ཁང་ཟླ་སྲས།
འདི་ནི་རྣ་བས་སྒྲ་མི་ཐོས་ཤིང་། མིག་གིས་གཟིགས་མི་མཐོང་བར་མ་ཟད། ད་དུང་སྐད་ཆ་ཡང་བཤད་མི་ཤེས་མཁན་གྱི་བུ་མོ་ཆུང་ཆུང་ཞིག་གི་གཅེས་པར་འོས་པའི་མི་ཚེ་མུན་ནག་གི་ཁྲོད་ནས་ཇི་ལྟར་འོད་སྟོང་འཕྲོ་བའི་ཉིན་མོ་ཞིག་ཏུ་ཇི་ལྟར་མདུན་སྐྱོད་བྱས་པའི་དོན་དངོས་ཀྱི་ལོ་རྒྱུས་ཤིག་རེད། ཁོང་ཉིད་ལོང་པ་དང་། འོན་པ་ཞིག་ཏུ་མ་གྱུར་པའི་ཡར་སྔོན་དུ་ཁོང་གིས་སྤྱིར་བཏང་གི་སྐད་ཆ་བཤད་རྒྱུ་འགའ་ཞིག་སློབ་སྦྱོང་བྱས་མྱོང་ཡོད། འོན་ཀྱང་བུ་མོ་ཧེ་ལེན་ཁེ་ལར་གྱི་ལང་ཚོའི་མེ་ཏོག་གི་འདབ་མ་རེ་རེ་བཞིན་འཚར་ལོང་བྱེད་ཀྱིན་པའི་དུས་སྐབས་དེར་ཁོང་ལ་གློ་བུར་དུ་མི་འདོད་པའི་ནད་གཞི་ངན་པ་ཞིག་གིས་གཟིར་བ་རེད།
ཧི་ལེན་ཁེ་ལར་ ༡༨༨༠ པའི་ཚེས་ ༢༧ ཉིན་ཨ་རིའི་ཨ་ལ་བྷི་མ་ཞེས་པའི་ཞིང་གྲོང་ཆུང་ཆུང་ཞིག་ཏུ་སྐྱེས་ཤིང་། ཁོངམི་ཡུལ་དུ་སླེབས་ནས་་ལོ་གཅིག་དང་ཟླ་བ་དྲུག་སོན་སྐབས་ཧ་ཅང་བཅོས་དཀའ་བའི་ནད་གཞི་སྡུག་ཅག་ཅིག་གི་ནང་དུ་ཚུད་དེ་འཆི་བ་ཉེ་བར་གྱུར་བ་རེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ནད་གཞི་དེས་ཁོང་གི་ཚེ་སྲོག་མི་ཡུལ་དང་གཏན་དུ་ཁ་བྲལ་བར་མ་བྱས་ནའང་ནད་གཞི་སྔར་ལས་ཅུང་དྲག་སྐྱེད་བྱུང་དུས་ཁོང་ནི་རྣ་བས་སྒྲ་མི་ཐོས་ཤིང་། མིག་གིས་གཟུགས་མི་མཐོང་བའི་བུ་མོ་ཆུང་ཆུང་ཞིག་ཏུ་གྱུར་ཟིན་པ་དེ་རེད། ཕྲུ་གུ་ཆུང་ཆུང་མང་པོ་ཞིག་གིས་ཐོག་མར་སྐད་ཆ་བཤད་སྟངས་སློབ་སྦྱོང་བྱེད་སྐབས་མི་གཞན་གྱི་སྐད་ཆ་བཤད་སྟངས་ལ་ཉན་ནས་ད་གཟོད་རང་གིས་གང་ཞིག་བཤད་དགོས་པ་རྟོགས་ཐུབ་ཀྱི་ཡོད་ནའང་། ཁོང་ལ་མཚོན་ན་རྣ་བས་སྒྲ་ཐོས་ཀྱི་མེད་པས་སློབ་ཚུལ་དེར་འཇུག་པའི་གོ་སྐབས་གཏན་ནས་མེད་པར་གྱུར།
