ཀརྨ་ཟླ་བ་སྒྲོན་མ།
སྐབས་བཅུ་གསུམ་པའི་ཧོང་ཀོང་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་པ་ལ་མཉམ་ཞུགས་གནང་བའི་དགེ་འདུན་པ་ནི་ཉིས་བརྒྱ་ལྷག་ཙམ་འདུག །ཁོང་རྣམ་པ་ནི་ཨ་རི་དང་། ཁན་ན་ཏ་དང་། མ་ལེ་ཤི་ཡ་དང་། ཐའི་ཝན་དང་། བལ་ཡུལ་དང་། འབྲུག་ཡུལ་དང་། སིང་ཀ་ཕོར་བཅས་ནས་ཕེབས་པ་རེད། ད་དུང་། གྲྭ་བཙུན་མང་པོ་ཞིག་ནི་སྨོན་ལམ་གྱི་ཚོགས་པ་ཚོགས་ཆེད་རྒྱ་ནག་ནས་ཕེབས་པ་རེད། གང་ཡིན་ཞེ་ན། དམ་པའི་ཆོས་ལ་ལོངས་སྤྱོད་པའི་སྐལ་པ་བཟང་པོ་ཞིག་ཡོད་པས་རེད།
དགེ་འདུན་གྱི་གྲལ་ལ་ཞུགས་སྐབས་ཀྱི་བཀོད་སྒྲིག་གསར་པ་ནི་དགེ་འདུན་རྫུན་མ་འགོག་ཐབས་ཤིག་ཡིན། ལོ་སྔོན་མར་དགེ་འདུན་རྫུན་མ་ཁ་ཤས་སྐུ་འགྱེད་ཐོབ་པའི་ཆེད་ཡོང་བ་རེད། དེ་འདྲ་ཡིན་དུས། ད་ལོ་བཀའ་བརྒྱུད་སྨོན་ལམ་ལས་ཁུངས་ཀྱིས་ཁྲིམས་དམིགས་བསལ་ཞིག་བཟོས་པ་རེད། དེ་ལ་གྲྭ་བཙུན་ཚང་མས་སོ་སོའི་ཆོས་ཚོགས་ལ་མཚན་ཐོ་འགོད་དགོས་པ་རེད། གལ་ཏེ་རང་ཉིད་ལ་ཁོངས་གཏོགས་ཀྱི་ཆོས་ཚོགས་མེད་ན། སོ་སོས་ལོ་རྒྱུས་འགེངས་ཤོག་ལ་འབྲི་དགོས་པ་རེད།
དགེ་འདུན་ལ་སྐུ་འགྱེད་ཕུལ་བའི་ཚེ་བཀོད་སྒྲིག་གསར་པ་ཞིག་ཡོད་པ་ནི། དགེ་འདུན་རེ་རེའི་མདུན་དུ་ཕུལ་མི་ཆོག་པ་དེ་རེད། གང་ཡིན་ཞེ་ན། སྔར་མི་མང་པོ་ཞིག་སྐུ་འགྱེད་འབུལ་ཆེད་དགེ་འདུན་པའི་བཞུགས་གནས་ལ་རྒྱུས་ཏེ། དགེ་འདུན་པའི་སེམས་གཡེང་བའི་བར་ཆད་བཟོས་པའི་རྐྱེན་གྱིས་རེད། སྒྲིག་གསར་དེ་ཡོད་མོད། ཡིན་ན་ཡང་དད་ལྡན་རྣམ་པས་ཡིད་ནོར་གྱི་བཞུགས་ཁྲི་དང་། དཀྱིལ་འཁོར་དང་། བླ་མ་རིན་པོ་ཆེ་གཙོ་བོ་དེ་ལ་འབུལ་ཆོག་པ་རེད། དེས་ན་དགེ་འདུན་ལ་ཕུལ་བའི་སྐུ་འགྱེད་ནི་སྨོན་ལམ་ལས་ཁུངས་ཀྱིས་བསྡུས་ནས་དགེ་འདུན་པ་རྣམས་ལ་ཕུལ་བ་རེད།
