དོལ་པོ་པདྨ་དགོས་འབྱོར།
གནའ་བོའི་ཆོས་རིག་ནི་ཡབ་མེས་གོང་མ་དག་གིས་ངལ་དུབ་ཀྱི་རྔུལ་ཆུ་དང་བསྲེས་ནས་ཕྱི་རབས་ཚོའི་སེམས་ཀྱི་བདེ་སྐྱིད་ཅིག་དང་། གོ་ལ་ཧྲིལ་པོ་ཆུང་དུ་སོང་བའི་སྣང་ཚུལ་ཡ་མཚན་པ་ཞིག་མངོན་པའི་སྐབས་དེར་མི་རིགས་ཀྱི་སྤོབས་པ་དགུང་ལ་འདེགས་སླད་ཡོད་ཚད་སྔོན་མ་སྔོན་མའི་བྱུང་བ་དང་སྦྱར་ནས་གཅེས་སྲུང་བདག་སྤྲོད་ལེགས་པར་མཛད་ཡོད་པ་དེ་ནི་གནའ་བོའི་ཆོས་རིག་གི་རིན་ཐང་ཚད་འཇལ་ཐུབ་མཁན་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས་འོས། གངས་ལྗོངས་སམ་ཧི་མ་ལ་ཡའི་ས་ཁུལ་གྱི་མི་རིགས་དག་ནི་གཞི་རྩ་ཤ་ཁྲག་གི་ཁུངས་གཅིག་ནས་ཡིན་པ་ནི་འགྲེལ་མི་དགོས་པ་ལྟ་བུ་ཞིག་གོ།
དོལ་པོ་ནི་སྤུ་རང་དང་། གློ་བོ། ཡ་རྩེ་འཛུམ་ལང་བཅས་ཀྱི་ཆབ་འབངས་སུ་གནས་མྱོང་རྗེས་མཐའ་མཚམས་ཀྱི་རྒྱལ་ཕྲན་དག་གཅིག་ཏུ་བསྒྲིལ་མཁན་གྷོར་ཁའི་རྒྱལ་པོ་
པིར་ཏི་བྷི་ན་རན་སྲ་ཧའི་(༡༧༢༣/༡༧༧༥)སྐུ་དུས་ནས་བཟུང་དོལ་པོ་དང་ཧི་མ་ལ་ཡའི་ས་ཁུལ་ཁག་དེ་དག་བལ་ཡུལ་གྱི་མངའ་ཞབས་སུ་ཚུད། དེ་ཡང་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་མཆོག་གིས་བརྩམས་པའི་<དོལ་པོ་མོལ་པའི་གཏམ>ལས། “དུས་རབས་བཅུ་པ་ནས་བཟུང་ཡར་ཀླུང་རྒྱལ་རྒྱུད་ཀྱིས་མངའ་རིས་སྐོར་གསུམ་བདག་གིར་བཞེས་རྗེས་དོལ་ཕྱོགས་གྲུ་བཞི་དེ་ཉིད་སྤུ་རྭང་གི་རྒྱལ་པོ་བཀྲ་ཤིས་མགོན་ལ་དབང་བར་གྱུར། དེ་རྗེས་དུས་རབས་བཅུ་གཅིག་པར་གློ་བོ་དང་དོལ་པོ་གཉིས་ཡ་རྩེ་རྒྱལ་པོའི་མངའ་འོག་ཏུ་ཚུད། དུས་རབས་བཅུ་གསུམ་པར་(༡༢༥༣) གུང་ཐང་གི་རྒྱལ་པོ་མགོན་པོ་ལྡེས་ཡ་རྩེའི་རྒྱལ་པོ་ལས་གློ་བོ་དང་དོལ་པོ་གཉིས་འཕྲོག་སྟེ། བརྒྱ་ཚོ་བཅུ་གསུམ་གྱི་ཁོངས་སུ་བཅུག དུས་རབས་བཅོ་ལྔ་པར་(༡༤༤༠)དོལ་པོ་ནི་རང་ཡུལ་ར་ནག་རྒྱལ་པོ་ཟེར་བ་ཞིག་གིས་རྒྱུད་འཛིན་བྱས། ”བར་སྐབས་སུ་ར་ནག་རྒྱལ་པོའི་ལྕམ་དུ་གློ་བོ་རྒྱལ་པོའི་བུ་མོ་བླངས་པ་བུ་མོ་དེ་དཔོན་རྫོགས་ལར་ཡུལ་ལྷ་ལང་གྱེན་གྱིས་གསོན་བླངས་བྱས་ནས་ཤི་བས་རྐྱེན་བྱས། གློ་བོ་ནས་དམག་དཔུང་ཡོངས་ནས་ར་ནག་རྒྱལ་པོའི་བློན་པོས་ངན་གཡོ་མགོ་བསྐོར་གྱིས་ར་ནག་རྒྱལ་པོ་རང་གི་བློན་པོས་བཀྲོངས། བློན་པོ་ཁོ་རང་ཡང་གཏང་རག་ལེན་པར་གློ་བོར་ཕྱིན་ལམ་སྲེ་འདུས་སུ་གློ་དམག་གིས་བསད། ར་ནག་རྒྱལ་པོའི་གདན་ས་གློ་བོ་ལ་ཤོར་སྟབས་དོལ་ཕྱོགས་རྒྱལ་པོ་ཤར་ནུབ་གཉིས་(འཛུམ་ལང་རྒྱལ་པོ་དང་གློ་བོ་རྒྱལ་པོར་གོ)ཁུར་དགོས་བྱུང་། ཁམས་ནས་བྱོན་པའི་དབོན་པོ་པ་ཞེས་དེ་བློན་པོར་བཀུར་ཞེས་ཀྱང་བྱུང་། མཁས་གྲུབ་དམ་པ་སྤྲུལ་སྐུ་པདྨ་མཁྱེན་བརྩེ་རྡོ་རྗེ་མཆོག་གིས་ཕྱག་བྲིས་གསུང་རྩོམ་ཞིག་ཏུ་གསལ།” དེ་རྗེས་སྤྱི་ལོ་ (༡༧༦༩)ལོར་གྷོར་ཁའི་རྒྱལ་པོས་ཡམ་བུའི་རྒྱལ་སྲིད་བཟུང་དུས་དོལ་ཕྱོགས་གྲུ་བཞི་ཡོངས་རྫོགས་རང་བཞིན་བལ་པོའི་ཁ་ཞབས་སུ་ཤོར་བ་ཡིན།”ས་ཁུལ་དེར་གནའ་བོའི་ཆོས་རིག་གི་དྲི་མས་ལེགས་པར་སྦགས་རྐྱེན་གྱིས་དེང་སྐབས་བོད་རིག་པའི་ཞིབ་མཇུག་པ་ཚོས་སྤྱན་ཟུང་གཡོ་ས་ཤིག་ཏུའང་གྱུར་ཡོད།དོལ་པོ་ནི་བལ་ཡུལ་གྱི་ནུབ་བྱང་མཚམས་དང་། ཤར་ཕྱོགས་བོད་ཡུལ་འབྲོང་པ་རྫོང་གི་མངའ་ཁུལ་སྟེ། ནག་ཆུ། ཕན་ཆི་དང་ས་གནས་འདབ་སྦྲེལ་ནས་ཡོད་ཅིང་ཁུལ་དེ་དག་གིས་མང་ཚོགས་དང་དོལ་པོ་མི་དམངས་རྣམས་ཀྱི་འབྲེལ་ལམ་ནི་ཚོང་འབྲེལ་ཙམ་མིན་པར་མཛའ་བརྩེའི་འདུ་ཤེས་ཀྱི་གཏིང་ཟབ་ས་ཞིག་ལ་སིམ་ཡོད།