དེ་མཚུངས་སུ་རྣ་བ་འོན་པའི་ཕྲུ་གུ་མང་པོ་ཞིག་གིས་ཐོག་མར་སྐད་ཡིག་སློབ་སྦྱོང་བྱེད་སྐབས་གཞན་གྱི་མཆུའི་འགུལ་སྐྱོད་དང་། ལྕེའི་གཡོ་སྟངས་ལ་བལྟ་བཞིན་སྐད་ཆའི་འགྲོས་སློབ་ཐུབ་ཀྱི་ཡོད་ནའང་། ཁོ་མོས་སྙིང་རྗེ་བའི་འདྲེན་བྱེད་གཉིས་ཀར་ཕྱི་རོལ་གྱི་འཇིག་རྟེན་མཐོང་བའི་ནུས་པ་གཏན་ནས་ཉམས་ཟིན་པ་རེད། ད་ལྟ་ཁོང་གིས་དྲན་བཞིན་པ་ནི་ཁོ་མོ་འཇིགས་སུ་རུང་བའི་ནད་གཞི་དེས་མ་བཟུང་བའི་སྔོན་དུ་སྦྱང་མྱོང་བའི་ཚིག་འགའ་ཞིག་རེད། དཔེ་མཚོན་ཆུང་ཆུང་འགའ་བཞག་ན། ཁོང་ལ་ཆུ་དགོས་སྐབས་”བཱ་བཱ་”ཞེས་འབོད་པ་དང་། ལས་དོན་གང་ཞིག་ལ་རང་ཉིད་མོས་མཐུན་ཡོད་པའམ་འགྲིག་པའི་བརྡར་མགོ་བོ་ནང་དུ་སྒུར་བ་དང་། མ་འདོད་པ་དང་མ་འགྲིག་པའི་བརྡར་མགོ་འཕྲེད་དུ་གཡུག་པ། ད་དུང་གང་ཞིག་ཏུ་འགྲོ་འདོད་ཚེ་མི་ཞིག་ལ་རྒྱབ་ནས་སྤུད་རྒྱག་བྱེད་པ་དང་། ཤོག་ཅེས་པའི་བརྡར་ཚུར་འཐེན་པ་སོགས་ནང་གི་སེམས་ཚོར་ཕལ་མོ་ཆེ་རྟགས་ངེས་ཅན་ཞིག་དང་འབྲེལ་ནས་གཞན་ལ་བརྡ་ལན་གཏོང་བཞིན་ཡོད་པ་རེད།
ཧེ་ལེན་ཁུ་ལར་ཆུང་བྱིས་པའི་དུས་སུ་ཧ་ཅང་སྦྱང་གྲུང་ལྡན་པའི་ཕྲུ་གུ་ཞིག་ཡིན་པས་བྱིས་པ་ཕལ་མོ་ཆེར་གང་ཞིག་དགོས་པ་དེ་དག་ཁོ་མོར་ཡང་དགོས་པ་ནི་སྨྲོས་ཅི་ལ་དགོས། འོན་ཀྱང་ལོང་པ་དང་། འོན་པར་གྱུར་བའི་ཉིན་དེ་ནས་ཁོ་མོའི་ཁམས་ཧྲིལ་པོར་ཕྲུག་གུ་བྱིངས་ལ་མེད་པའི་དཀའ་ངལ་གསར་པ་ཞིག་སླེབས་པ་རེད། དེ་ནི་རང་གིས་གང་ཞིག་བཤད་པ་དེ་ཚོ་གཞན་གྱིས་མ་རྟོགས་ཚེ་ཁོ་མོ་ཁོང་ཁྲོ་ལང་དང་། བྱིས་པ་གཞན་གྱིས་གང་ཞིག་བཤད་པ་དེ་དག་རང་གིས་མ་གོ་ཚེ་ཁོང་ཁྲོ་ལང་བ་དེ་རེད།
