་པོ་འདི་ལ་འཁོར་ནས་བསྡད་ན་ཅི་སྐྱོན། བུ་མོ། ལོ་ལོ། ངེད་ཚང་གི་མི་རབས་དང་མི་རྒྱུད་འདི་ལ་བརྟེན་ནས་ཡོང་བ་རེད།” ཨ་མས་ཁྱིམ་རྒྱུད་རྩ་ཆེན་པོ་དེ་ལ་བུ་མོས་ཨེ་བརྩི་བལྟས།
“རེད། ཨ་མ། རེད། ད་དུས་སོ་མ་རེད། ཚང་མ་འགྱུར་སོང་བ་རེད། ལོ་གཅིག་གི་ཟླ་བ་བཅུ་གཉིས་ཀྱི་རིང་ལ་ཞིང་ལས་བྱས། ཞིང་ལས་བྱས། ཞིང་ལས་བྱས། ད་ཁྱིམ་གྱི་དགོས་མཁོ་ཏོག་ཙམ་ཉོ་སྤྱད་ཀྱང་མི་འདང་གི ང་ལ་ལས་ཀ་དེ་འགྲིག་སོང་ན། སྡུག་ཉུང་གི ཡོང་འབབ་བཟང་གི ཟ་ཁང་གི་སྦྱིན་བདག་དེ་ཡང་བོད་རེད། མྱི་བཟང་ཞིག་རེད།”
“ད་ཁྱོའི་ཁྱི་ཁ་ཚུམས། ང་ཟ་ཁང་གི་སྦྱིན་བདག་དེའི་ངོ་རིག་ནས་ཚུན་མི་གཡོ་སྒྱུ་ཅན་ཞིག་ཡིན་པ་ཤེས་སོང་། ཁ་གདངས་ན་ཁོག་རིག་ཟེར་བ་དེ་རེད། ཁྱོད་ཐག་རིང་གི་གྲོང་ཁྱེར་དེ་འདྲ་ཞིག་ལ་སོང་ན། ངའི་སྙིང་འདི་ཇི་ལྟར་བདེ་དགོས་པ་རེད།”
“ཨ་མ་ལོ་ལོ། དེ་མ་བྱེད། དེ་མ་ཟེར། ང་ས་རྡུལ་གི་ནང་ནས་འདུག་དགོས་པ་མ་རེད། གྲོང་ཁྱེར་དེ་ཚོ་གཙང་མ་རེད། ཟ་ཁང་གི་ལས་ཀ་ལ་ང་དགའ་ན་ངས་བྱེད་ཆོག མ་དགའ་ན་གཡུགས་ཆོག ཨ་མ་དྲིན་ཆེན། ད་ཐེངས་ང་འགྲོར་ཆུགས།”
བུ་མོའི་མགོ་དེ་ཨ་མའི་རྐང་པར་ལྷུང་། ཨ་མའི་ལག་པ་སྐམ་རིད་དེ་གདོང་ལ་བཀབ།
ཉ་བ་དང་དོམ། The Fisherman and the Bear
———————
ཉི་མ་སྐྱིད་པོ་ཤར་དུས་གཅིག་ལ། ཉ་བ་རྒད་པོ་ཞིག་གིས་ཉ་འཛིན་གི་ཡོད། ཁོ་དགའ་སའི་མཚོ་ཁ་དེ་ན་ཉ་འཛིན་གི་ཡོད། ཅི་ཡང་ལག་པར་མ་ཐོབ། མཐའ་མ་དེར་ཁོས་མཚམས་བཞག སླར་ཡང་རང་གི་ཉ་འཛིན་ཆས་འཇོག་སའི་ཁང་དེའི་ཕྱོགས་སུ་སོང་། ཁོ་སྒོ་དང་ཐག་ཉེ་སར་སླེབས་པ་དང་། སྒོ་ཕྱེས་ཡོད་པ་མཐོང་། ཁོ་དྭོགས་པ་ཟས། ཁུ་སིམ་མེར་སྒོ་རྩར་སོང་ནས་ནང་དུ་བལྟས། དོམ་ནག་པོ་ཆེན་པོ་ཞིག་འདུག དེས་སོ་བརྒྱབ་ནས་ཁོའི་ཀ་རའི་སྣོད་ཀྱི་ཁ་གཅོད་དེ་ནས་འཐེན་མགོ་བཙུགས་ཙམ་རེད། ཀ་ར་དེ་ཚོ་ཐང་གའི་གང་སར་གཏོར་འདུག དོམ་གྱིས་དེའི་ནང་རང་གི་སྡེར་མོ་བཅུག་ནས་བྱུགས་བྱུགས་བྱེད་ཀྱིན་འདུག
རེད། རྒད་པོ་དེ་ལ་སྐྲག་སྣང་འཚབ་སྣང་གང་ཡང་མི་འདུག ཁོ་ཁང་ཆུང་གི་རྒྱབ་ལ་སོང་། སྒེའུ་ཁུང་ནང་དུ་རང་གི་མགོ་བཅུག་ནས་ཀི་རིང་ཞིག་བཏབ། དོམ་དེ་མཆོངས་ཤིང་སྒོ་ནས་བྲོས། ཁོ་འབྲོ་སྟངས་དེ་ཧ་ཅང་ཡ་མཚན་པོ་ཞིག་འདུག དོམ་དེས་ཀ་རས་གཡོགས་པའི་རང་གི་རྐང་པ་དེ་བཙོག་པ་མི་ཆགས་ཆེད་ཡར་བཀྱགས་ནས་བྲོས་པ་དེ་རྒད་པོས་མཐོང་།