མཐའ་ཐམས་ཅད་རི་དམར་གཏོར་དང་ཞལ་ཟས་དབྱིབས་ཅན་དུ་མས་བསྐོར་ཞིང་ལུང་གཤོངས་ཕལ་མོ་ཆེ་ན་རྫ་ཆུ་དྭངས་མ་རེ་དང་། ཡུལ་སྡེ་ཕལ་མོ་ཆེ་གཙང་པོ་རེས་བསྐོར། སྨུ་གངས་རི་དང་། པུ་ཆུང་ཧམ་གོང་། ”བོད་ས་དང་འདབ་སྦྲེལ་གྱི་གངས་ཤིག ”གངས་ཅན་རལ་བ་སྟེ་དབྱར་དུས་སུའང་རང་མདངས་མ་ཉམས་པར་གནས་པའི་གངས་རི་དུ་མས་བསྐོར་བའི་གནས་ཏེ། བོད་ཀྱི་རིག་གནས་དང་། འཚོ་བའི་རྣམ་པ་གསལ་རྗེན་ཞིག་མཐོང་དགོས་ན་དོལ་པོ་མཐོང་དགོས་སྐོར་ཕྱི་གླིང་པ་ཚོས་འདོད། བོད་དུས་མ་འགྱུར་བའི་སྔོན་རོལ་དུ་དོལ་པོའི་ས་ཁུལ་མང་པོའི་དགུན་ས་ནི་ད་ལྟའི་འབྲོང་པ་རྫོང་ཁོངས་ཀྱི་ནག་ཆུ། བར་ཤང་། ཧོར་སོགས་ལ་བྱེད། (ཡུལ་མི་ཚོས་བྱང་ནག་འབོད། དུས་སྐབས་དེར་དོལ་པོའི་མི་དམངས་ཚོས་འབྲོག་པར་འབོད། གཤམ་ནས་འབྲོག་པ་ཞེས་ཐ་སྙད་སྤྱོད་རྒྱུ་ཡིན།)དེ་གཉིས་ཕན་ཚུན་གཉེན་སྒྲིག་གི་འགོ་ཡང་ཚུགས་ལ་ཕྱོགས་གཉིས་ཀྱི་འཚོ་བའི་དཀའ་ངལ་སེལ་ཐབས་སླད་དོལ་པོ་པ་ཚོས་གཡག་ལ་འབྲུ་རིགས་དང་། ཤིང་གི་མཁོ་ཆས་རིགས་ཀྱི་མཚོན་དེ་གའི་མི་དམངས་ལ་མཁོ་རིགས་བཀལ་ནས་ནག་ཆུ་སོགས་སུ་ཉོ་ཚོང་བྱེད་པ་དང་། འབྲོག་པ་ཚོས་ཚྭ་དང་།བལ།མར་ཕྱུར་སོགས་བཀལ་ནས་དོལ་པོར་འོངས་ཏེ་རང་ལ་ཅི་དགོས་མཁོ་སྒྲུག་བྱེད་པ་ཡིན། སྟོན་གཡུལ་ལས་སྐབས་བྱང་ཚྭ་ཁ་ནས་ཚྭ་ཁུ་ཡེ། རོང་འབྲུ་ཁ་ནས་འབྲུ་ཁུ་ཡེ་ཟེར་བའི་དམངས་ཁྲོད་ཀྱི་ངག་རྒྱུན་དེས་ཀྱང་སྔོན་གྱི་བྱུང་བ་གསལ་སྟོན་བྱས་འོང་པའི་ཚོར་བ་ཞིག་ངང་གིས་སྟེར། དུས་རབས་བཅུ་བཞི་དང་བཅོ་ལྔའི་སྔ་གཞུག་ཙམ་ནས་གློ་བོའི་ཆོས་རྒྱལ་དག་ལ་དོལ་པོའི་མང་ཚོགས་ཀྱིས་གོང་བཀུར་བྱེད་སྐབས་ཆོས་རྒྱལ་ཆེན་པོས་མང་ཚོགས་ཀྱི་བདེ་སྡུག་ལ་དགོངས་པ་ཆེ་ཆེར་མ་བཞེས་ནས་ཁྲལ་སྡུད་རིམ་པ་མང་པོས་དམངས་ཀྱི་སེམས་ལ་རྨ་ཁའང་ཆེན་པོ་བཟོས་ཡོད། དུས་རབས་ཉི་ཤུའི་ལོ་རབས་གཉིས་པ་དང་གསུམ་པའི་སྐབས་སུའང་ཟམ་ཁྲལ་རྒྱག་དགོས་སྐོར་རྒན་པོའི་ངག་ལམ་ནས་གོ་རྒྱུ་འདུག
གྲུབ་ཆེན་བཀྲ་ཤིས་བཟང་པོ་ཞེས་མཚན་སྙན་གྱི་བ་དན་དོལ་པོ་ཡོངས་ལ་ཁྱབ་པའི་སྐྱེས་བུ་དེའི་རྣམ་ཐར་ནང་། “སྐྱིད་པའི་ཁྲལ་བསྡུ་དྲིན་ཆེན་དེས་བུ་བཀྲ་བཟང་ཆོས་ལ་བློ་ཁ་བསྒྱུར་”ཞེས་ཀྱང་བྱུང་།(སྐྱིད་ནི་ཡུལ་མིང་ལ་གོ་དགོས།)དུས་དེར་ཟམ་ཁྲལ། ཞིང་ཁྲལ་ཆེ་སྟབས་མང་ཚོགས་ངལ་བའི་ཁྲེས་པོ་ཧ་ཅང་ལྕི་སྐོར་གོ་མྱོང་ཟེར་བཞིན་རྒན་པོ། རྒན་མོ་སྐྲ་མདོག་དུང་ལས་དཀར་བ་དག་ཀྱག་མགོ་བོ་གཡུག་གཡུག་བྱེད་ཀྱི་འདུག