ཧོང་ཀོང་སྨོན་ལམ་ཚོགས་པའི་དུས་ལའང་སྒྲིག་གསར་ཞིག་ཡོད་པ་རེད། ཧོང་ཀོང་སྨོན་ལམ་གྱི་ཚོགས་པ་སྤྱི་ཟླ་ལྔ་པ་ལ་ཚོགས་རྒྱུ་ནི་གཏན་ལ་དབབ་པ་རེད། ཧོང་ཀོང་གི་སྤྱི་ཟླ་ལྔ་པ་ནི་གནམ་གཤིས་འཇམ་པོ་རེད། དེ་ཡང་། རྒྱ་ལུགས་ཀྱི་ནང་ཆོས་དང་སྟུན་ན་སོ་ནམ་ཟླ་བ་བཞི་པའི་ཚེས་པ་བརྒྱད་པ་རེད། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཏམས་པའི་དུས་ཆེན་རེད། བཀྲ་ཤིས་པའི་དུས་ཆེན་དེ་ནི་སྤྱི་ཟླ་ལྔ་པ་ལ་རེད། དེར་བརྟེན། ད་ལོ་ནས་བཟུང་ཧོང་ཀོང་བཀའ་བརྒྱུད་སྨོན་ལམ་ནི་སྤྱི་ཟླ་ལྔ་པ་ལ་ཚོགས་རྒྱུ་རེད།
རྒྱ་གར་རྡོ་རྗེ་གདན་ལ་ཚོགས་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ནི། བོད་ཚེས་བཅོ་ལྔ་ལ་ཡོངས་སུ་རྫོགས་ཀྱི་ཡོད་པ་རེད། དེ་མ་ཡིན་ཡང་། ཧོང་ཀོང་བཀའ་བརྒྱུད་སྨོན་ལམ་ལེགས་པར་གྲུབ་པའི་ཉིན་མོ་ནི་ཨ་མའི་དུས་ཆེན་དེ་ཡིན། དེའི་རྒྱུ་མཚན་ནི་གཙོ་བོར་ཕ་མ་ལ་བསྙེན་བཀུར་བྱ་བའི་སྙིང་དོན་སྤེལ་བའི་ཐབས་ཡིན་པའི་ཕྱིར། སྨོན་ལམ་ལས་ཁུངས་ཀྱིས་བུའམ་བུ་མོ་ཡིན་པའི་ནང་པ་ཚོས་རང་ཉིད་ཀྱི་ཨ་མའམ་མ་རྒན་ལྟ་བུའི་སེམས་ཅན་མང་པོ་ཞིག་དང་ལྷན་ཅིག་ཏུ་སྨོན་ལམ་གྱི་ཚོགས་པ་ཕེབས་ཐུབ་པའི་རེ་བ་བྱ་བཞིན་ཡོད།
ཨ་མ་དང་ལྷན་དུ་གནས་བརྟན་ཆེན་པོ་བཅུ་དྲུག་ལ་འབུལ་བར་བགྱིས་ན། ཨ་མའམ་མཛའ་བཤེས་རོགས་པས་གནས་བརྟན་ཆེན་པོ་བཅུ་དྲུག་འཛུམ་ཞལ་མཇལ་ཐུབ་པ་དང་། མཆོད་པ་འབུལ་བའི་བྱ་བ་བརྒྱུད་ནས་བསོད་ནམས་ཀྱི་ཚོགས་གསོག་ཐུབ་པ་རེད། གཤིན་གསོན་ལ་སྐྱབས་བསྔོ་བྱ་བ་ནི་གཤིན་གསོན་གཉིས་ལ་ཕན། ཚོགས་པ་ལེགས་པར་གྲུབ་ཐུབ་པའི་ཚེ། ཚོགས་པ་ལ་མཉམ་ཞུགས་བྱ་མཁན་ཚང་མས་མཇལ་དར་གཡབ་གཡུབ་བསྐྱོན་པ་དང་། བཀྲ་ཤིས་པའི་སྨོན་ལམ་བཏབ་པ་ནི་དགའ་བ་སོ་སོའི་རྒྱུད་ལ་སྐྱེ་ཐུབ་ཀྱི་ཡོད་པ་རེད།
སྨོན་ལམ་ཚོགས་པའི་ཉིན་ཐ་མའི་མཚན་མོ་ལ་ཡང་། མར་མེ་སྨོན་ལམ་ཡོད་པ་མ་ཟད། གཞས་གཏོང་མཁན་བུ་ཆུང་མང་པོ་འཛོམས་ནས་གླུ་《སངས་རྒྱས་དཀོན་ཅོག་གི་དབྱངས།》བླངས་པ་ཡོད་པ་དང་། དྭང་བླངས་ལས་བྱེད་པས་བླངས་པའི་《སྨོན་ལམ་གྱི་གླུ།》ཡོད་པ་རེད། སྒྱུ་རྩལ་གྱི་ཁམས་ནས་བསླེབས་པའི་ཆོས་གྲོགས་ཀྱང་འཛོམས་ནས་《ཤེས་རབ་སྙིང་པོའི་མདོ།》དབྱངས་དང་བཅས་པར་བཏང་གནང་པ་རེད། དེར་མ་ཟད། གླུ་ལེན་མཁན་གྱིས་ཚོགས་མི་ནང་ནས་བཙུན་པ་དང་ཆོས་གྲོགས་ཁ་ཤས་འབོད་ཞུས་ནས་གཞས་《གྲོགས་པོ།》མཉམ་དུ་བཏང་གནང་པ་རེད། ཉོབ་ཏོ་རྩ་བ་ནས་ཡོད་པ་མ་རེད།