རྒྱུ་མཚན་དེ་འདྲ་ཞིག་གི་འོག་ནས་ཁོང་གི་ཕ་མ་གཉིས་ཀར་ཡང་ཕ་མ་གཞན་ལ་མེད་པའི་སེམས་ཁྲལ་འཕར་མ་ཞིག་རང་ཤུགས་ཀྱིས་བྱུང་བ་རེད། འོན་ཀྱང་ཧེ་ལེན་ཁུ་ལར་ལོ་བདུན་ཙམ་ལ་སོན་པའི་སྐབས་ཤིག ཁོ་མོའི་ཕ་མ་གཉིས་ལ་རང་གི་བུ་མོའི་ཆེད་དུ་དགེ་རྒན་ཞིག་རྙེད་པ་རེད། དགེ་རྒན་དེའི་མིང་ལ་ [anne Sullivan ]ཨེན་སུ་ལི་བེན་ཟེར་ཞིང་། དེ་ནི་ཧ་ཅང་ངོ་མཚར་ཅན་གྱི་དགེ་རྒན་ཞིག་ཡིན་པར་མ་ཟད། དེས་ཧེ་ལེན་ཁུ་ལར་གྱི་མི་ཚེར་རྦད་དེ་འགྱུར་བ་བཏང་བ་རེད། དགེ་རྒན་ཨེན་རང་ཉིད་ཐེངས་ཤིག་མིག་གིས་གཏན་ནས་མི་མཐོང་བའི་ནད་གཞི་ཞིག་གིས་བཟུང་བས་ཁོང་ལོང་བའི་སློབ་གྲྭར་བསྐྱོད་དགོས་བྱུང་།
དེ་གར་ཁོང་གིས་འོན་པ། ལོང་པ་སོགས་ཀྱིས་འབུར་གཟུགས་ཡི་གེ་བརྒྱུད་དེ་ [finger alphabet] སོར་མོའི་རེག་ཚོར་ལ་བརྟེན་ནས་ཇི་ལྟར་སྐད་ཡིག་སློབ་སྦྱོང་བྱེད་བཞིན་པའི་སྐོར་བག་ཆགས་ཟབ་མོ་བཞག་ཡོད་པས། ཐབས་ལམ་དེ་ལང་ཚོའི་མེ་ཏོག་གི་འདབ་མ་ཧྲིལ་པོ་སད་ཀྱིས་འཇོམས་ལ་ཉེ་བའི་བུ་མོ་ཆུང་ཆུང་ཧེ་ལུན་ཁུ་ལར་གྱི་འབྱུང་འགྱུར་མི་ཚེའི་ཆེད་བཀོལ་སྤྱོད་བྱས་པ་རེད། ཐོག་མར་དགེ་རྒན་ཨེན་གྱིས་ཧེ་ལེན་གྱི་ལག་པར་ཡི་གེ་བྲིས་རྗེས་ཁོ་མོས་ཐེངས་གཅིག་བཀླགས་པ་དེས་ཁོ་མོར་མིང་ཞིག་ཀློག་བཞིན་པའི་ཚོར་སྣང་སྐྱེ་ཐུབ་རེ་བྱས་པ་རེད། འོན་ཀྱང་མི་འགྱངས་བར་ཧེ་ལེན་སུན་སྣང་དང་མ་སྐྱིད་པའི་མགོ་ཚུགས་པས་གནས་སྐབས་རིང་དགེ་རྒན་ཨེན་རང་ཉིད་ཀྱང་སེམས་ཁྲལ་ཆེན་པོའི་ངང་ཅི་བྱ་གཏོལ་བྲལ་ངང་སྡོད་དགོས་བྱུང་། བསམ་གཞིགས་ཡུན་རིང་བྱས་རྗེས་ཉིན་ཞིག་རྒན་ཨེན་གྱིས་ཐབས་ཤེས་གསར་པ་ཞིག་རྙེད་པ་རེད། ཁོང་གིས་ཧེ་ལེན་གྱི་ལག་ཏུ་ཕོར་བ་ཞིག་འཛིན་བཅུགས་ཏེ་ཆུ་འབབ་ཀ་ལའི་ཟུར་ནས་ཆུ་བཟེད་བཅུགས་པ་རེད། མི་རིང་བར་ཕོར་བ་ཆུས་ཁེངས་ཏེ་བསིལ་འཇམ་གྱི་ཆུ་ཐིགས་རྣམས་ཧེ་ལེན་གྱི་ལག་མཐིལ་དང་། མཁྲིག་མ་བརྒྱུད་གང་སར་བཞུར་བ་རེད།