དེང་སྐབས་དོལ་པོའི་དགོན་རྙིང་ཁག་གི་ཡིག་མཛོད་བསྔོགས་ཚེ་འཛུམ་ལང་རྒྱལ་པོའི་ཡི་གེ་དང་། དོལ་པོའི་དགོན་རྙིང་ཁག་ལ་གློ་བོའི་ཆོས་རྒྱལ་གྱིས་བསྩལ་བའི་བཅའ་ཡིག་ཡོད་པ། དེ་མཚུངས་གློ་བོའི་རྒྱལ་པོ་རིམ་བྱོན་གྱི་ཡི་གེ་ཧ་ཅང་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དེས་རྒྱལ་ཕྲན་དེ་གཉིས་དང་བསྡོངས་ནས་རྒྱུན་རིང་གནས་པ་དཔོག་ཐུབ། བྱི་གཅེར་གནས་གསར་དགོན་ལྟ་བུར་མཚོན་ན་འཛུམ་ལང་རྒྱལ་པོས་རྒྱུ་ཡོན་སྦྱར། འབུར་བཀོད་ལས་མི་ཡང་ཆེད་བཏང་གནང་བར་གྲགས། གློ་བོའི་ཁྲི་དཔོན་བསོད་ནམས་ཆོས་འཕེལ་སྙུན་གཞི་དྲག་པོ་ཞིག་གི་སྐབས་ལ་ཆེད་དུ་གདན་ཞུ་མི་སྣ་བརྫངས་ནས་མཁས་གྲུབ་གཉིས་ལྡན་གྱི་དོལ་པོའི་བླ་མ་བློ་གྲོས་དབང་ཕྱུག་མཆོག་གི་དྲུང་ནས་འཕོ་བའི་གདམས་ངག་ཞུས་པས(མགུར་འབུམ་དུ་གསལ།)མཚོན་གློ་བོའི་ཆོས་རྒྱལ་གོང་མ་དག་དང་མཐོ་རིམ་མི་སྣས་དོལ་པོའི་བླ་མ་ཚད་ལྡན་གྲངས་མེད་ཅིག་གོང་བཀུར་གནང་བ་སོགས་དོལ་པོ་དང་གློ་བོ་གཉིས་ནི་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཡིན། དེ་བཞིན་མུ་གུམ་ཕྱོགས་ནས་ཀྱང་དོལ་པོའི་བླ་མ་གོང་མ་མང་པོ་ཡང་ཡང་གདན་ཞུས་ནས་དབང་ལུང་གདམས་ངག་ཞུས་བར་གྲགས། སྤྱིར་ན་དོལ་པོ་དང་། གློ་བོ། མུ་གུམ་གསུམ་ས་ཆ་འདབ་སྦྲེལ་ནས་ཡོད་པའི་སྟབས་ཀྱིས་ཡིན་ཡང་སྲིད། གང་ལྟར་ས་གནས་དེ་གསུམ་གྱི་བར་ལ་འབྲེལ་ལམ་དམིགས་བསལ་ཞིག་མངོན་ཐུབ།
མཐོ་སྒང་ཧི་མ་ལ་ཡའི་མི་རིགས་ཚོ་ཁ་སང་གི་གཏམ་རྒྱུད་གླེང་བཞིན་དེ་རིང་དགོད་སྒྲའི་ཁྲོད་ན་ཡོད། ཁོང་ཚོས་འཚོ་བའི་ཆེད་དུ་ཇི་ཙམ་ངལ་རྩོལ་བྱེད་དགོས་ཀྱང་ངོ་གདོང་ལ་སྐྱོ་བ་མི་མངོན་པའི་ཁར་ཀུ་རེ་དང་ཁ་གཤགས་ཀྱི་དབྱིངས་ན་ལྡིང་བ་དེ་ཡང་མེས་པོའི་ལག་རྗེས་ཀྱི་རིན་ཐང་ངོམ་འོས་པ་ཞིག་མ་ཡིན་ནམ། དེང་སྐབས་ཉམས་མེད་གསོན་པོར་གནས་པའི་དམངས་ཁྲོད་ཀྱི་བག་མ་གཏོང་ལེན་གྱི་གླུ། སྒོར་གཞས་ཀྱི་གླུ། ཁ་གཤགས་གླུ། (སོར་གདུབ་གླུ)བརྩས་གླུ། སྙི་གླུ། (སྙི་མ་བདུང་སྐབས་གཏོང་སྲོལ་ཡོད།)ཞོ་གླུ། (ཞོ་དཀྲོག་སྐབས་གཏོང་སྲོལ་ཡོད་པའི་གླུ།) སྐྲ་གླུ། བཅས་གླུ་རིགས་བརྒྱད་ཀྱིས་མཚོན་པའི་དོལ་པོའི་རྒན་དར་གཞོན་གསུམ་ཀྱི་སེམས་པའི་ལོངས་སྤྱོད་དེ་དག་བྲིན་ཧ་ཅང་ཆེ་བའང་མི་རིགས་ཤིག་གི་གསོན་ཤུགས་ཀྱི་ཆ་ཤས་ཤིག་ཡིན། སྤྱིར་ན་དོལ་པོ་པ་རྣམས་ས་ཞིང་འདེབས་ལས་འཚོ་ཐབས་ཀྱི་གཞི་འཛིན་ས་གཙོ་བོ་དེར་ངོས་འཛིན་པ་ཡིན།
དེ་སྔ་རྩ་ཁྲིམས་གསར་བ་ལག་སྟར་མ་བྱུང་སྔོན་དུ་དོལ་པོ་ས་གནས་བདུན་དུ་དབྱེར་ཡོད་པ་སྟེ། ཕུ་སུམ་མདོ། ས་འདང་། བྱི་གཅེར། སྟིང་ཀྱུ། མདོ། ཚྭ་དགའ། སྨུ་ཀོཌ། དེ་ཡང་ཕུ་སུམ་མདོ(Phoksundo VDC)ས་གནས་ཀྱི་ཁོངས་སུ་མཚོ། (ཡུལ་མི་ཚོས་རིང་མོར་འབོད།)པུག་མོ། རེང་སྲི། བཅུ་དཀར། རི་སྐྱེད་བཅས་ཡུལ་ཚོ་ལྔ་ཡོད། ས་གནས་ཀྱི་མི་དམངས་མང་ཆེ་བས་ཞྭ་དཀར་གཡུང་དྲུང་བོན་སྟེ། སྟོན་པ་གཤེན་རབ་མཆོག་གི་རྗེས་འབྲང་བ་ཡིན།རོང་མཚམས་དང་ཉེ་ཤོས་ཀྱི་དོལ་པོའི་ས་ཁུལ་ཞིག་ཡིན་ལ་ཁོང་ཚོའི་ཡུལ་སྐད་རྣམས་ཟུར་ཆག་གི་རྣམ་པ་ཤུགས་ཆེར་མངོན་པའང་ཡོད། ཌོལ་པ་རྫོང་གི་ལྟེ་བ་འདུ་གནས་Dunaiནས་མགྱོགས་པོས་ཉིན་གཅིག་ལ་གོམ་པ་བརྒྱབས་ནས་སླེབ་པ་དང་། དལ་བུར་སོང་ན་ཉིན་གཅིག་དང་ཕྱེད་ལ་བསྐྱོད་ཐུབ། ཕུ་སུམ་མདོ་ས་གནས་ཏེ། གཞན་ཡིད་དབང་མེད་འཕྲོག་ཐུབ་ཅིང་དགུན་གྱི་དུས་སུ་ཡང་དར་ཁ་མི་ཆགས་པའི་ཕུ་སུམ་མདོའི་མཚོ་ཆེན་པོ(ད་ལྟ་བར་དུ་བལ་ཡུལ་གྱི་མཚོ་གཏིང་ཟབ་ཤོས་སུ་བརྩི་བ་ཡིན།)དེ་ལ་བརྟེན་ནས་བལ་ཡུལ་རྒྱལ་ཁབ་ཀྱི་ཆ་ཤས་ས་གནས་གལ་ཆེ་བ་ཞིག་ཀྱང་ཡིན་མོད་དེ། སྤྱིར་དོལ་པོ་ན་གནའ་བོའི་ཆོས་རིག་བང་མཛོད་གྲ་མ་ཉམས། གྲུ་མ་ཞིག་པར་ཡོད་པ་ཤེས་པས་དང་། དམིགས་བསལ་བལ་ཡུལ་གྱི་མཚོ་ཆེན་བརྒྱད་ཀྱི་ཡ་གྱལ་ཕུ་སུམ་མདོའི་མཚོ་ཆེན་བསྟི་གནས་སོགས་དོལ་པོའི་ས་ཁུལ་ལ་ཤར་ནུབ་ཀྱི་ཡུལ་སྐོར་སྤྲོ་འཁྱམ་པ་ཧ་ཅང་མང་པོ་ཞིག་ཀྱང་ངལ་བའི་རྔུལ་ཆུ་འཛེམས་མེད་ཐོག་བསྐྱོད་པ་ཡིན། ས་འདང(Saldang VDC)ས་གནས་ཀྱི་ཁོངས་སུ་ས་འདང་། ནམ་སྟོད། ཀ་རང་། སྟི་ལིང་། ཀོ་མང་། ཉི་གསལ། སྨོས། སྐྱིད་པ། ལྷོ་རི་བཅས་ཡུལ་ཚོ་དགུ་ཡོད་མོད་ལ། དོལ་པོའི་མི་འབོར་མང་ཤོས་དང་ས་ཁྱོན་ཆེ་ཤོས་ཀྱི་ས་གནས་ཤིག་ཀྱང་ཡིན། ཧི་མ་ལ་ཡའི་མི་རིགས་ཀྱི་ཚབ་མཚོན་དོལ་པོའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཕྲིན་ལས་ལྷུན་གྲུབ་སོགས་མཚན་སྙན་ལྡན་པའི་སྐྱེས་བུ་དུ་མ་དང་། མུ་གུམ་དང་། མངའ་རིས་འབྲོག་པ། དོལ་པོ་གྲུ་བཞི་སོགས་ཀྱིས་གནས་རི་རྩ་ཆེན་དུ་བརྩི་བའི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་དངོས་སློབ་གྲུབ་ཐོབ་སེངྒེ་ཡེ་ཤེས་ཀྱིས་གནས་སྒོ་ཕྱེས་བའི་ཤེལ་རི་བོ་འབྲུག་སྒྲ་དང་། དོལ་ཕྱོགས་ཀྱི་གྲུ་དགོན་དུ་བརྩི་བའི་གཡས་འཚེར་དགོན། ཡབ་མེས་ཚོའི་ངག་རྒྱུན་ལྟར་ན་སྐྱིད་སྟེངས་དོལ་གྱི་དགོན་གཅིག་ཏུ་གྲགས་པའི་དགོན་ཤུལ་དེ་ཡང་ས་གནས་དེའི་ཁོངས་སུ་མཆིས། བྱི་གཅེར(Bicher VDC)ས་གནས་ཀྱི་ཁོངས་སུ་བྱི་གཅེར། སྐུ། ཕོད་བཅས་ཡུལ་ཚོ་གསུམ་ཡོད།( བྱི་གཅེར་ནི་མུ་གུམ་དང་ས་གནས་འདབ་སྦྲེལ་ཡིན། མུ་གུ་རྫོང་ན་ཡོད་པའི་མཚོ་གྲགས་ཅན་ར་ར་བརྒྱུད་དེ་དོལ་པོར་ཡུལ་སྐོར་སྤྲོ་འཁྱམ་འོང་མཁན་ཡང་དེང་སང་ཇེ་མང་དུ་འགྲོ་བཞིན་པའོ།) བྱི་གཅེར་ཆོས་བོན་གཉིས་ཀྱི་གདན་ས་ཆེན་པོ་སྟེ། ཡང་སྟོན་རྒྱལ་མཚན་རིན་ཆེན་མཆོག་གིས་ཕྱག་བཏབ་པའི་ལོ་ངོ་བརྒྱད་བརྒྱ་སོ་གསུམ་ལྷག་ཙམ་སོང་བའི་བདེ་ལྡན་བསམ་གླིང་དགོན་དང་། སྐྱོབ་པ་འཇིག་རྟེན་མགོན་པོའི་དངོས་སློབ་གྲུབ་ཐོབ་སེངྒེ་ཡེ་ཤེས་ཀྱིས་རབ་གནས་མཛད་མྱོང་བར་གྲགས་པའི་གནས་གསར་དགོན་གཉིས་ནི་དོལ་པོའི་དགོན་རྙིང་གྲས་སུ་གཏོགས་ཤིང་། དགོན་པ་དེ་དག་གི་འབུར་བཀོད་སོགས་ནི་གཞན་དང་མ་འདྲ་བ་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་མཆིས།
སྟིང་ཀྱུ(Tinje VDC)ས་གནས་ཀྱི་ཁོངས་སུ་ཏིང་ཀྱུ་དང་། པོ་ལྡད།( མིང་ཐོགས་སྟངས་ལྟར་ན་སྤོས་ལྡན་ཡིན་ཟེར་བའང་ཡོད།)འཕལ། ཤིང་སྨིན་བཅས་ཡུལ་ཚོ་བཞི་ཡོད། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་འཁྲུངས་ཡུལ་ཀ་ཡོ་རི་ཞེས་བྱ་བ་དེ་ཉིད་ཀྱང་བན་ཚང་ཚོ་གསུམ་གྱི་ཁོངས་ཤིང་སྨིན་དང་འཕལ་གཉིས་ཀྱི་བར་ན་གནས་ཡོད་ཅིང་དམ་པ་གང་ཉིད་ཀྱི་གདན་སར་གྲགས་པའི་པུ་དགོན་བདེ་ཆེན་ཆོས་གླིང་དང་འཕལ་སྟིང་གཉིས་ཀྱི་བར་མཚམས་སུམ་མདོར་ཆོས་རྗེའི་གང་དེས་བཞེངས་པར་གྲགས་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་བཅས་ད་ལྟ་དད་ལྡན་ཚོའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་ཡོད། ( ས་འདང་ས་གནས་དང་སྟིང་ཀྱུ་ས་གནས་གཉིས་ཌོང་པ་རྫོང་ནག་ཆུ་ས་གནས་དང་ཕེན་ཆི་ས་གནས་འདབ་སྦྲེལ་ལ་གནས་ཡོད། གསལ་བཤད། སྟིང་ཀྱུ། པོ་ལྡད། འཕལ་གསུམ་གྱི་ཡུལ་མིང་ནི་<གུ་རིབ་ཕ་རབས་ཀྱི་བྱུང་ཁུངས་མདོར་བསྡུས་>གཞི་བཟུང་བཀོལ།)ཚྭ་དགའ(Charkha