སྒོ་ཀུན་ནས་བྱས་ན། ཧོང་ཀོང་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་པ་ལ་མཉམ་ཞུགས་གནང་མཁན་གྱིས། ཞལ་འདོན་གནང་བ་དང་། སྔགས་བགྲང་བ་དང་།བཀའ་འགྱུར་ལྗགས་ཀློག་གནང་པ་དང་། གསོལ་འདེབས་གནང་བ་སོགས་ནི། ཚོགས་གཉིས་ཀྱི་ཡོན་ཏན་ནུས་སྟོབས་གསོག་པའི་ལམ་པོ་ཆེ་ཡིན་པ་ལ།མ་འོངས་པར་སངས་རྒྱས་ཀྱི་གོ་འཕང་གི་འབྲས་བུའི་རྒྱུ་བྱས་པ་ཡིན་ནོ། །
དེ་ཡང་། ཧོང་ཀོང་གི་ཚོགས་པ་ལ་མཆོད་མེ་གཅིག་སྦར་ན། རྒྱ་གར་འཕགས་པའི་ཡུལ་གྱི་གནས་མཆོག་རྡོ་རྗེ་གདན་ལ་ཡང་སྒྲོན་མེ་གཅིག་སྦར་ནས་ཕུལ་བ་རེད། དེ་འདྲ་ཕུལ་བ་ན།དེའི་ཕན་ཡོན་ནི་རྒྱ་ཆེ་བ་དང་། བཀྲ་ཤིས་དེ་བས་ཀྱང་བཀྲ་ཤིས་པའོ།།
ད་ལོ་སྨོན་ལམ་ལས་ཁུངས་ཀྱིས་འཐུང་ཆུའི་འཕྲུལ་ཆས་བཞག་པའི་རྒྱུ་མཚན་ནི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ལག་ལེན་ཞིག་ཡིན་པའི་ཕྱིར། དེ་འདྲ་བྱས་དུས།གད་སྙིགས་གཡུག་ས་ལ་འཕངས་པའི་འགྱིག་དམ་གྱི་གྲངས་ཚད་ཉུང་དུ་བཏང་ཐུབ་པའོ། །
ད་ལོ་ཚོགས་པ་ཚོགས་པའི་རིང་ལ་ཞལ་ལག་གི་བཀོད་སྒྲིག་ནི་མི་འདྲ་བ་ཞིག་ཡིན། ཞོགས་པ་ལ། སྐྱ་སེར་མི་མང་ལ་སྨོན་ལམ་བག་ལེབ་རིན་མེད་དུ་བཏང་བ་རེད། ཉིན་གུང་ཞལ་ལག་ནི། ཕལ་ཆེར་གྲྭ་བཙུན་༡༥༠་དཀར་ཟས་ཟ་ཁང་དུ་བཞེས་པ་དང་། གྲྭ་བཙུན་༡༢༠་ཙམ་གདམ་ཟས་ལ་མཆོད་པ་དང་། ལས་བྱེད་པ་ལ་ཡང་ཟས་ཀྱི་མཐུན་རྐྱེན་སྦྱོར་བར་བྱས་པའོ། །
(ཁོ་མོས། རྒྱ་ཡིག་ཏུ་བྲིས་ཏེ། བོད་སྒྱུར་བྱས་པ་ཡིན།)
ཀརྨ་ཟླ་བ་སྒྲོན་མ། ལེགས། ལེགས་པར་བྲིས་སོ། ་སྒྲོན་མེ་ཞེས་ཨ་ཨིག་ཨེ་ཡིག་དང་། ཨ་ཡིག་ཨེ་ཡིག་ཏུ་ཆགས་པ་ཕལ་སྐད་དུ་མང་ངོ་།
སྨོན་ལམ་རྒྱལ་པོ་འདི་དག་མཆོག་གཙོ།།
མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་།།
ཀུན་ཏུ་བཟང་པོ་སྨོན་ལམ་རབ་རྒྱན་ཏེ།།
ངན་སོང་གནས་རྣམ་མ་ལུས་སྟོངས་པར་ཤོག།