སྐབས་དེར་དགེ་རྒན་ཨེན་གྱིས་ [w-a-t-e-r] ཞེས་ཆུ་ཡི་མིང་གི་དག་ཆ་ཧེ་ལེན་གྱི་ལག་མཐིལ་དུ་ག་ལེར་བྲིས་པས། དེ་མ་ཐག་ཡི་གེ་དེ་གྲང་མོ་དང་། བརླན་གཤེར་གྱི་དངོས་པོའི་མིང་ཡིན་པ་ཤེས་རྟོགས་བྱུང་བ་རེད། དེས་ཁོ་མོ་ཧ་ཅང་དགའ་བོ་བྱུང་སྟེ་མཐའ་འཁོར་གྱི་དངོས་པོ་མི་འདྲ་བ་ཚོར་ཡང་ཡང་རེག་དགོས་བྱུང་བ་རེད། མ་ཟད་དེ་དག་གི་མིང་ལ་ཅི་ལྟར་འབོད་ཀྱི་ཡོད་ཅེས་དགེ་རྒན་ཨེན་ལ་འུ་ནན་གྱིས་དྲི་བ་འདོན་བཞིན་ཡོད། དུས་དེ་ནས་བཟུང་ཧེ་ལེན་གྱི་སློབ་སྦྱོང་གི་འཕེལ་ཚད་དབྱར་གྱི་རྒྱ་མཚོའི་རྦ་རླབས་ལྟར་སྔར་བས་ཀྱང་ཇེ་མགྱོགས་སུ་སོང་བ་རེད། དེའི་རྒྱུ་མཚན་གཅིག་ནི་ཧེ་ལེན་ཁོ་མོ་ཧ་ཅང་སྤྱང་གྲུང་དོད་པོ་ཡོད་པར་མ་ཟད། ཡང་ཡང་བརྩོན་པ་ལྷོད་མེད་བྱས་པའི་ཉེར་ལེན་གྱིས་མི་རིང་བར་ཁོ་མོས་སྙུགས་གུས་ཡི་གེ་འབྲི་ཐུབ་པ་དང་། ཀློག་ཀླད་འཐེབ་གཞུང་ཡང་ལེགས་པར་གནོན་ཤེས་པར་གྱུར་བ་མ་ཟད། ཀློག་པ་དང་། མི་རིང་བར་ལོང་པ་རྣམས་ཀྱིས་ཀློག་དེབ་ཡང་བེད་སྤྱོད་བྱེད་མགོ་བརྩམས་པ་རེད། སྐབས་དེར་དགེ་རྒན་ལ་མཚོན་ན་དཀའ་ངལ་ཞིག་ཡོད་པ་ནི། ཧེ་ལེན་གྱིས་ད་ལྟ་འབྲི་ཐུབ་ཀྱི་ཡོད་ནའང་། ཁོ་མོས་སྐད་ཅོར་ཕྲན་བུ་རེ་འདོན་པ་ཙམ་ལས་ད་དུང་སྐད་ཆ་ཚད་ལྡན་ཞིག་བཤད་ཐུབ་ཀྱི་མེད་པ་དེ་རེད། དེའི་རྐྱེན་པས་ཁོ་མོས་ཀྱང་རང་ཉིད་ལ་སྐད་ཆ་བཤད་སྟངས་བསླབ་དགོས་པའི་བརྡ་མང་དུ་བསྟན་བཞིན་ཡོད།
ཉིན་ཞིག་དགེ་རྒན་ཨེན་གྱིས་སྐད་ཆ་བཤད་སྟངས་སློབ་ཤེས་པའི་དགེ་རྒན་ཞིག་སྐད་བཏང་སྟེ་ཁོ་མོར་སྐད་ཆ་བཤད་ཚུལ་བསླབས་པ་རེད། ཐོག་མར་ཧེ་ལེན་གྱི་སོར་མོ་རང་གི་མཆུ་དང་། ལྕེ། ད་དུང་མགྲིན་པ་བཅས་ལ་སྦྱར་རྗེས། ད་གཟོད་སྐད