VDC)ས་གནས་ཀྱི་ཁོངས་སུ་ཚྭ་དགའ་སྡེ་བ་དང་། དཔུང་འགག དབྱར་ལྷས། ཁྲིམས་གཉེར། དུ་བཅས་ཡུལ་ཚོ་ལྔ་ཡོད། ས་ཆེན་ཀུན་དགའ་སྙིང་པོས་ལམ་འབྲས་སོགས་གདམ་ངག་གནང་མྱོང་བའི་ས་སྐྱའི་དགོན་རྙིང་བྱིན་ཅན་ས་ཆེན་དགོན་དང་བོན་སྡེའི་དགོན་རྙིང་ཤུལ་བཅས་དེང་ཡང་མཇལ་རྒྱུ་ཡོད། ཆོས་བྱེད་པ་ཚོས་ལོ་གསུམ་ཟླ་གསུམ་བསྙེན་སྒྲུབ་མ་འཁྱོལ་སྔོན་གྲོང་ཆོག་ཕེབས་སྲོལ་མེད་པ་སོགས་ཀྱི་ལམ་ལུགས་དང་། ཡང་བླ་མ་ཚོར་གོང་བཀུར་གྱི་རྣམ་པ་སྟེ། སྟོན་དུས་བཙས་མ་བརྔ་བའི་སྐབས་ཉིན་གཅིག་གཉིས་སྔོན་ལ་མང་ཚོགས་ཚོས་དང་ལངས་ཞབས་ཞུ་སྒྲུབ་སྲོལ་ཡོད། དེ་ནས་ཡུལ་གྱི་གྲྭ་བ་རྣམས་དང་། ལོ་གཅིག་གི་ནང་སྐྱིད་སྡུག་འཁེལ་བའི་ཁྱིམ་ཚང་ལ་སེམས་གསོའི་ཆེད་ཉིན་གཅིག་དམིགས་བསལ་དུ་ཡུལ་མི་ཚོས་ལས་རོགས་བྱེད། ཡུལ་མི་ཚོས་གྲོལ་འབོད། སྔར་ལུགས་དེ་དག་ཚྭ་དགའ། སྟིང་ཀྱུ། པོ་ལྡད། འཕལ། ཤིང་སྨིན། རྟ་རབ་བཅས་སུ་མཆིས། ཀོ་མང་དུ་ལམ་ལུགས་དེ་ཕྱིས་སུ་འགོ་འཛུགས་བྱས་འདུག
ཚྭ་དགའ་ནི་གློ་བོའི་ས་གནས་ཕེན་ལགས་སོགས་དང་འདབ་སྦྲེལ་ལ་གནས་ཤིང་ཡུལ་སྐོར་སྤྲོ་འཆམ་པའི་ས་གནས་གལ་ཆེ་བ་ཞིག་ཀྱང་ཡིན། སྨུ་ཀོཌ(Mukot VDC)ས་གནས་ཁོངས་སུ་སྨུ་ཡུལ། ཤར་རི། ཏེ་རང་། ཞང་། པིང་འབྲིང་། བཀག་བཅས་ཡུལ་ཚོ་དྲུག་ཡོད། རོང་མཚམས་ཡིན་སྟབས་ཡུལ་སྡེ་རྣམས་མཐའ་ཐམས་ཅད་རི་བྲག་གིས་བསྐོར་བའི་ལུང་འདབས་ཤིག་ལ་ཆགས་ཡོད། སྟེང་ཤོང་དཔལ་ལྡན་རྡོ་རྗེ་སོགས་བླ་མ་སྐྱེས་བུ་དམ་པ་མང་པོ་བྱོན་མྱོང་པའི་ས་གནས་ཤིག་ཡིན། ཁྱད་པར་དུ་ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་ཡར་སྔོན་དུ་བྱོན་པའི་བླ་མ་ཆོས་སྐྱོང་དཔལ་བཟང་གི་སྒྲུབ་གནས་བཟོད་པ་ཕུག་སོགས་དགོན་གནས་མཇལ་རྒྱུ་ཡོད། ས་ཆ་དེ་དག་སྨད་ཏི་ཆུ་རོང(ཏི་རྗེ་རོང)དང་བར་ཐག་ཧ་ཅང་ཉེ། ཌོལ་པ་རྫོང་ལ་སྟོད་སྨད་གཉིས་སུ་ཕྱེས་
དེ་སྔ་བལ་ཡུལ་རྒྱལ་ཁབ་ལ་མངའ་སྡེ་བཅུ་བཞི་ཡོད་པ་དེ་ཉིད་མངའ་སྡེ་བདུན་དུ་བསྒྱུར་ཞིང་དོལ་པོ་ནི་མངའ་སྡེའི་དྲུག་པའི་མངའ་ཁོངས་སུ་འདུ་བར་གྱུར། དོལ་པོ་པ་རང་གིས་འབོད་སྲོལ་ལྟར་ན་དོལ་པོ་གྲུ་བཞི་ཟེར་བ་དེ་གོང་གསལ་ལྟར་དེ་སྔ་ས་གནས་ཁག་བདུན་པོ་དེ་ཉིད་ད་ཆ་གསུམ་དུ་བསྒྲིལ་ཡོད་པ་སྟེ། སྨད་མཚོ་སྤུང་མོ་སོགས་ཡུལ་སྡེ་ལྔ་དང་།བྱི་གཅེར་སྐུ་ཕོད་ཡུལ་ཚོ་གསུམ། ས་འདང་སོགས་ཡུལ་ཚོ་དགུ་གཅིག་ཏུ་བསྒྲིལ་ནས་ཤེལ་ཕུ་སུམ་མདོ་ས་གནས་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་དང་། སྟིང་ཀྱུ་སོགས་ཡུལ་ཚོ་བཞི། རྟ་རབ་མདོ་རྟག་གཉིས་དང་གླང་བཅས་ཡུལ་ཚོ་གསུམ། ཁྱོན་བསྡོམས་ཡུལ་སྡེ་བདུན་གཅིག་ཏུ་བསྒྲིལ་ནས་དོལ་པོ་བྷུདྡྷ་ས་གནས་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་། ཚྭ་དགའ་བར་རོང་ཡུལ་ཚོ་ལྔ། སྨུ་སོགས་ཡུལ་ཚོ་དྲུག་བཅས་ཡུལ་སྡེ་བཅུ་གཅིག་གཅིག་ཏུ་བསྒྲིལ་ནས་ཚྭ་དགའ་སྟེང་གཤོངས་ས་གནས་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་བཅས་དེང་སྐབས་ས་གནས་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གསུམ་གྱི་མངའ་ཁོངས་སུ་འདུས་པར་བྱས་མོད།