དོམ་དེ་མཚོ་ཁ་ལ་བྲོས། ཁོ་རང་གི་རྐང་པའི་ཐོག་ཡར་ལངས་ཤིང་། དོམ་དེས་ཀ་ར་སྡེར་མོ་ཁ་བཀང་བ་ཞིག་བཟུང་འདུག ཅང་མ་འགོར་བར་འབུ་ནག་དང་དུག་སྦྲང་སོགས་འཚང་ཁ་ཤིག་ཤིག་གིས་ཁོའི་མངར་ཆ་འབྱར་རྩི་ཅན་གྱི་སྡེར་མོའི་སྟེང་བབས། དེ་ནས་དོམ་དེས་རང་གི་སྡེར་མོ་འབུས་ཁེངས་པ་དེ་དང་ལྷན་དུ་ཆུ་ནང་འཛུལ། དོམ་དེས་རང་གི་སྡེར་མོ་ཆུའི་ཁར་གཡེངས། གློ་བུར་དུ་ ཉ་ཆེན་པོ་ཞིག་འབུ་དེ་དག་འཛིན་རྒྱུའི་ཆེད་དུ་མཆོངས་ནས་ཡོང་། དོམ་གྱིས་དེ་ལ་འཁྱུག་ཙམ་གཞུས་པས་དེ་མཚོ་འགྲམ་དུ་འཕུར་ནས་གཅལ་སེ་ལྷུང་། དེ་ནས་འབུ་ནག་གི་ཆེད་དུ་ཉ་གཞན་ཞིག་འཕུར་ཡོང་། དེའི་རྗེས་ལ་ཡང་གཞན་ཞིག་འཕུར་ཡོང་། ཁོའི་སྡེར་མོའི་རྗེས་སུ་ཉ་མོ་རེ་རེ་མཆོངས་ཐེངས་རེར་དོམ་གྱིས་དེ་དག་མཚོ་འགྲམ་དུ་གཡུགས། གང་མྱུར་དེ་ན་ཉའི་ཕུང་ཚོགས་ཤིག་ཆགས།
མཐའ་མ་དེར། དོམ་གྱིས་ཉ་འདང་ངེས་བྱུང་སོང་བསམས་ནས་མཚོ་འགྲམ་དུ་ལོག དོམ་གྱིས་ཉ་པ་སུ་ཡིན་ཡང་སེམས་པ་ཤོར་ངེས་པའི་ཉ་ཚོགས་ཤིག་བཟུང་འདུག རྒད་པོ་དེས་ཅི་ཡང་མ་བཟུང་བ་རེད། རྒད་པོས་དོམ་གྱིས་ཉ་ཟ་བཞིན་པ་ལ་བལྟས། ཁོའི་གྲོད་པ་ལ་འདར་གསིག་རྒྱག ཁོ་ལ་དགུང་ཟས་ཀྱི་ཆེད་དུ་ཡོད་པ་ནི་བག་ལེབ་ཏོག་ཙམ་དང་དོམ་གྱིས་ལྷག་ལུས་བཞག་པའི་བྱེ་མ་ཀ་ར་དེ་རེད། མཐའ་མ་དེར། དོམ་གྱིས་ཟ་མཚམས་བཞག རྒད་པོ་ཡིབ་སའི་རྩྭ་ཕུང་གི་ཕྱོགས་དེར་བལྟས། དོམ་དེ་ཡར་ལངས། ཤུལ་དུ་ལྷག་པའི་ཉ་རྣམས་བང་སྒྲིག་སྟེ་བཞག དེ་ནས་མཚོ་འགྲམ་ནས་ཡར་སོང་། རྒད་པོ་ལངས་ཡོད་སའི་རྩ་ཕུང་ལ་ཡང་ཡང་ཕྱིར་བལྟ་བྱས།
རྒད་པོ་རྩྭ་ཕུང་ནས་མཚོ་འགྲམ་ལ་འཇབ་བཞིན་ཡོང་། དོམ་གྱིས་ཉ་ཆེན་དྲུག་ཤུལ་བཞག་འདུག ཁོས་དོམ་ལ་བལྟས། དོམ་དེ་ཐག་རིང་གི་ཤིང་ནགས་ཀྱི་ཟུར་ཞིག་ནས་ལངས་ཏེ་བལྟ་བཞིན་འདུག “བཀའ་དྲིན་ཆེ།” རྒད་པོས་དོམ་ལ་སྐད་བརྒྱབ་ནས་བཤད། དོམ་གྱིས་རང་གི་ལག་སྡེར་རྫོར་པོ་དེ་གཡུགས་ཙམ་བྱས་ནས་ཤིང་ནགས་སུ་ཡལ། “རེད།” རྒད་པོས་དེ་ལྟར་བཤད། “འདི་ནི་ཐེངས་དང་པོར་དོམ་གཅིག་གིས་ངའི་བྱེ་མ་ཀ་རའི་རིན་སྤྲད་པ་དེ་ཡིན།”
དེ་ནས་བཟུང་རྒད་པོས་དོམ་རྔོན་མ་མྱོང་བ་རེད།