་ཆ་བཤད་སྐབས་དེ་ཚོ་ཇི་ལྟར་འགུལ་སྐྱོད་བྱེད་བཞིན་པའི་དོན་སྤྱི་ཙམ་ཞིག་མིག་གིས་མི་མཐོང་ཞིང་། རྣ་བས་མི་ཐོས་པའི་བུ་མོ་ཆུང་ཆུང་དེའི་ཤེས་བྱ་དོན་གཉེར་གྱི་འདུན་པ་དྲག་ཏུ་འཕྱུར་བཞིན་པའི་དྭངས་གཙང་གི་དྲན་ངོགས་སུ་ག་ལེ་ག་ལེར་འཆར་བཅུགས་པ་རེད། དེ་ལྟར་དུས་ཡུན་རིང་པོར་གོམས་པས་ཧེ་ལེན་ཁུ་ལེར་སྐད་ཆ་བཤད་ཐུབ་པའི་ལམ་ཁར་རང་ཤུགས་ཀྱིས་མདུན་སྐྱོད་བྱེད་ཐུབ་པར་གྱུར། ད་དུང་དབྱིན་ཡིག་འབྲི་ཀློག་ཐད་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད་ཕྷ་རན་ཆི་དང་། ཇོར་མི་ནའི་སྐད་ཡིག་ཀྱང་སློབ་སྦྱོང་བྱས་པ་རེད། རིམ་གྱིས་ཁོ་མོ་མཐོ་སློབ་ཀྱི་ཡིག་རྒྱུགས་ཁྲོད་ཞུགས་པར་མ་ཟད་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་ཤིང་། སློབ་མཐར་ཕྱིན་རྗེས་རྩོམ་ཡིག་སྣ་མང་སྤེལ་ཏེ་མི་རྣམས་ཀྱི་སེམས་ཁམས་དབང་མེད་དུ་འགུགས་ནུས་པའི་རྩོམ་པ་པོ་གྲགས་ཅན་ཞིག་ཏུ་གྱུར་བ་རེད།
ཁོ་མོས་རང་དང་རང་འདྲ་བའི་དབང་པོ་སྐྱོན་ཅན་ཚོར་སྤྱི་ཚོགས་ཀྱི་གྲུ་ཟུར་ཞིག་ཏུ་སྤོབས་པ་ཞུམ་ནས་ཁེར་རྐྱང་དུ་མི་སྡོར་པར་རང་གི་མ་འོངས་པ་དེ། འོད་ཟེར་སྟོང་ལྡན་ཞིག་གམ་ཡང་ན། ཤེས་ཡོན་མེད་པའི་མུན་ནག་གི་འཇིག་རྟེན་གཉིས་ལས་གང་ཞིག་འདེམས་མིན་ནི་རང་ཉིད་ཀྱི་བརྩོན་པ་དང་སྙིང་སྟོབས་ལ་རག་ལས་པའི་མིག་དཔེ་གལ་ཆེན་ཞིག་ཀྱང་བསྐྲུན་པས། སྤྱི་ལོ་1964 ལོར་ཁོ་མོར་ཨ་རིའི་ནང་ཆེས་སྙན་གྲགས་ཅན་གྱི་མེ་ཌེལ་རང་དབང་གི་གཟེངས་རྟགས་ཐོབ་པ་རེད།