དོལ་པོ་ནི་མཐོ་སྒང་ཧི་མ་ལ་ཡའི་ཡང་རྩེར་གནས་ཡོད་པའི་བོད་མི་རིགས་སྣལ་མ་ཞིག་སྟེ། མི་རིགས་དེའི་སྐད་ཡིག ཆོས་དང་རིག་གཞུང་། གོམས་སྲོལ། དམངས་ཁྲོད་ཀྱི་ངག་ལམ་ནས་ཤར་མར་བཀོལ་བའི་གཏམ་དཔེ་སོགས་ཀྱི་བོད་དྲི་འཐུལ་གྱིན་འདུག་ཅེས་བོད་ཕྱི་ནང་གི་མཁས་དབང་གང་མང་དང་། ཕྱི་གླིང་བོད་རིག་པ་ཞིབ་འཇུག་པ་ཚོས་ཉེ་སེམས་དང་སྦྲགས་ཡིག་ངག་གཉིས་ནས་ཁ་བརྡ་བྱེད་མཁན་ཡང་དེང་སྐབས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་མཆིས། སྤྱིར་ན་བལ་བོའི་མི་སེར་ཚོའི་རྒྱུན་དུ་བཀོལ་བཞིན་པའི་ཐ་སྙད་གསུམ་ཏེ། ཧི་མལ། ཏ་རའ་འི། པ་ཧཌ་བཅས་བལ་ཡུལ་རྒྱལ་ཁབ་ཧྲིལ་བོ་དུམ་བུ་གསུམ་དུ་བགོས་ཡོད་པ་ལས་ཧི་མལ་ལམ་ཧི་མ་ལ་ཡའི་མི་རིགས་རྣམས་ནི་གཞི་རྩའི་སྐད་ཡིག་དང་ཆོས་རིག་གཉིས་སུ་མེད་པའི་མི་རིགས་ཤ་སྟག་ཡིན་མོད་དེ། དེང་སྐབས་སྨད་རོང་ཕྱོགས་དང་ཉེ་སའི་ས་གནས་ཁག་གི་སྐད་ཡིག་རིག་གཞུང་ནི་ཉམས་རྒུད་ཇེ་ཆེར་འགྲོ་བཞིན་པ་མངོན་པས་དེ་ཡང་མ་སྔ་མ་ཕྱིས་པར་སྡེ་ཚན་སོ་སོ་ནས་ཕུགས་མདུན་རིང་པོ་ཞིག་ལ་དགོངས་བཞེས་ཐོག་ལག་སྟར་གནང་དགོས་རྒྱུ་དེའང་དུས་ཀྱི་སོ་མཚམས་ཤིག་ན་དགོས་མཁོ་བླ་ན་མེད་པ་ཞིག་གོ། ལོ་འདིའི་ནང་བལ་ཡུལ་དུ་ཤར་པའི་ཚོགས་ཆེན་ཞིག་གི་སྐབས་སུ་ཤར་པ་བརྒྱ་ཆ་ལྔ་བཅུ་ཙམ་གྱིས་ཕ་སྐད་བཀོལ་མཚམས་བོར་བ་དང་། བརྒྱ་ཆ་སུམ་ཅུའི་གོ་བརྡ་ཡང་མི་འཕྲོད་པར་གྱུར་ཟིན་སྐོར་ནེ་པལ་ཤར་པའི་ཚོགས་གཙོ་ཨང་ཚེ་རིང་ཤར་པས་འདུ་འཛོམས་སར་གཏམ་བཤད་སྤེལ་སོང་། (སྤྱི་ལོ་༢༠༡༧ལོའི་ཟླ་༡༠ཚེས་༩ཉིན་ས་དཀར་མ་ཐ་བརྙན་ཕྲིན་ལས་ཁུངས་ནས་རྒྱང་སྒྲོག་བྱས།)
སྤྱི་ལོ་༡༩༩༧ལོར་བལ་ཡུལ་རྒྱལ་ཁབ་ཀྱི་ས་གནས་འོས་བསྡུའི་རྗེས་ནས་འདི་ལོ་སྟེ། སྤྱི་ལོ་༢༠༡༧བར་ལོ་ངོ་ཧྲིལ་པོ་ཉི་ཤུའི་རིང་བལ་ཡུལ་ནང་ཆབ་སྲིད་བརྟན་ལྷིང་མ་བྱུང་བས་ས་གནས་འོས་བསྡུ་བྱེད་ཐུབ་མེད། སྤྱི་ལོ་༡༩༩༧སྔོན་ལ་དོལ་པོའི་མི་རྣམས་ས་གནས་འོས་བསྡུའི་ཁོངས་སུ་ཐེངས་བཞི་ཙམ་མཉམ་ཞུགས་བྱས་སྐོར་རྒན་རབས་ཚོའི་ངག་ལམ་ནས་གོ གང་ལྟར་ལོ་བཞི་བཅུ་ལྔ་བཅུ་ཙམ་གྱི་ཡར་སྔོན་དུ་དོལ་པོ་ནི་ཕྱོགས་གཅིག་ནས་བདག་པོས་བོར་བའི་ནོར་ལྟ་བུ་ཞིག་དང་། ངོས་གཞན་ཞིག་ནས་རང་དབང་ཡོད་ཚད་རང་མི་རིགས་ཀྱི་ལག་ན་ལྡན་པའི་དགའ་སྤོབས་སྐྱེ་འོས་པའི་དུས་སྐབས་ཀྱག་ཀྱོག་ཤིག་ཏུའང་འགྲེལ་ཆོག དུས་སྐབས་དེའི་སྔ་གཞུག་ལ་མཐོ་གོ་ས་འཛིན་པའི་སྐྱེས་བུ་རྣམས་ལ་མཚན་གནས་ཀྱང་གཞན་ཞིག་ཡོད་པ་ནི་སྤྱི་ཁྱབ་དང་། བགྲེས་པོ། མགོ་བ་བཅས་སོ།། ཐ་སྙད་དེ་དག་གིས་དོལ་པོའི་སྤྱི་ཚོགས་ཀྱི་ཆབ་སྲིད་དོ་དམ་ལ་འགྲེལ་བཤད་རྒྱག་གིན་ཡོད་ལ། མི་རིགས་ཤིག་གི་ལོ་རྒྱུས་འཕོ་འགྱུར་གྱི་གསལ་བཤད་ཀྱང་བྱེད་པ་ཡིན། དེ་ཡང་སྤྱི་ཁྱབ་ནི་དོལ་པོ་གྲུ་བཞི་ཀའི་དབུ་ཁྲིད་ལ་འབོད་པ་དང་། བགྲེས་པོ་ནི་ཡུལ་སྡེ་སོ་སོར་དབུ་ཁྲིད་མཁན་གྱི་མི་སྣར་གོམགོ་བ་ཡང་ཡུལ་སྡེ་བྱེ་བྲག་པའི་དབུ་ཁྲིད་གྲས་ལ་གོ་རུང་བགྲེས་པོ་ལས་ཅུང་གོ་གནས་དང་དབང་ཚད་དམའ་པར་སེམས། ལོ་ན་བརྒྱད་ཅུ་ཡན་མན་གྱི་རྒན་རྒོན་དག་ལ་སྤྱི་ཁྱབ་དང་། བགྲེས་པོ། མགོ་བ་སོགས་ཀྱི་སྐོར་ལ་ལོ་དུས་དང་བཅས་འགྲེལ་བཤད་གང་མང་ངག་ལམ་ན་འདུག་པས་གྷོར་ཁའི་རྒྱལ་པོས་རྒྱལ་ཕྲན་ཕྱོགས་བསྒྲིལ་གནང་ཡང་ཆབ་སྲིད་ཀྱི་སྟངས་འཛིན་ངོ་མ་དུས་ཕྱིས་སུ་བསླེབས་པ་གསལ་སྟོན་བྱེད་ཀྱི་འདུག དུས་ཚོད་དེར་དོལ་པོ་གྲུ་བཞིའི་དབུ་ཁྲིད་རྣམས་དུས་སྐབས་ངེས་མེད་ཐོག་གྲུ་ཚོགས་ཞེས་འཚོགས་ནས་ས་གནས་སོ་སོའི་དགེ་སྐྱོན་ཡོ་བསྲང་བྱེད་དགོས་རིགས་སོགས་ཐག་གཅོད་བྱེད་པ་ཡིན།
མི་རིགས་ཤིག་ལ་མཚོན་ན་ཐུན་མིན་གྱི་ཆོས་དང་རིག་གཞུང་གསོན་པོ་ཞིག་དང་འགྲོགས་ནས་གནས་འདུག་ན་དེ་ནི་མི་རིགས་དེའི་གཟི་བརྗིད་དང་གསོན་ཉམས་ཤིག་ཡིན།དོལ་པོར་མཚོན་ན་དུས་རབས་འདིའི་ཉེ་བར་མཁོ་བའི་འཛུགས་སྐྲུན་ཁྲ་ཁྲ་ཟིང་ཟིང་ཅན་དེ་འདྲ་གང་ཡང་མེད་མོད་དེ་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་དྲི་མ་མེད་པ་ཞིག་དང་ཤ་འདྲེས་རུས་འདྲེས་སུ་ཡོད་པ་དེ་ནི་གཟི་བརྗིད་ཅིག་ཏུའང་བགྲང་ཆོག དུས་རབས་གསར་བའི་ཡོ་ལང་གི་ཤན་ངན་པ་དེའང་མ་ཞུགས། མེས་པོ་གོང་མའི་ལམ་དང་ལུགས་སྲོལ་གྱི་དྲི་མའང་མ་ཡལ་བའི་བར་ནས་ཆོས་དང་རིག་གཞུང་གི་རིན་ཐང་ངོ་ཤེས་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་དེ་ནི་ཅི་འདྲའི་དགའ་འོས་པ་ཞིག།
དོལ་པོར་བོད་རྒྱུད་ནང་བསྟན་གྱི་སྟོན་པ་གཉིས་ཀའི་རྗེས་འབྲང་བ་ཚོས་བོན་ཆོས་ལ་དབྱེ་བ་མེད། ཆོས་སྐུ་ལ་རྒྱབ་མདུན་མེད་ཟེར་ནས་ཕྱོགས་གཉིས་ཀའི་བསྟན་པར་དག་སྣང་མངའ། ལན་རེར་བོན་ཆོས་བར་ལ་འཐབ་བརྩོད་བྱུང་མྱོང་པའི་ལོ་རྒྱུས་ཀྱང་འདུག་ལགས་ན་དེ་ནི་འཇིག་རྟེན་སྤྱི་ལུགས་ཡིན་པས་ཡ་མཚན་རྒྱུ་ཅང་མ་མངོན། མདོར་ན་དེང་གི་ཆར་ཡང་བྱི་གཅེར་དུ་བན་བོན་སྡེ་གཉིས་ཐུགས་མཐུན་དམ་གཙང་གིས་ལྷན་གཅིག་ཏུ་འདུ་བས་ཚོགས་མཆོད་ཀྱི་འཁོར་ལོ་བསྐོར་བ་སོགས་དང་བ་འདྲེན་ནུས་ཅན་གྱི་སྲོལ་ལུགས་དར་རྒྱས་རྒྱུན་གནས་སུ་མཆིས། སྟོན་པ་གཤེན་རབ་མཆོག་གི་རྗེས་འཛིན་དོལ་པོའི་ས་ཁུལ་ཁག་བཞི་ན་ཡོད་པ་སྟེ། ཕུ་སུམ་མདོ། ས་ཁུལ་འདིར་བརྒྱ་ཆ་གོ་དགུ་བོན་པོ་ཡིན། ཚྭ་དགའ། བརྒྱ་ཆ་བཞི་བཅུ་ཙམ་ཡོད། རྟ་རབ། བརྒྱ་ཆ་གསུམ་བཞི་ཙམ། བྱི་གཅེར། བརྒྱ་ཆ་ལྔ་བཅུ་བཅས་སོ།། སྔོན་མ་པོ་ལྡད་ཕྱོགས་ལ་བོན་བསྟན་དར་ཡོད་ཀྱང་དེང་སྐབས་ཉམས་ཆག་སོང་འདུག
དོལ་པོ་ནི་འཛམ་གླིང་གི་ས་མཐོ་ཤོས་ཀྱི་གྲས་སུ་གཏོགས་པ་སྟེ། མཐོ་ཚད་སྨི་སུམ་སྟོང་ནས་ལྔ་སྟོང་བཞི་བརྒྱ་ཡས་མས་ཡིན་ཞིང་ཁུལ་དེའི་ཡུལ་མི་རྣམས་འཚོ་ཐབས་གཙོ་བོ་ས་ཞིང་བྱེད་པ་དང་། གནག་ཕྱུགས་ཀྱང་གཉེར་ཏེ་ཞིང་འབྲོག་གཉིས་ལྡན་གྱི་གངས་ཅན་པའོ།། ཁྱོན་བསྡོམས་ཡུལ་ཚོ་སོ་གཉིས་དང་མི་འབོར་བརྒྱད་སྟོང་ལ་ཉེ་བ་ཞིག སྤྱིར་དོལ་པོའི་སྐད་ལྟ་བུར་མཚོན་ན་བོད་ཀྱི་བརྡ་རྙིང་བཀོལ་སྤྱོད་ཆེན་པོ་ཡོད་པའི་ཡུལ་སྐད་ཅིག་ཡིན་མོད་དེ་མཐའ་གཅིག་ཏུ་སྐད་གཅིག་གྱུར་ཡང་དེ་ཙམ་མེད་པའོ།།