དབང་པོ་སྐྱོན་ཅན་ཚོའི་འཚོ་བའི་མཐུན་རྐྱེན་དང་། སློབ་སྦྱོང་ཡར་རྒྱས་ཀྱི་ཆེད་དུ་རླབས་ཆེན་གྱི་རོགས་ཚོགས་ཀྱང་མང་དུ་གསར་འཛུགས་གནང་། དེ་ལྟར་མི་ཚེ་ཧྲིལ་པོ་དཀའ་སྤྱད་དང་ཡིད་ཆེས་ཀྱིས་བསྐྱལ་བའི་ཧེ་ལེན་ཁེ་ལར་ལ་མཚོན་ན། འགྲོ་བ་མི་སྤྱི་ཡོངས་དང་མཐུན་པར་མཛེས་པའི་གཟུགས་དང་། སྙན་པའི་དབྱངས་ཀྱི་ཆ་ཤས་རེ་རེ་བཞིན་རོལ་མྱོང་བྱེད་པའི་གོ་སྐབས་ཆེས་ཐུང་ངུ་ཞིག་ལས་ཐོབ་མེད་ནའང་། ཡོད་ཚད་ལས་དབང་ལ་སྐྱབས་བཅོལ་ནས་སྡོད་པའི་སྲོལ་ངན་གྱི་འཆང་རྒྱ་ཟབ་མོ་ལས་ཐོལ་གྱིས་བརྒལ་ཏེ། དུད་འགྲོ་སོགས་སྲོག་ལྡན་གཞན་ལས་ཁྱད་འཕགས་ཀྱི་ཡོན་ཏན་དུ་བགྲང་ཆོག་པའི་འགྲོ་བ་མི་རྣམས་ལ་ཡོད་པའི་བསམ་གཞིགས་ཀྱི་རྒྱུ་བ་ཕྲ་མོ་དེར་ཤེས་བྱ་ཅི་རྙེད་ཅིག་ཚུར་ལེན་བྱ་ནུས་པའི་འགྱུར་མེད་ཀྱི་སྙིང་སྟོབས་དང་ལྡན་པས། ད་གཟོད་ཁོ་མོར་སྐྱེ་འགྲོ་སྤྱི་ལ་ཡོད་པའི་ཤ་ཡི་མིག་ལས་ཀྱང་ཕན་ནུས་ཆེ་བའི་བསམ་གཞིགས་ཀྱི་མིག་ཟུང་བཀྲག་མདངས་ལྡན་པ་ཞིག་ཐོབ་པ་རེད།
མཇུག་མཐར་སྤྱི་ལོ་ 1964 ལོའི་ཟླ་8. 6 པར་བྱམས་བརྩེ་དང་སྙིང་སྟོབས་ཀྱིས་སེམས་ཁམས་ཁེངས་ནས་ཡོད་པའི་ཧེ་ལེན་ཁེ་ལར་ང་ཚོ་དང་གཏན་དུ་གྱེས་པ་རེད། ཁང་སྨིན་གྲོལ་རྒྱ་མཚོས་རང་གི་དབྱིན་ཡིག་སློབ་ཚན་ཞིག་ལས་དོན་བསྒྱུར་བྱས་སོ།
བུ་མོ་འདིའི་ལོ་རྒྱུས་སྙིང་རྗེ་བ་ཞིག་རེད་ལ།མོ་རང་གི་སྙིང་སྟོབས་རིག་པ་ཡང་ཧ་ལས་པ་ཞིག་རེད།
དངོས་བྱུང་ལོ་རྒྱུས་སྙན་པོ་འདུག རྒྱ་གར་གྱི་གློག་བརྙན་Black ཞེས་པ། སྒྲུང་འདི་ལ་གཞི་བཞག་ནས་བཟོས་པ་འདྲ།
མཆན་བུ་འདེབས་མཁན་ཚོར་དགའ་བསུ་ཡོད། འདིའི་སྐོར་མང་ཙམ་མཁྱེན་འདོད་ཡོད་མཁན་ཚོས་འདིར་གཟིགས་རོགས། https://www.google.co.in/search?q=helen+keller&oq=h&aqs=chrome.3.69i60l3j69i59j69i60l2.2457j0j8&sourceid=chrome&espv=210&es_sm=93&ie=UTF-8
ང་ལ་ཉིན་གསུམ་གྱི་འོད་སྣང་ཡོད་ན། ཞེས་པའི་དཔེ་དེབ་ཅིག་བཀླགས་མྱོང་།