༢༥/༡༢/༢༠༡༧/
སྐལ་བཟང་དུས་ཀྱི་གངས་ཅན་བོད་རིགས་ཚོ་།
དུས་ཀྱི་འཕོ་འགྱུར་ས་ཁུག་ལུང་ཁུག་སྦྲམས་།
དགུང་ཁྲན་དམར་དམག་བོད་ལ་བཙན་འཛུལ་སྐབས་།
དོལ་པོ་རོང་རྒྱུད་བཙན་བྱོལ་ཡོང་ལམ་ཁེལ་།
གློ་དང་དངས་ཀར་རྫོང་ཕ་ལག་སྨུ་དང་བ་རོང་སོགས་།
ཏི་ཅུ་རོང་རྒྱུད་རྡོར་ཐང་གཞིས་ཆགས་འབྱོར་།
སླར་ཡང་དོལ་པོའི་ས་ཆར་ལན་གཅིག་ཡོང་འཆར་ཡོད་།
་་་་་་་་ དོལ་པོ་ནི་མཐོ་སྒང་ཧི་མ་ལ་ཡའི་ཡང་རྩེར་གནས་ཡོད་པའི་བོད་མི་རིགས་སྣལ་མ་ཞིག་སྟེ། མི་རིགས་དེའི་སྐད་ཡིག ཆོས་དང་རིག་གཞུང་། གོམས་སྲོལ། དམངས་ཁྲོད་ཀྱི་ངག་ལམ་ནས་ཤར་མར་བཀོལ་བའི་གཏམ་དཔེ་སོགས་ཀྱི་བོད་དྲི་འཐུལ་གྱིན་འདུག་་་་་་་་་
དགའ་བསུ་ཞུ་བཞིན་ཡོད།
དེ་སྔ་ཟླ་དྲུག་གི་སྔོན་ལ་ཕྲན་ནས་རྩོམ་ཐུང་གཉིས་ཙམ་སྤེལ་བས་ཐུགས་སྣང་གནང་མཁན་མང་པོ་བྱུང་སོང་བས་དགའ་ཚོར་ཆེན་པོ་བྱུང་།
འདི་སྐོར་རྗེས་མ་དེབ་གཅིག་བྲིས་ཐུབ་ན་ཡག་པོ་ཡོང་ས་རེད།
རང་ཉིད་སྐྱེས་ས་འབ་ཆེན་ཕྲང་སྒོ་དང་། དོལ་པོ་དང་མུ་གུམ་ལ། མ་ཤི་གོང་ལ་ལན་ཅིག་འགྲོ་དགོས་ཡོད།
གློ་སྨན་ཐང་ གློ་ཕྲིན་དཀར་ གློ་ཆུ་མིག་བརྒྱ་རྩ་ གདངས་དཀར་རྫོང་ ཕ་ལག་ སང་ཐག་ དོལ་པོ་རོང་ སྦ་རོང་
སྨུ་ ཞང་ སྤིན་སོགས་ལ་འགྲོ་མྱོང་སླར་ཡང་དོལ་པོ་རོང་ལ་ཡོང་འཆར་ཡོད་།
ཞི་ཅིང་ཕིང་དང་༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་བར་འགྲིག་འཇགས་ཡོང་རྒྱུར་ཨ་རིའི་སྲིད་ཟུར་ཨོ་སྦ་མ་བར་འདུམ་གནང་མཁན་ཡིན་ནམ།
་
http://tibettimes.net/2017/12/27/165846/
གོ་ལ་གཅིག རྨི་ལམ་གཅིག
https://www.facebook.com/192017151137859/photos/a.199299153742992.1073741837.192017151137859/570327096640194/?type=3&theater
གློ་སྨོན་ཐང་རེད། སྨོན་ལམ་རྒྱབ་པའི་ཐང་ཞེས་པའི་ལོ་རྒྱུས་འདུག
ངས་དོ་སྣང་བྱུང་བ་ཞིག་ལ་དོལ་པོ་བ་དག་བལ་ཡུལ་གྱི་མི་སེར་གྱི་ཁོངས་སུ་གཏོགས་ཡོད་རུང་། གཞོན་སྐྱེས་ཀྱི་ཁྱུ་ཚོགས་ཤིག་བོད་སྐད་དང་། བོད་ཡིག་ལ་དོ་དབྱིངས་ཐུན་མོང་མ་ཡིན་པ་ཞིག་འདུག
དེ་ནི། བཙན་བྱོལ་གྱི་བོད་པ་གཞོན་སྐྱེས་ཚོས་དམིགས་དཔེར་བཟུང་དགོས།
དོལ་པོའི་སྐོར་འདི་དང་། སྤུ་རྒྱལ་གྱི་སྐོར་གཉིས་ནི། ད་ལྟའི་ཆེད་རྩོམ་གྲས་ཀྱི་ཡག་ཤོས་སུ་མཐོང་ལགས།
ཐུགས་སྣང་གནང་མཁན་ཀུན་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།
དོལ་པོ་ནི་མུ་གུམ་དང་དཀར་མ་རོང་གི་ཁྱིམ་མཚེས་ཀྱི་ཡུལ་ལྗོངས་ཤིག་ཡིན་ལ། ལྷག་པར་དོལ་པོ་དང་དཀར་མ་རོང་བར་ལ་ཆོས་འཇིག་རྟེན་གཉིས་ཀྱི་འབྲེལ་བ་ཆེན་པོ་ཡོད་ས་འདུག གང་ཡིན་ཞུ་ན། དཀར་མ་རོང་གི་སྟོད་ཕྱོགས་ཟངས་དོལ་པོ་ཞེས་པའི་ཡུལ་ནང་དོལ་པོ་ནས་ཡིན་པའི་མི་རྒྱུད་མང་པོ་ཞིག་ཡོད་ཚུལ་དང་། དོལ་པོ་གནས་གསར་དགོན་ནས་ཡིན་པའི་མཁན་པོ་འཇམ་དབྱངས་ཞུ་ཡ་དེ་ཡང་ཟངས་དོལ་པོ་རུ་ཕེབས་ནས་ཡུན་རིང་བཞུགས་པའི་ཟེར་སྒྲོས་འདུག